སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅོ་བརྒྱད་པ། ནི་རུ་ཧ་ཡི་ལས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>




ལེའུ་བཅོ་བརྒྱད་པ། ནི་རུ་ཧ་ཡི་ལས་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ལས་ལྔ་སྨད་སུན་གྱི་སྦྱོར་བ་གསུངས་པ་དེ།། བདག་ཆགས་(ཅག་)ལ་སོགས་འཁོར་རྣམས་ཀུན་ལ་བསྟན་དུ་གསོལ།། དེ་སྐད་ཅེས་གསོལ་བས་བཀའ་སྩལ་(བསྕལ་)པ། དཔྱད་བུ་ལ་སོགས་གསོའ་(གསོ་)བ་རིག་པ་འཛིན་པ་ཀུན།། ལས་ལྔའི་མཐའ་མ་སྨད་སུན་སྦྱོར་བ་བསྟན།། འདི་ལ་སྤང་བླང་ཕན་ཡོན་སྦྱོར་བ་དང་།། ཅི་ལྟར་བདང་(བཏང་)ཚུལ་དང་ནི་གསུམ་ཡིན་ཏེ།། དང་པོ་གསར་ཚད་མེ་དྲོད་ཉམས་དང་ས་བོན་འཛག། གཞང་འབྲུམ་རྒྱུ་རྒེན་(རྒན་)འཁྲུ་བ་འབྱམས་པ་སྤང་།། གཉིས་པ་ཕན་ཡོན་འདི་ལ་རྣམ་པ་གཉིས་ཡིན་ཏེ།། སྤྱི་དང་སྒོས་ཀྱི་རྣོ་འཇམ་ཁྱད་པར་རོ།། དང་པོ་སྤྱི་ནི་གང་འགྲོ་བརྟག་བྱས་ནས།། ཚད་གསར་མེ་ཉམས་གླང་ཐབས་རྨ་ཚད་དང་།། དྲི་ཆུ་བསྡམ་དང་གྲང་བ་ཁོང་ལོག་དང་།། ལྟོ་བ་སྦོས་དང་སྲིན་ནད་སྐྲན་གསར་དང་།། རིམ་(རིམས་)རྙིང་ལ་སོགས་ཀུན་ལ་ཕན་པ་ཡིན།། གཉིས་པ་ཁྱེད་(ཁྱད་)པར་ནད་སྟོབས་ཆེ་ལ་རྣོ་ཡི་སྦྱོར་བ་གཅེས།། ཆུ་ཁ་སྙི་དང་ཚི་(ཚད་)འཁྲུ་རིམས་རྒོད་དང་།། དྲེག་འོར་ཁུ་བ་འཛག་པ་འཇམ་པོས་སེལ།། གསུམ་པ་སྦྱོར་བ་འདི་ལ་གསུམ་ཡིན་ཏེ།། རྣོ་སྦྱོར་འཇམ་སྦྱོར་སྙོམས་པར་སྦྱོར་དང་གསུམ།། དང་པོ་བྱ་བས་ནད་འདོན་ཕབས་ཀྱིས་ནད་རོ་སློང་།། གཉིས་པ་བུལ་ཐོག་(ཏོག་)རྩ་བ་བཤིག་སུག་པས་འདག། གསུམ་པ་དུར་བྱིད་ནད་རྣམས་འཁྲུ་བར་བྱེད།། དུད་པས་སྲིན་གནོན་སྦྱོར་བ་དེ་གསུམ་ལ།། བ་ཡི་ཆུ་དང་སིང་པོ་རྙིང་དང་སྦྱར།། མཚོན་ཕོག་མཁྲིས་པ་གླང་ཐབས་དབྱི་མོང་དཀར།། སྨད་ཚད་ནད་ལ་ལྕིམ་(ལྕུམ་)རྩ་སྡེབ་པ་སྟེ།། ཕོ་ལོང་སྦོས་ནད་མེ་ཏོག་ཨུག་ཆོས་སྡེབས།། སྲིན་ལ་སྒོག་པ་གྲང་བ་པི་པི་ལིང་།། ཀུན་ལ་ཁ་སྒྱུར་རྣོན་པོ་རེ་ལྕག་མནན།། འཇམ་སྡེབས་(བསྡེབས་)ཨ་རུ་ར་དང་སེང་ཕྲོམ་བཙོད།། ཁྱི་ལྕེ་དུར་བྱིད་ལྕིམ་(ལྕུམ་)རྩ་བ་ཡི་གཅིན།། བཞི་པ་བཏང་ཚུལ་མང་ཉུང་བྲེ་ཕྱེད་དམ།། ཕུལ་བཞི་ཕུལ་དོ་ནད་ཀྱི་ཁམས་དང་བསྟུན།། འོ་དྲོད་ཙམ་བསྲོ་མར་ཁུ་ཕུལ་ཕྱེར་(ཕྱེད་)བླུག། གྲོད་པར་བླུག་(བླུགས་)ནས་སྦུ་གུ་ཚད་ལྡན་བཅུག། གྲོད་སྤུ་(པུ་)སོང་ན་སྤོས་པ་བཤིག་ད་(པ་)གཅེས།། མགོ་འཇུག་(མཇུག་)བསྒྱུར་ལ་སྦུ་གུ་མར་གྱིས་བྱུག། གསིང་བར་ཆུའི་ཆག་ཆག་བཏང་བར་བྱ།། སྦུ་གུ་ཐ་པ་ནད་པས་འཁྱུད་(མཁྱིད་)གང་བཅུག། ཅུང་ཟད་འགྲོ་ཚོད་བརྟག་ལ་བཙིར་ནས་བསྐྱལ།། འགྲོར་མ་འདོད་ན་གཡས་གཡོན་སྤྲུལ་ལག་བསྒྱུར།། ལྷག་མ་བཙིར་གྲགས་(དྲགས་)མི་བྱེད་རླུང་ཡོད་དོ།། གཞོག་གཡོན་འོག་བཅུག་ལེན་(ལན་)གཉིས་ལན་གསུམ་བཟློག། མ་བཟློག་མི་ཐེབ་(ཐེབས་)དྲགས་ན་ལ་བསྒལ་(བརྒལ་)དགོས།། ཡུན་རིང་སོང་ན་མི་ཐུབ་སྣོད་དུ་བཏང་།། མི་གཙང་སྐྱོ་འདུར་ཆོལ་ལེ་བྱུང་ན་ཐེབས།། སྨན་ཆུ་ལོག་ན་མ་ཐེབ་(ཐེབས་)སྐྱར་ལ་བཏང་།། སྨན་རོ་བདའ་ཕྱིར་རྒྱམ་ཚའི་ཆུ་བསྐོལ་བཏང་།། ཞག་གཅིག་ལྟོ་བསྐྱུང་(སྐྱུང་)སྨད་ནད་འདྲེན་པའི་ཐབས།། འཐོར་བུའི་ནད་རྣམས་སེལ་བར་བྱེད་པའི་ཕྱིར།། སྨད་སུན་འཇམ་རྩི་རྣོ་སྦྱང་གོང་འོག་བསྟན།།

སྡུག་སྔལ་(བསྔལ་)ཞི་བྱེད་གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་སྨད་སུན་ནི་རུ་ཧ་ཡི་སྦྱོར་བ་སྟེ་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།