སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བདུན་ཅུ་པ། མཚན་བར་རྡོལ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་བདུན་ཅུ་པ། མཚན་བར་རྡོལ་བ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མཚན་བར་རྡོལ་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་ནི་སྟན་སྲབ་ཙོག་པུར་འདུག་པ་དང༌། །རྟ་སོགས་བཞོན་སྟན་རྒྱུན་དུ་རླན་སྟེང་ཡུན་རིང་འདུག་པ་ལས་འབྱུང༌། །ཡན་ལག་བརྒྱད་པར། མི་དགེ་སྨིན་པར་གྱུར་བ་དང་།  །འཕྲལ་དུ་དམ་པ་ལ་དམད་པས། །ཕལ་ཆེར་འབྲུམ་ཕྲན་དང་པོར་དབྱུང་། །ཞེས་གསུངས་སོ།།

སྤྱི་དོན་གཉིས་པ་དབྱེ་བ་རྐྱང་པ་ལྡན་འདུས་གསུམ་དུ་བཤད། །སྤྱི་དོན་གསུམ་པ་དེ་རྟགས་སྤྱི་དང་བྱེ་བྲག་གཉིས་ལས་སྤྱིར་མཚན་དབྲག་འབྲུམ་ཐོར་ཆུ་སེར་འཛག །སྨིན་ནས་རྣག་ཁྲག་སྲིན་འཛག་འཚོར་མི་འདོད། །ཞི་ཡང་སླར་ལྡང་བཤང་གཅི་ཁུ་ཁྲག་འཛག །བྱེ་བྲག་རྐྱང་པ་རླུང་གྱུར་ཁ་མང་ལྦུ་ཅན་སླ་བ་འཛག །མཁྲིས་པ་དམར་ཚ་བད་ཀན་ལས་གྱུར་གཡའ། །ལྡན་པ་རླུང་མཁྲིས་དམར་མཆེད་བད་རླུང་སྨིན་དཀའ་ནག།བད་མཁྲིས་ཚ་སྐྲངས་འདུས་པ་ནད་ཚབས་ཆེ། །ཡན་ལག་བརྒྱད་པར། འདུས་གྱུར་རྐང་པའི་མཐེ་མོ་འདྲ། །ནད་ནི་སྣ་ཚོགས་འབྱུང་འགྱུར་ཞིང་། །གཟེར་དང་སྐོམ་དང་ཡི་ག་འཆུས། །རིམས་དང་རློན་སོགས་ཀྱིས་གནོད་བྱེད། །ཡལ་བར་བོར་བས་སྨིན་པ་དང་། །རྨ་ཉིད་དུ་ནི་འཁུ་བ་ཡིན། །ཞེས་དང་། འདུས་གྱུར་རྨ་སྐྱེས་སྤང་བར་བྱ།  །ཞེས་གསུངས་པས།

 སྤྱི་དོན་བཞི་པ་གསོ་ཐབས་གསར་རྙིང་གཉིས་ལས་དང་པོ་གསར་དུས་གཏར་ཞིང་ཡན་ལག་བརྒྱད་པར། སྦྱང་བ་གཏར་བ་ཆུ་བླུགས་སོགས། །ཅི་ནས་སྨིན་པར་མི་འགྱུར་ན། །དེ་ནི་འབད་དེ་གསོ་བར་བྱ། །ཞེས་སོ། ཐོར་པ་བརྟོལ་ཏེ་། །རྟ་སྦངས་དུགས་བྱ་ནི་རུ་ཧ་ཡིས་དྲང༌། །གཉིས་པ་རྙིངས་ནས་ལྟོས་སྦྱངས་ཆུ་ཚན་ནང་དུ་སྤྱིང༌། །འབྲས་ཨ་བར་སྐྱུར་གསུམ་བྱི་ལའི་རུས་པ་རྨ་ལ་བྱུག །བྱི་ཏང་ག་དང་ར་གསུམ་པི་པི་ལིང༌། །ཡན་ལག་བརྒྱད་པར། བྱི་ཏང་ཀ་སྙིང་འབྲས་བུ་གསུམ། །པི་ལིང་རྩ་བའམ་ཡང་ན་རྩེ། །ཙི་ཏྲ་ཀ་དང་སྦྲང་རྩི་མར་སྦྱར་བཟའ། །སླེ་ཏྲེས་སུག་སྨེལ་བྱི་ཏང་དུག་མོ་ཉུང༌། །བ་རུ་ཨ་རུ་སྐྱུ་རུ་སྤོས་དཀར་རྣམས། །རིམ་པས་བསྐྱེད་ལ་སྦྲང་སྦྱར་བཟའ་བར་བྱ། །དུག་ཉུང་པི་པི་ལིང་དང་ཙི་ཏྲ་ཀ །བྱི་ཏང་ག་རྣམས་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཕྱེད། །ཀུན་དང་སྤོས་དཀར་མཉམ་སྟེ་སྦྲང་སྦྱར་བཟའ། །གུ་གུལ་ཞོ་ལྔ་པི་པི་ལིང་ཞོ་རེ་དང་འབྲས་བུ་ཨ་བར་སྐྱུར་གསུམ། །ཤིང་ཚ་ཞོ་གཉིས་གཉིས་སུག་སྨེལ་སྦྲང་རྩི་སྦྱར་བ་བཏང༌། །སྨན་གྱིས་ཞི་དཀའ་གཞང་འབྲུམ་ལྟར་བཅད་དེ་བསྲེག་པར་བྱ། །ཡན་ལག་བརྒྱད་པར། སྨིན་ནས་རླུང་ལ་སྣུམ་འཆོས་དང་། །དུགས་བྱས་ནས་དང་ལུས་བཅིངས་ན། །གཞང་འབྲུམ་ལྟ་བུར་བསྡམ་པ་བསུ། །གཏིང་རིང་ལེགས་པར་བལྟས་བྱ་ཞིང་། །རྩ་བའམ་ནི་རྩེ་མོ་འོ། །ཕྱི་བལྟས་ནང་དུ་བལྟས་ལ་བརྟག །དེ་ལས་ནང་གནས་བཙལ་ནས་ནི། །བཙགས་བུས་ལེགས་པར་བཅད་པར་བྱ། །ཕྱི་བལྟས་མ་ལུས་པར་བཅད་ལ། །ཐལ་སྨན་དག་གིས་གསོ་བར་བྱ། །དེ་ནས་ཐལ་སྨན་བཏབ་པའམ། །ཡང་ན་སྨན་པས་མེ་བཙའ་གདབ། །རྐོ་བཙན་ཁབ་བརྒྱབ་སྦུབས་གཅིག་པ། །ལེགས་པར་བཙུག་ནས་བཅད་པར་བྱ། །དེ་གྲུབ་ནས་ནི་ལྷག་མ་བཅད། །གཞན་དུ་གཞང་ནི་ཞིག་ནས་འཆི། །ཞེས་དང་། ངོས་ལ་གཅོད་པ་གཤོལ་བྱེད་པ། ངོས་གཉིས་ནས་ནི་གཤོལ་གྱིས་བཅད། །འཛག་པའི་ལམ་ནི་མ་ལུས་པར། །ཐམས་ཅད་མེ་ཡིས་བསྲེག་པ་བྱ།  །ཞེས་གསུངས་སོ། །ཟས་དང་སྤྱོད་ལམ་འདུ་བའི་རིགས་དང་རྐྱང་པ་ལྡན་འདུས་གང་ཡིན་བསྟུན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཚན་བར་རྡོལ་བ་གསོ་བའི་ལེའུ་སྟེ་བདུན་ཅུ་པའོ།  །དེ་ལྟར་ལེའུ་བདུན་ནི་ལྷན་སྐྱེས་ཀྱི་རྨ་གསོ་བའི་སྐབས་ཏེ་བརྒྱད་པའོ། །དེ་ལྟར་ལེའུ་བདུན་ཅུ་ནི་ཡན་ལག་བརྒྱད་པ་ལས་ལུས་སྤྱི་གསོ་བ་སྟེ་ཡན་ལག་དང་པོའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།