སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་བཞི་པ། ལས་ལྔ་བཤལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅུ་བཞི་པ།    ལས་ལྔ་བཤལ་བསྟན་པ།

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ལས་ལྔའི་མཆོག་གྱུར་བཤལ་ལ་རུང་དང་མི་རུང་རན་དང་མི་རན་ཐུབ་དང་མི་ཐུབ་བརྟག་པ་དང༌། །བཏང་ཐབས་དང་སྐྱོན་དང་ཡོན་ཏན་དང་རྣམ་པ་བཞི་ཡིས་བསྟན།

དང་པོ་རུང་བ་དང་དང་མི་རུང་བ་དང་ནད་གཞི་ལ་བརྟགཔ་དང་། །རན་པ་དང་མི་རན་པའི་དུས་ཚོད་བརྟག་པ་དང༌། །ཐུབ་དང་མི་ཐུབ་པ་ལུས་ཤེད་བརྟག་པར་བྱ།

རུང་བ་རིམས་རྙིང་པ་དང་འཁྲུགས་དང་ཚ་བ་སྨིན་པ་དང་རྒྱས་པ་དང༌། །དུག་བསྡུ་བསད་བྱས་ཟིན་པ་དང་སྣོད་དྲུག་གང་རུང་གི་ཚད་པ་དང་མ་ཞུ་པ་དང་སྐྲན་ནད་དང༌། །སྐྱ་རྦབ་དང་དམུ་ཆུ་དང་བད་ཀན་སྨུག་པོ་དང་ཆུ་སེར་དང་མཛེནད་དང་ །དྲེག་དང་གྲུམ་བུ་དང་སྲིན་ནད་དང་མིག་རབ་རིབ་དང་རྨ་རྙིང་པ་སོགས། །ཕྱི་དང་ནང་གི་ཕལ་ཆེའི་ནད་ལ་བསྔགས་པ་སྟེ། །ཁྱད་པར་མཁྲིས་པའི་ནད་རིགས་ཐམས་ཅད་ལ་མཆོག་ཏུ་ཕན་པར་བཤད།

མི་རུང་བ་དགུན་དུས་དང་ལུས་ཟུངས་ཟད་པ་དང་རྒས་པ་དང༌། །གདོན་ཅན་དང་བུད་མེད་སྦྲུམ་མ་དང་རླུང་ནད་ཅན་དང་མེ་དྲོད་ཉམསཔ་དང་ །གཞང་འབྲུམ་ནད་ཐུར་སེལ་ལོག་པ་དང་སྐྱུག་ལང་ཅནདང་ མདེའུ་སོགས་ཟུག་རྔུ་ཁོང་དུ་ལས་པ་རྣམས་ལ་བཏང་མི་བྱའོ།

རན་དང་མི་རན་དུས་ཚོད་བརྟག་པ་ནི། །ནད་གང་ཡང་སྨིན་པ་དང་ཕོ་བར་འདུས་པ་དང་འདྲེལ་བ་བཤིག་པ་དང་ནད་དེ་སློང་པ་དང་རྒྱས་པའི་དུས་སུ་སྦྱང༌དགོས་ཀྱི།

དེ་ལྟར་མ་ཡིན་པར་སྦྱོངས་སྔས་ན་ནད་མི་འདྲོངས། དུས་སུ་མ་སྦྱངས་པར་འཕྱིས་ན་སླར་ནད་བརྟས་རྒྱས་པར་འགྱུར རྒྱུ་མཚན་དེའི་ཕྱིར་ན་སྦྱང་བའི་དུས་ཚོད་ཤེས་པ་གཅེསསོ།

 

ཐུབ་དང་མི་ཐུབ་ལུས་ཤེད་བརྟག་པ་ནི། ལུས་ཟུངས་ཟད་དེ་ཤེད་སྟོབས་མེད་པ་ཁ་ཟས་ཀྱིས་བོར་བ་དང༌། །རྩ་ཡི་ཤེད་ཤོར་བ་རྩ་རྒྱུད་སྤུན་པ་དང་སྡོད་ཡོད་པ་སྦྱོངས་མི་ཐུབ། །ཅི་ཕྱིར་ཞེ་ན་མི་དེའི་ནད་ལ་སྲོག་གནས་པསསྦྱོང་མི་བྱའོ །སྦྱོངས་ཞན་ན་ནི་ནད་སློང་ཞིང་སླར་ཡང་དང་ག་འགགལ། །སྦྱང་བ་དྲགས་ན་ནི་ནད་དང་སྲོག་གཉིས་ཀ་ལྷན་ཅིག་འཇོམསཔར་འགྱུར །དེའི་ཕྱིར་ན་དེ་ལ་བཀྲུ་སྨན་མི་བཏང་ལ་གལ་ཏེ་བཏང་ན་དུག་བཏང་བ་དང་མཚུངས། །དེ་བས་དེ་འདྲ་ལ་ནི་འཇམ་རྩི་དང་ནི་རུ་ཧ་སྤེལ་ནས་བཏང་བ་བསྔགསསོ།

ད་ནི་སྦྱོངས་བཏང་ཐབས་ལ་སྔོན་འགྲོ་དང་དངོས་གཞི་དང་ཕྱི་རྗེས་དང་གསུམཡོད་ལ དང་པོ་སྔོན་དུ་འགྲོ་བ་ལ་ཡང་རིང་བ་དང་ཉེ་བ་དང་གཉིསལས དང་པོ་རིང་བའི་སྔོན་འགྲོ་ནི་གློ་བུར་གྱི་ནད་མིན་ལབྱ་སྟེ །ཐང་དང་ཕྱེ་མས་ནད་བྱེར་བ་བསྡུ་ཞིང་འདྲིལ་བ་བཤིགཔ་དང་། །ཞེན་པ་འགོགས་པ་དང་གབ་པ་སློང་བ་དང༌། །མ་སྨིན་པ་སྨིན་པར་བྱས་ལ་གཟོད་སྦྱོངས་བཏང་བ་བསྔགསཔ་ཡིན་ནོ།

 ཉེ་བའི་སྔོན་འགྲོ་ནི་གཟའ་དང་སྐར་མ་དང་ཚེས་གྲངས་བཟང་པ་ལ། །མཁན་པ་དང་ཆང་ཞིམ་གྱི་སྦང་མ་ཆུ་འཇམ་པར་བསྲོས་པ་ཁུ་བ་ཡིས། །ལུས་ཀུན་དག་པར་བཀྲུས་རྗེས་ཚ་བ་ལ་མར་གསར་དང༌། གྲང་བ་ལ་འབྲུ་མར་ཏེ་ཚ་གྲང་ནད་དང་སྦྱར་ལ་གང་འོས་བྱས་ཏེ། །ལྟོ་བ་མ་གཏོགས་པར་བསྐུ་བྱུག་དང་ཕུར་མཉེ་འཐེམ་པར་བྱ། དེ་ཡང་རླུང་ཤས་ཆེ་བ་དང་ལྟོ་བ་སྲ་བ་ལ། །ཞུན་མར་ཁོང་དུ་ལྟོར་བཏང་ཨ་རུ་མཆུ་རིང་ཁ་ནང་དུ་མུར། །འཇམ་རྩི་མས་ནས་བཏང་བས་རླུང་གཞིལ་བ་དང་བད་མཁྲིས་བསླང༌བ་ཡིན་ནོ། །མདོར་ན་བཤལ་མི་ལེགས་པར་བྱེད་པའི་དགྲ་ནི་རླུང་ཁོ་ན་ཡིན་པས་དེ་འདུལ་བའི་ཐབས་བྱེད་དགོས་པ་གཅེསསོ།

ཤིན་ཏུ་ཉེ་བའི་སྔོན་འགྲོ་ནི་སྦྱོངས་གཏོང་བའི་གོང་ཞག་གཅིག་ནས། །གྲོ་དང་སྲན་མ་སྔོ་ངད་དང་ཉ་ཤ་དང་ཕག་ཤ་སོགས་རུལ་བ་དང་ཆང་སྐྱུར་དང༌། །འོ་མ་མ་བསྐོལ་པ་ལ་སོགས་པ་ནད་དེ་ལ་གང་གནོད་པའི་ཟས་ཀྱིས་ནད་དེ་བསླང༌། སྦྱོངས་གཏོང་བའི་ནུབ་མོ་ཟྭ་པོའམ་ཚོད་མ་ཕྱེད་དང་ཤ་རུས་ཚྭ་དམར་སོགས་སྡོར་ཐལ་གང་ཡང་མེད་པ་ཡོད་ཚད་དུ་བཏུང༌། །དེ་ཡིས་ནད་སློང་ལྟོ་སྙི་རླུང་ཁ་གནོནཔར་བྱེད་དོ།

དངོས་གཞི་སྨན་གྱི་སྦྱོར་སྡེ་དང་བཏང་ཚུལ་དང༌། །ལྕག་དང་འདོན་ཚད་དང་ལོག་གནོན་དང་རྣམ་པ་ལྔཡིན་ཏེ དང་པོ་སྦྱོར་སྡེ་ཀུན་ཏུ་རྒྱུག་པའི་སྤྱི་བཤལ་དང༌། །ཐོར་བུ་ནད་ཀྱི་སྒོས་བཤལ་རྣམ་པ་གཉིསཡོད་པ་ལས།

དང་པོ་ལའང་སྣ་སེལ་དང་དེད་དཔོན་དང་ཁ་འཛིན་དང་རྣམ་པ་གསུམལས དང་པོ་སྣ་སེལ་ཨ་རུ་མཆུ་རིང་དང་ལྕུམགྱི་རྩ་བ་དང༌། མཁའ་འགྲོའི་ལ་ཕུག་ཆུ་མ་རྩི་ཡིི་རྩ་བ་དང་རྒྱམ་ཚྭ་དང་པི་པི་ལིང་རྣམས་ཀྱང་ བསྡུས་ཐང་དྲོ་འཇམ་ཙམ་ནམ་དགུང་བཏང་བྱས་པས། །འཁྲུ་ནུས་ན་ལྟོ་བ་སྙི་རྒྱུ་མ་འཁྲོག་ན་ལྟོ་བ་འབྲིང་ཅི་ཡང་མེད་ན་ལྟོ་བ་སྲ་བ་དང་གསུམཡོད་ལ གསུམ་པོ་དེ་ལས་ལྟོ་བ་སྲ་སྙི་དཔགས་བྱས་ཏེ། །དེད་དཔོན་ཐུན་ཚད་ཆེ་ཆུང་ཤེས་པར་བྱདགོས་སོ །ཅིའི་ཕྱིར་ཞེ་ན་ལྟོ་བ་སྲ་བ་ལ་ཐུན་ཆུང་པས། །ནད་སློང་ཞིང་སྦྱོངས་ཕྱིར་མི་ཐོན་ཏེ་ཉེས་པ་སླར་ཆེ། །ལྟོ་བ་སྙི་བ་ལ་ཐུན་ཆེས་ན་སྦྱོངས་མི་ཆོད་ཅིང་ལུས་ཟུངས་འཇོམསཔས་སོ །དེས་ན་ལྟོ་བ་སྲ་སྙི་བརྟག་པའི་ཕྱིར་སྣ་སེལ་གཏོང་བ་གཅེསཔ་ཡིན །ལྟོ་བ་སྙི་ན་མི་སྐྱུག་སྦྱོངས་རྣོ་ཞིང་འཇམ་པའི་གྲོགས་སུ་འགྱུར

ད་ནི་དེད་དཔོན་ཨ་རུ་མཆུ་རིང་གི་མཆུ་དང་དན་རོག་ཕག་གདོང་རབ་རུས་སྦལ་འབྲིང་ཐ་མ་དང༌། ཤོང་ཤྲཱི་ཁཎྜཞེས་པའི་ཞོ་དང་དུར་བྱིད་ནི་དམར་པོ་རབ་སེར་པོ་འབྲིང་སྐྱ་སོབ་ཐ་མ་རྣམ་པ་བཞི། །ཨ་རུ་ར་ནི་ཐལ་ཚན་གསེབ་ཏུ་དར་ཅིག་བཅུག་ལ་གདུལ། །དནྡ་རོག་པོ་ནི་སྐོགས་པགས་དང་བར་བཤུས་བར་གྱི་ལྕེ་དཀར་ལེབ་དེ་གདོན་ཕྱེའི་ནང་ལ་དར་ཅིག་བཅུག་ལ་གདུལ། ཤྲཱིཁཎྜ་མར་དཀར་གྱི་ཁུ་བའི་ནང་དུ་བཅུག་ལ་གདུལ། །དུར་བྱིད་ནི་ནང་གི་རྐང་དང་ཕྱིའི་ཤུན་པ་དུག་ཡིན་པས་ཕྲལ་ལ་ཡོས་ཚན་མོའི་ནང་སུ་བཅུག་ལ་གདུལ། དེ་བཞི་པོ་ཆ་མཉམ་ཞིང་ཞིབ་ཏུ་བཏགས་ལ་རིལ་བུ་དྲིལ་བ་ཡིས། །རྣོ་ལ་སྦྱོངས་དྲག་པོར་འབབ་སྟེ་སྟོབས་དང་ལྡན་པའི་ནད་ཀུན་འཁྲུ་ཅིང་འཇོམསཔར་བྱེད་དོ།

གཞན་ཡང་ན་མགྲོན་པོ་ལམ་བཤལ་ནི་ཐར་ནུ་དུར་བྱིད་ཨ་རུ་ར། །ལྕུམ་རྩ་ཤོག་ཤིས་སྔོན་བུ་དང་ཁྲོན་བུ་ཐར་ཆུང་བ་ཤྲཱི་ཁཎྜ་དང་ །དན་རོག་དང་དན་ཁྲ་དང་དོང་ག་རྣམས་འི་ཆུར་བསྡུས། ཁུ་བ་སྣ་མ་ཚིག་པའི་བཅུ་པའི་ཁཎྜ་ཞེས་སྔོན་གྱི་མཁས་པ་རྣམས་བརྡ་ཆད་མཛད་འདུག་ཎྜ་ལེགས་པོ་ནི་སྦྱོངས་བར་རྣོ་ལ་ལུས་ཟུངས་ལ་མི་གནོད་པར་འཇམཞིང་ །མི་སྐྱུག་པ་དང་མི་འགྱིང་པ་དང་ལྷེན་དང་རླུང་མི་སྐྱེབས །ནད་སྟོབས་དང་སྦྱར་ནས་སྦྱོངས་དྲག་ཞན་ལུས་ཀྱི་ཟོ་ཡིས་དབྱིབས་དང་བསྟུན་ནས་འཁྲུ། འདི་ནི་དགུན་དུས་དང་སྦྲུམ་མ་དང་རྒས་པ་དང་ཟུངས་ཟད་དང༌། །ལམ་ཁའི་འགྲོན་པོ་ལ་ཡང་བཏང་དུ་བཏུབཔ་ཡིན་ནོ།

གཙོ་བོ་དེ་གཉིས་གང་བྱེད་ཀྱང་དེ་ལ་འཁོར་གྱིས་ཁ་བསྒྱུར་བནི ཁ་བསྒྱུར་སུམ་ཅུ་པོ་ཙན་དན་དཀར་པོ་ཨ་ག་རུ་ནག་པོ་དང་སྙིང་ཞོ་ཤ །བསྡེབས་པས་སྙིང་གི་ཚ་བ་སྦྱོང་བར་བྱེད། །ཚ་ལ་ཤིང་མངར་རྒུན་འབྲུམ་མཁན་པ་ཨ་ཀྲོང་བསྡེབས། གློ་བའི་ནད་རྣམས་འཁྲུ་བར་བྱེད་པ་ཡིན། ཁ་ཆེའི་གུར་ཀུམ་བ་ཤ་ཀ་དང་བྲག་ཞུན་བསྡེབསཔས །མཆིན་པའི་ཚ་བ་འཁྲུ་བར་བྱེད་པ་ཡིན། །ཡ་བཀྵ་ར་ཐལ་ཚྭ་པི་པི་ལིང༌། །བསྡེབས་པས་མཆེར་ནད་འཁྲུ་བར་བྱེད་པ་ཡིན། །ལྕམ་པ་སུག་སྨེལ་དབྱི་མོང་དཀར་པོ་བསྡེབས་པ་ཡིས། །མཁལ་མའི་ནད་རྣམས་འཁྲུ་བར་བྱེད་པ་ཡིན། །མ་ནུ་པཏྲ་རྒྱམ་ཚྭ་པི་པི་ལིང་དང་གསུམབསྡེབས་པས །ཕོ་བའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ཏིག་ཏ་རིགས་བཞི་གང་རུང་གསེར་གྱི་མེ་ཏོག་དུག་མོ་ཉུང༌། །བསྡེབས་པས་མཁྲིས་པའི་ནད་རྣམས་སྦྱོང་བར་བྱེད། །སྙ་ལོ་བཙོད་དང་ཁ་རུ་ཚྭ་བསྡེབས་པས། །རྒྱུ་ལོང་སྣོད་ནད་སྦྱོང་བར་བྱེད་པ་ཡིན། །བྱང་པ་དམར་ཁྲ་སྡིག་སྲིན་སྤོས་དཀར་བསྡེབས་པ་ཡིས། །རྩ་ནད་ཐམས་ཅད་སྦྱོང་བར་བྱེད་པ་ཡིན། །དབྱི་མོང་དཀར་་པོི་སྲུབ་ཀ་བྱང་པ་དམར་ཁྲ་བསྡེབས་པ་ཡིས། །མགོ་སྐྱོན་རྩ་ནད་སྦྱོང་བར་བྱེད་པ་ཡིན། །ལི་ག་དུར་དང་དོམ་མཁྲིས་ཉི་དགའ་ལྕམ་པ་བསྡེབསཔས །སྟོད་ཀྱི་རྩ་ནད་ཐམས་ཅད་སྦྱོང་བར་བྱེད། །རྒྱ་ཚྭ་སྡིག་སྲིན་སུག་སྨེལ་བསྡེབས་པ་ཡིས། །སྨད་ཀྱི་རྩ་ནད་ཐམས་ཅད་སྦྱོང་བར་བྱེད། །སེ་རྒོད་བར་ཤུན་དབྱི་མོང་དཀར་པོ་སོ་མ་རཛ་བསྡེབས་པས །པགས་པའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། མེ་ཏོག་ལུག་མིག་བིལ་བ་ཨ་འབྲས་ཤ་འབྲས་བསྡེབསཔས །མགོ་བོའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། ཨ་བ་ཕོ་མོ་ཨ་རུ་ར་དང་ལྕགས་དྲེག་བསྡེབསཔས །མིག་གི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ག་བུར་ཙན་དན་དཀར་དམར་སྐབས་སྦྱར་དང་གི་ཝཾ་བསྡེབས་པ་ཡིས། །ཚད་པའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །པི་པི་ལིང་དང་རྒྱམ་ཚྭ་ན་ལེ་ཤམཕོ་བ་རིལ །བསྡེབས་པས་གྲང་བའི་ནད་རྣམས་སྦྱོང་བར་བྱེད། །འབྲས་བུ་ཨ་བར་སྐྱུར་གསུམ་བསྡེབས་ཚ་གྲང་འདྲེས་པ་སྦྱོང༌། །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །བསྡེབས་པས་ཆུ་སེར་ནད་རྣམས་སྦྱོང་བར་བྱེད། །ཁྱུང་སྡེར་དཀར་སྨུག་རེ་རལ་བྱེ་བྲག་སྤང་ག་རེ་རལ་བོང་ང་དཀར་པོ་བསྡེབསཔས །དུག་གི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །བསེ་ཡབ་འུ་སུ་པུས་ཀར་མཱུ་ལ་ཁམས་རུས་བསྡེབསཔས །བད་ཀན་སྨུག་པོའི་ནད་རྣམས་སྦྱོང་བར་བྱེད། །དབྱི་མོང་དཀར་པོ་སྲུབ་ཀ་ཤུ་དག་ནག་པོ་བསྡེབས་པ་ཡིས། །སྐྲན་གྱི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །གླ་གོར་ཞོ་ཤ་དང་ཤོག་ཤིང་སྔོན་བུ་པད་མེ་བྱང་ཁྲ་བསྡེབསཔས །དམུ་ཆུའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ནིམ་པ་ཉེ་ཤིང་པས་ཚབ་ཏུ་རུང་རྒྱ་ཚྭ་ཛཱ་ཏི་ཕ་ལ་བསྡེབསཔས །སྐྱུག་པའི་ནད་རྣམས་སྦྱོང་བར་བྱེད་པ་ཡིན། །ཟར་མ་ཤུ་ཟུར་མ་ནུའི་རིགས་ཟོམ་རྩི་ཟོ་མར་བསྡེབས་པ་ཡིས། །ཕོ་ལོང་སྦོས་པའི་ནད་རྣམས་སྦྱོང་བར་བྱེད། །ཛཱ་ཏི་པི་པི་ལིང་དང་ན་ལེ་ཤམཕོ་རིལ་བསྡེབས་པས །གྱེན་ལོག་རླུང་དང་རྒྱུ་ལོང་འཁྲོལ་བ་སྦྱོང༌། བྱི་ཏང་ག་དང་གཡེར་མ་མ་རུ་རྩེ། །བསྡེབས་པས་སྲིན་ནད་མ་ལུས་སྦྱོང་བར་བྱེད། །གུར་ཀུམ་དབྱི་མོང་སོ་མ་ར་ཛ་བསྡེབསཔས །དྲེག་གི་ནད་རྣམས་འཁྲུ་བར་བྱེད་པ་ཡིན། །རུ་རྟ་མུ་ཟི་སེར་པོ་རྒྱ་ཚྭ་བསྡེབས་པ་ཡིས། །ཤ་རུས་རྩ་ཡི་འབྲས་ནད་སྦྱོང་བར་བྱེད། །ཨ་ཤོ་གནྔྷ་འོལ་མོ་སེ་དང་ཡ་བཀྵ། །བསྡེབས་པས་བུ་སྣོད་ནད་རྣམས་སྦྱོང་བར་བྱེད།

གནད་ཀྱི་མན་ངག་བདུན་ནི་མི་རུས་བཙའ་མ་ཡ་བཀྵ་ར་བསྡེབསཔས རྩམ་པ་མི་འཁྲུ་ནད་རྣམས་སྦྱོང་བར་བྱེད། །བ་སྤྲུ་བསྡེབས་པས་སྦྲུམ་མའི་བུ་མི་འཆོར། །ཆུ་མ་རྩི་མཁའ་འགྲོའི་ལ་ཕུག་དང་བསྡེབས་པས་སྐྱུག་མི་སྲིད། །དངུལ་ཆུ་གྲང་འདུལ་དེ་ཡང་གཉན་རྣམས་དང་ཆུ་སེར་སོགས་ལ་ཚ་འདུལ་སོགས་དང་ནད་གཞན་ཕལ་ཆེར་དང་ཁྱད་པར་ནད་རྙིང་པ་ལ་གྲང་འདུལ་ཏེ་གང་ཡང་བཙོ་བཀྲུ་ཡང་དག་པར་བྱས་པ་དགོས་དུང་ཐལ་དང་རྒྱ་ཚྭ་བསྡེབས་པ་ཡིས། །མི་སྐྱུག་མི་འགྱིང་མྱུར་དུ་འབིགས་པར་བྱེད། །མྱང་རྩི་སྤྲས་དང་བསྡེབས་པས་འབྱམས་མི་སྲིད། །དྲི་ཆུ་ཆུ་རུག་བསྡེབས་པས་ཆུ་མི་གནོད། །ཉི་དགའི་འབྲས་བུ་བསྡེབས་པས་ཁ་མི་སྐོམ། དེ་ལྟར་ཁ་བསྒྱུར་སུམ་ཅུ་ཐམ་པ་དང་གནད་ཀྱི་མན་ངག་བདུནཔོ །འདི་དང་ལྡན་ན་ནད་གང་ཡིན་ཡང་ཡུལ་འབྱིན་པར་ཐེ་ཚོམ་མེདདོ།

ད་ནི་ཐོར་བུ་ནད་ཀྱི་སྒོས་བཤལ་བསྟན་པ་ནི། །ཐར་ནུ་སྟོན་སྨད་ཀྱི་དུས་བརྐོས་པར་བ་ཆུར་བཏུལ་བ་དང༌། །ཆུ་རྩ་ཁྲོན་བུ་ཐར་ཆུང་ཧོང་ལེན་གསེར་མེ་ཏོག །འཁྲུགས་རིམས་རྒྱས་པའི་ཚད་པ་སྦྱོང་བར་བྱེད། །ཐར་ནུ་ཆུ་རྩ་རེ་ལྕག་གསུམ་པོའི་རྩ་བ་གསུམ། །གག་ལྷོག་རྒྱུ་གཟེར་གཉན་གླང་གཟེར་ཐུང་སྦྱོང༌། །དུར་བྱིད་རིགས་གང་རུང་ཧོང་ལེན་ཚ་ལ་སྟར་བུ་ཡིས། །བད་ཀན་སྨུག་པོའི་ཚད་པ་སྦྱོང་བར་བྱེད། །ཁྲོན་བུ་ཐར་ཆུང་ཚ་ལ་པ་ཏོལ་མཁྲིས་ནད་སྦྱོང༌། །དུར་བྱིད་རིགས་གང་རུང་སྟར་བུ་དུང་ཐལ་སྨན་སྦྲུལ་གྱི་ཤ། །རྒྱ་ཚྭ་བུ་རམ་སྦྱར་བའི་རིལ་བུ་ཡིས། །ཁྲག་མཁྲིས་མ་ཞུ་གླང་ཐབས་སྦོས་པ་འཇོམས། ཤྲཱི་ཁཎྜ་སྔོ་ཡི་ཚ་བ་ལྕེ་སྲུབ་དབྱི་གསུམ། །རྒྱ་ཚྭ་བུ་རམ་རིལ་བུས་སྐྲན་ནད་སྦྱོང༌། །དུར་བྱིད་རིགས་འདྲ་སྒྲོན་ཤིང་ཚོན་པོ་བཟང་བཅའ་སྒ་ལྕགས་ཕྱེ་དང༌། །བ་ཆུ་སྦྱར་བས་སྐྱ་རྦབ་སྦྱོང་བར་བྱེད། །དནྡ་ཕག་གདོང་རུས་སྦལ་འདྲ་དུར་བྱིད་རིགས་འདྲ་ཤྲཱི་ཁཎྜ་དང༌། །ཐར་ནུ་ཁྲོན་བུ་ཐར་ཆུང་པ་ལྕུམ་རྩ་རེ་ལྕག་པདཀར་ནག་འདྲ །དོང་ག་སྔོན་བུ་ཤོག་ཤིང་དང་རྒྱ་ཚྭ་ཆུ་མ་རྩིམཁའ་འགྲོའི་ལ་ཕུག །ཟངས་དམར་ཞབས་ཀྱི་དྲེག་པ་པི་པི་ལིང་དང་བུ་རམ་སྦྱར། །རིལ་བུས་འོར་དང་དམུ་ཆུ་སྦྱོང་བར་བྱེད། །ཨ་རུ་སྐྱེར་པའི་བར་ཤུན་སོ་མ་ར་ཛ་དང༌། །སྤང་རྒྱན་དཀར་ཁྲ་གང་བྱུང་འབྲི་ཏ་ས་འཛིན་དོང་ག་ལྕུམརྩ །བསྡུས་ཁུར་དུར་བྱིད་དམར་པོ་བཏབ་པས་དུག་ནད་སྦྱོང༌། །དུར་བྱིད་རིགས་འདྲ་ཧོང་ལེན་རྒྱ་སྐྱེགས་ཚ་ལ་དང༌། །འགྲོན་ཐལ་གླ་རྩིའི་རིལ་བུས་ཤ་དུག་སྦྱོང༌། །དུར་བྱིད་རིགས་འདྲ་ནྡ་ཕག་གདོང་རུས་སྦལ་འདྲ་མཚལ་དང་པི་པི་ལིང༌། རྒྱ་ཚྭ་རྒྱམ་ཚྭ་ཨ་རུ་ར་དང་སྒ། །བྱང་ཁོག་ནང་དུ་ཁྲག་བབས་སྦྱོང་བར་བྱེད། །ལྕུམ་རྩ་ཨ་རུ་མཆུ་སྙུང་ཆ་མཉམ་སྟེ། །ཉི་དགའ་ལྕམ་པ་ཤིང་མངར་རྒྱམ་ཚྭ་པི་པི་ལིང༌། །བསྐོལ་ཐང་མ་ཞུ་གསར་དང་རིམས་ནད་དང༌། །ལྷག་པར་ཕོ་མཆིན་ནད་རྣམས་སྦྱོང་བའི་མཆོག །ཨ་རུ་མཆུ་རིང་གི་མཆུ་དང་བ་རུ་སྐྱུ་རུ་ར། །ལྕུམ་རྩ་དུར་བྱིད་རིགས་འདྲ་སྤོས་དཀར་བ་ཆུར་བསྡུས། །རྒྱུན་སྦྱོངས་དྲེག་དང་གྲུམ་བུ་ཆུ་སེར་དང༌། །རྙོགས་ཚད་རྙིངས་ཚད་ལུས་ལ་ཞེན་པ་སྦྱོང༌།

བཏང་བའི་ཚུལ་ལ་ཐང་དང་ཕྱེ་མ་དང་རིལ་བུ་དང་སྨན་མར་དང་བཞི། །རྒས་དང་ཟུངས་ངན་རྣམས་ལ་བསྐོལ་བའི་ཐང་བྱས་ན་ཤིས། །དེ་ཡིས་བསྟུད་ནས་བཏང་ངམ་བཞག་རན་པར་སོགས་ཀྱི་ཚོད་ཟིན་པར་འགྱུརབ་ཡིན །ཟུངས་བཟང་བ་དང་ནད་རྒྱས་པའི་རིགས་ལ་ཕྱེ་མ་དང་རིལ་བུ་གང་རུང་ཤིས། །དེ་ཡང་སྐྱུག་པ་འཆོར་བ་རྣམས་ལ་རིལ་བུ་བཏང༌། །ཤིན་ཏུ་ལྟོ་བ་སྲ་བ་དང་སྐྱུག་པ་ལང་ཤོར་ཡོད་པ་ལནི སྦྱོངས་སྨན་དེ་ཉིད་སྨན་མར་དང་སྦྱར་ཏེ་སྦྱོངས་སྨན་ཡིན་པ་གསངས་ལ་ཡང་ཡང་བཏང་ནས་རྒྱུན་སྦྱོངས་བྱ། །སྨན་གྱི་དྲེད་པ་དང་སྨན་གྱིས་ཡི་ག་སྡར་ཟས་མེད་ན་སྲན་མི་ཐུབ་པ་ལ་ཟས་ཉུང་ཟད་དང་སྦྱོངས་སྨན་སྡེབ།

གཏོང་དུས་ཐོ་རངས་སྨན་ལ་ཤིས་པ་བརྗོད། སྨན་བཏང་བའི་རྗེས་ལ་ཆུ་གྲང་གིས་ཁ་ཡང་ཡང་བཤལ་མངར་བ་ཀར་བུར་ཅུང་ཟད་ཁ་ནང་དུ་མུར། །འགྲུལ་བསྲུང་གཏམ་མི་སྨྲ་མི་ཉལ་བར་ཙོག་པུར་འདུག །འོག་རླུང་མར་གློད་ལ་ནད་གདོན་འཁྲུ་བར་བསམས

སྦྱོངས་ལྕག་ནི་ལྕག་ཞེས་པ་ཆུ་བསྐོལ་ཚན་མོ་ལ་ཡིན་འདུག་བཤལ་ཐེངས་གཉིས་གསུམཙམ་ཁྲུས་པ་དང༌། །དང་ག་མེར་བ་སངས་ནས་ཆུ་སྐོལ་ཡང་ཡང་བཏང༌། སྦྱོངས་ལྕག་སྔས་ན་ནི་སྐྱུག་ལ་ཕྱིས་ན་ནི་ནད་མི་ཁྲུས། དེ་ལའང་རླུང་ཤས་ཆེ་ན་རུས་ཁུའི་ལྕག་གིས་བསྐུལ། །ཟུངས་ཟད་པའི་མི་ལ་བུར་ཁུའི་ལྕག་གིས་འཕུལ། །ཚ་བ་སྨིན་པ་དང་རྒྱས་པའི་དུས་སུ་གངས་ཆུའི་ལྕག །ཆུ་སེར་ཚད་རྙིང་ནད་ལ་བ་ཆུའི་ལྕག ཁྲུ་བའི་ཤུགས་དལ་ན་ཨ་རུ་མཆུ་སྙུང་གི་ལྕག ཐམས་ཅད་ལ་ཐུན་མོང་གི་ལྕག་ཏུ་རྒྱམ་ཚྭའི་ཆུ་སྐོལ་ཤིསཔ་ཡིན་ནོ ལུས་ཤེད་ཆུང་ཞིང་ཤེས་པ་ཟི་ཉོག་སྟོང་སྐྱུགས་མང༌ན་ཁ་རླུང་ཡིན་པས།  སྣུམ་གྱི་བསྐུ་མཉེ་གསུར་དུད་དང་རུས་ཁུས་རླུང་སྣ་མནན

སྦྱོངས་འདོན་པའི་ཚད་གྲངས་དང་བུངས་དང་ཁ་དོག་གསུམ་ལས། །གྲངས་ཚད་རབ་སུམ་ཅུ་འབྲིང་ཉི་ཤུ་ཐ་མ་བཅུ། །བུངས་ཚད་རབ་བྲེ་གསུམ་འབྲིང་བྲེ་དོ་ཐ་མ་བྲེ་གང་ལ། །ཁ་དོག་རབ་ཆུ་དང་འབྲིང་བད་ཀན་ཐ་མ་མཁྲིས་པ་གསུམ། །རབ་འབྲིང་ཐ་མ་གསུམ་གྱི་ཚད་ཡིན་པས། །ནད་ཀྱི་སྟོབས་དང་ལུས་ཤེད་སོགས་ལ་རྗེས་སུ་དཔགས་ལ། ལུས་ཤེད་ཆེ་ལ་ནད་མ་ཟད་ན་ལྕག་གིས་ཡང་ཡང་བསྐུལ། །ནད་མ་དག་ལུས་ཀྱང་ཟུངས་ཟད་ན་ལྕག་འཕྲོ་བཅད། །ནད་དག་ནས་ཆུར་འཁྲུ་ན་རྟགས་ཇི་ལྟར་འདུག་ཀྱང་ངེས་པར་བཅད།

ལོག་གནོན་ནི་རྒལ་བ་མནན་པ་དང་སྟོར་བ་བཙལབ་དང་ །འགྱིངས་པ་དྲང་བ་དང་འབྱམས་པ་བཅད་པ་དང༌། །སྲོག་གི་བྱ་ར་བཞག་པ་དང་རྣམ་པ་ལྔལས དང་པོ་སྐྱུག་ན་རྡོ་གྲང་སྐེར་བདུག་སྣ་སྒོར་དྲི་ཞིམ་མནམ། །སྤྱི་བོའི་སྐྲ་འཐེན་གདོང་དུ་ཁ་ཕྲུ་གདབ། །ཕྲག་པ་གཉིས་ནས་མནན་ཞིང་སྒུལ་བསྐྱོད་མ་བྱེད་པར་གཟབ

སྐྱུག་པའི་རྒྱུ་ནི་སྨན་རྩུབ་པ་དང་ཐུན་ཆེས་པ་དང་རླུང་མ་ནོན་པ་དང༌། །ནད་ལས་བྱུང་བ་དང་སྨན་གྱིས་སུན་པ་དང་ཡི་ག་སྡརབ་སྡུག་སུན་ཁྱེར་བ །སྨྲ་མང་བས་འགུལ་བསྐྱོད་བྱས་པ་དང་གདོན་བྱུང་བ་དང་དགུ་པོ་སྐྱུག་པབྱུང་བའི་རྒྱུ་ཡིན་པས། །སྨན་རྩུབ་དོགས་པས་དུས་སུ་བརྐོས་ཤིང་གདུལ་ལེགས་པར་གཅེས། །ཐུན་ཆེས་དོགས་པས་ཐུན་དུམ་བུར་བགོས་ལ་ཐུབས་སུ་བཅད་ལ་སྔ་མ་ཞུ་བ་དང་དེ་རྗེས་མནན། །རླུང་མ་ནོན་དོགས་པ་ལ་ནི་སྔོན་འགྲོ་འཐེམས་པ་གཅེས། །ནད་ལས་བྱུང་ས་སྐྱུགས་པ་ལ་ཆུ་མ་རྩི་མཁའ་འགྲོའི་ལ་ཕུད་མཆོག་ཡིན། །སྨན་གྱིས་སུན་པ་དང་ཡི་ག་སྡར་བ་ལ་སྦྱོངས་སྨན་ཡིན་པར་གསངས་ཏེ་བཏང༌། །མི་སྨྲ་ཞིང་མི་འགུལ་པར་ཙོག་པུར་འདུག་པ་དང༌། །གདོན་ལས་བྱུང་བ་ལ་འགྲུལ་བསྲུང་རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བསྐྲད་པའི་ལས་བྱའོ།

བཤལ་སྟོར་བ་ལ་སྨན་སྟོར་དང་ནད་སྟོར་གཉིསལས དང་པོ་སྨན་སྟོར་བ་ནི་ཟུག་མེད་པས་བསྐྱར་ལ་བཏང་བར་བྱ། །ནད་སྟོར་བ་ནི་ན་འགྱུ་ཀྱུང་ཀྱུང་བྱེད་ན་སྐྱུར་བག་བཏང༌། །འགྱིངས་པ་འབབ་མི་ཐུབ་པར་ཕོ་བར་རྫིང་ལ་ཧྲེམ་བྱེད་པ་སྟེ། །ཕོ་བར་དྲོད་ཀྱི་དུགས་བྱ་ལངས་ནས་གོམ་པ་འགའ་བཅག་ཅིང་དེས་ཀྱང་མི་འབབ་ན་ནི་རུས་བསུ། །གཡའ་ཀྱི་མ་དང་ཤོག་ཤིང་སྔོན་བུ་ཆ་མཉམ་སྟེ། །ཞིབ་པར་བཏགས་ལ་ཆུ་ལ་བསྐོལ་བའི་ཁུ་བ་ཕུལ་གང་ཁོང་དུ་བཏང༌། དེས་ནི་བཤལ་སྐྱུག་གཉིས་ཀ་འབྱུང་སྟེ་ཕོ་བར་ནད་མི་ལུས།

འབྱམས་པ་ལ་ཚ་འབྱམས་དང་གྲང་འབྱམས་རྣམ་པ་གཉིསདང་ །སྨན་རོ་ལུས་ནས་འབྱམས་པ་དང་ནད་ཁ་བྱེ་བ་དང་བཞིལས དང་པོ་ཚ་འབྱམས་ནི་དྲི་མ་དམར་སེར་དྲི་དུག་ཆེ་ཞིང་རྩ་ཆུ་ཚ། །བྱིན་པ་དང་རྐང་ལག་གི་ཉྭ་རྣམས་ཆུགྲང་མོས་བསྒྲངས་ཤིང་རེ་སྐོན་རྩི་དམར་བཏབ་པའི་སྐར་མ་ཚོགས་དུས་བསླང་པའི་ཆུས་བཅད། །གྲང་འབྱམས་ནི་དྲི་མ་ལ་དྲི་མེད་ཆུར་འཁྲུ་ན་ཚོ་ཁུའམ། །ཞུན་མར་ལ་ད་ཏྲིག་དང་ཤིང་ཚ་བཏབ་པས་གཅོད། །སྨན་རོ་ལུས་པ་ལ་རྒྱམ་ཚྭའི་ཆུ་སྐོལ་བཏང༌། །ནད་ཁ་བྱེ་ན་མི་བཅད་པར་ལུས་ཟུངས་གསོཞིང་འབབ་ཏུ་བཅུག །མཁྲིས་པའི་རྩ་ཁ་བྱེ་ན་མྱུར་དུ་བཅདདགོས་ཏེ །ཨིནྡྲ་དུག་ཉུང་བོང་དཀར་ག་དུར་བ་ལེ་ཀ་བཞི་ཐང་ལ་སྔར་བཤད་པའི་དོམ་མཁྲིས་བཏབ་པས་གཅོད།

ཐུན་མོང་སྤྱི་རུ་འབྲས་ཀྱི་ཐུག་པའམ། །ནས་ཐུག་ཤ་གསར་ཚོ་ཁུ་གང་རུང་ལ། །སྤྱིན་དང་ད་ཏྲིག་ཀ་པེད་མོན་ཆ་ར། །སྨག་དང་ཐ་རམས་བཏབ་ལ་ཙེ་གུར་ཉུང་ཉུང་ཡང་ཡང་བཏང༌། །ཁ་སྐོམ་གྱི་རིགས་ཇ་ཆང་སོགས་མི་བཏང་དེ་ཡིས་ཆོད་པར་ངེས

སྲོག་གི་བྱ་རའི་གནད་ནི་རྣམ་ལྔ་སྟེ། །ཐོར་བུའི་རླུང་སྐྱེས་སྣ་མ་ནོན་པ་དང༌། །སྨན་དང་ནད་དུ་མ་འཕྲོད་གཟེར་བ་དང༌། །སྐྱུག་པ་མནན་པས་གློ་རྩར་ཤོར་བ་དང༌། །སྲིན་ཁྲོས་གླང་ཐབས་ནད་དུ་སོང་བ་དང༌། །ནད་ལ་སྲོག་གནས་བཏོན་ན་འཆི་བདང་ལྔའོ།

ཇི་ཙམ་ཁྲུས་བཞིན་དུ་མི་བདེ་བར་སླར་སྟོང་སྐྱུགས་བྱེད་པ་དང༌། ལུས་ཤེད་ཆུང་དུ་འགྲོ་ཞིང་ཤེས་པ་ཟ་ཟི་ལ་ཉོག་ཉོག་བྱེདཔ་ནི །ཐོར་བུའི་རླུང་ཡིན་པས་གསུར་བདུག་བཏང་སྣུམ་གྱིས་བསྐུ་མཉེ་བྱ། །རུས་ཐང་བཏང་དེས་མ་ཕན་ན་མེ་བཙས་སྣ་གླན་སྦྱོངས་འཕྲོ་གཅད།

སྦྱོངས་རུང་བ་དང་མི་རུང་བ་དང་འདེབས་པའི་དུས་ཚོད་མ་ཟིན་ན། །ནད་དང་དཔྱད་དུ་འཛོལ་བས་གཟེར་ཟུག་འབྱུང༌། དེ་ལ་ཚ་གྲང་བརྟགས་ལ་གཉེན་པོ་བསིལ་དྲོད་གང་འོས་བསྟེནདགོས་ཏེ དེ་ཡང་ཚད་གཟེར་ལ་མ་ནུ་རུ་རྟའི་གྲང་ཐང་བཏང༌། རྡོ་གྲང་མོ་སོགས་བསིལ་གྱི་དུགས་དང་ཕྱེ་མ་གང་ཤིས་རིག་པས་དཔྱདལ་བྱ །གྲང་གཟེར་ལ་ཆ་མཉམ་ཨ་རུ་རྒྱམ་ཚྭ་སྒ་པི་པི་ལོང་ཐང་བཏང་འབའ་ཆ་སོགས་དྲོད་དུགས་བྱ།

བཤལ་སྨན་གློར་ཤོར་ན་གློ་རྒྱལ་མང་རོ་སྟོད་གཟེརདེ་ལ་ནི །གློ་བའི་འདྲེན་སྐྱུགས་གློ་རྩ་ལ་གཏར་ག་དང་ཕྱེ་མ་དང་གློ་རྣག་གི་སྐེམ་སྨན་སོགས་སྦྱར

སྲིན་ཁྲོས་པས་ཕོ་ལོག་བྱུང་ན་གཉེན་པོབསིལ་སྨན་གང་འོས་སྦྱར་བས་བསད། ལུས་ཟུངས་ངན་ན་ནི་ནད་མ་ཐོན་ཡང་སྦྱོངས་འཕྲོ་གཅོད་པར་གཅེས། དེ་ཅིའི་ཕྱིར་ཞེ་ན་ནད་ཐོན་པ་དང་ཟུངས་ཟད་ནས་སྲོག་འཕྲོག་པར་བྱེད་པའི་ཕྱིར་རོ།

ཕྱི་རྗེས་བཅད་པ་སྦྱོང་བ་ཚར་ཞིང་འཕྲོ་ཆོད་ནས། །འབྲས་སམ་ཕྱེ་ཐུག་ལ་ཤ་ལ་སོགས་པའི་གཡོས་སུ་མ་བྱས་པའི། །ཚྭ་སྡོར་བག་ཙམ་ཤས་ཡོད་པ་ཕུག་རོན་གི་སྒྲོའི་མདོག་ཡོད་པ་ལྟ་བུ་རྐྱང་རྐྱང་པོས། །དེས་ནི་ཁམས་གསོ་བ་དང་སྨན་རོ་འདོན་ཞིང་ནད་ལྷག་ཡོད་ན་མར་ལ་འདེད་དོ། །དེ་རྗེས་ཐུག་པ་སླ་བ་དང་བར་མ་དང་སྐ་བ་དང་། །ཚོ་ཁུ་ཚིལ་དང་རུས་པ་མེད་པའི་ཤ་ཚོད་ཞིབ་མོར་བྱས་པ་རྡོ་ཁོག་མེར་བསྲེགས་ལ་ཚིག་ནས་མེ་མེད་པའི་སར་ཕོག་པའི་ཤ་ཚོད་བླུག་ཅིང་བཙོས་པ་ཚོད་ཁུ་མེ་མ་ཕྲད་ཅེས་པའི་དེ་དང་ཟན་དྲོན་རྣམས་རིམ་པས་ཆ་ཡིས་བསྐྱེད་ལ་བཏང་།

ཁྱད་པར་དུ་ནད་ཚ་བའི་རྗེས་དང་གྲང་བའི་རྗེས་རྣམ་པ་གཉིས་ཏེ་དེ་ཡང་། །ཚ་བའི་རྗེས་ལ་ཡང་ཚ་བ་གསར་པ་དང་རྙིང་པ་གཉིས་ལས། །རིམས་དང་འཁྲུགས་དང་ཚ་བ་གསར་པའི་བཤལ་རྗེས་རྣམས་ནི། །ཆུ་གྲོག་ཆུ་ལ་རྩམ་པ་བཏང་པ་དང་ནས་སམ་བཙོས་ཀྱི་ཐུག་པ་དང་ཞོ་ཕྲུམ་ཞོ་དང་ཆུ་བསྲེས་པའམ་བ་རའི་འོ་མ་མར་ཕྱུང་སྟེ་ཞོར་བསྐོལ་པ་ཞེས་ལག་ལེན་གསལ་བྱེད་དུ་བཤད་པའང་དེ་སོགས་བསིལ་གྱིས་བཅད།།

ཚ་བ་རྙིངས་པ་རྣམས་ལ་བ་ལང་སོགས་བསིལ་བའི་ཤ་གསར་། །ཚིལ་མེད་པའི་ཚོ་ཁུ་དང་ཇ་དང་བསྐོལ་གྲང་བྱས་པའི་ཆུ་དང་། །ཞོ་ཕྲུམ་ཞོ་རོའམ་ཞོ་ཆུ་ལ་སོགས་བསིལ་ཞིང་བཅུད་ཆེ་བའི་ཟས་ཀྱིས་བཅད།།

གྲང་བའི་རྗེས་ནི་ལུག་ཤ་གསར་རྙིང་གི་ཚོ་ཁུ་དང་། །ཆང་གསར་པ་རང་མིན་པ་འཇམ་པོ་དང་ཞུན་མར་དང་ཟན་དྲོན་སོགས་དྲོད་ཀྱིས་བཅད། །དེ་དག་གང་ཡང་ཆ་དང་བགས་ཀྱི་རིམ་པས་བསྐྱེད་ལ་བཏང་ཞིང་འུབས་ཀྱིས་མི་བཏང་།

ཚ་བའི་རྗེས་དྲོད་ཀྱིས་བཅད་ན་མེ་རོ་འཕེལ་བར་འགྱུར། །གྲང་བའི་རྗེས་བསིལ་གྱིས་བཅད་དམ་བཟའ་བ་དྲགས་། །ཕོ་བའི་མེ་དྲོད་འཆི་བས་མ་ཞུ་བ་དང་དམུ་སྐྲན་སྐྱེད་དོ།

སྦྱོངས་ཉེས་པའི་སྐྱོན་ལ་ནི་དྲགས་ཞན་རྣམ་པ་གཉིས། །སྦྱོངས་དྲགས་ན་ལུས་ཟུངས་ཟད་རླུང་སྐྱེ་མེ་དྲོད་འཆི། །དེ་ལ་ཟས་སྨན་དྲོད་བཅུད་དང་མེ་བཙའ་ཡིས་གསོ།།

སྦྱོངས་ཞན་ན་ནད་དེ་བསླང་ཙམ་བྱས་ནས་མ་དག་པས། །དང་ག་འགགས་ལ་ཟས་སྐོམ་འཇུར་མི་འདོད་ཅིང་། །ནད་ཀྱི་སྟོབས་སྐྱེད་བད་མཁྲིས་འཕེལ་བར་འགྱུར་རོ། །བཀྲེས་སྐོམ་རྒྱམ་ཚྭ་ད་སེ་འབྲུས་ཕོ་བའི་མེ་དྲོད་གསོས་ལ། །ཟུངས་བཟང་ན་སླར་སྔོན་འགྲོ་བྱས་ལ་སྦྱང་བ་བསྐྱར། །ཟུངས་ངན་ན་ནི་རུ་ཧ་དང་འཇམ་རྩི་གཉིས་སྤེལ་ལ་བཏང་།། །སྦྱོང་ལེགས་ན་ནི་ནད་ཀྱི་རྩ་བ་རྩད་ནས་ཆོད་ཅིང་བད་མཁྲིས་དག །ལུས་ཡང་ཁོང་པའི་དྲོད་འབར་ལ་ཡི་ག་འབྱེད། །བཀྲེས་ཤིང་སྐོམ་དུས་སུ་འབྱུང་བ་དང་བཤང་བ་དང་གཅི་བ་བདེ་བར་འབྱིན་པ་སོགས་འབྱུང་ངོ་། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལྔ་བཤལ་གྱི་ལེའུ་སྟེ་བཅུ་བཞི་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།