སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅུ་བཞི་པ། དུས་སུ་སྤྱོད་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅུ་བཞི་པ། དུས་སུ་སྤྱོད་པ་བསྟན་པ

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གཉིས་པ་དུས་སུ་སྤྱོད་པའི་སྤྱོད་ལམ་ནི། །དགུན་སྟོད་དགུན་སྨད་དཔྱིད་དང་སོ་ཀ་དང༌། །དབྱར་སྟོན་དགུན་ཟླ་ར་སོགས་གཉིས་རིམ་བཞིན། །སྐད་ཅིག་ལས་(ལ་)སོགས་ཐང་ཅིག་ཡུད་ཙམ་ལ། །ཉིན་ཞག་ཟླ་བ་དུས་དང་ལོར་འགྱུར་ཏེ། །ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུ་ལྡོག །གསུམ་ནི་ལྷོ་དང་བྱང་དུ་འགྲོ་ཞེས་བྱ། །ནམ་དང་ཉི་མ་ཕྱེད་ནི་མཉམས་(མཉམ་)པ་ཡིན། །བརྒྱད་དང་བཅུ་ན་དགྲ་གྲོགས(སྒྲ་སྒྲོག)ཆད་པར་འགྱུར། །དེ་ལ་དགུན་ཟླ་ཐ་ཆུང་ལས་(ལ་)སོགས་པ། །ཉི་མ་བྱང་དུ་འགྲོ་བའི་དུས་ཀྱི་ཚེ། །ཤིན་ཏུ་རྣོ་ཚ་རྩུབ་པའི་ངོ་བོར་འགྱུར། །རླུང་དང་ཉི་མ་དག་གི་ནུས་སྟོབས་ཀྱིས། །ཟླ་བ་ས་ཡི་ཡོན་ཏན་ཟད་པར་བྱེད། །ཉི་མ་བྱང་དུ་འགྲོ་བའི་ཚེ། །ཤིན་ཏུ་རྣོ་ཚ་རྩུབ་པའི་ངོ་བོར་འགྱུར། །འདི་ནི་ཚ་ཁ་བསྐའ་(བསྐ་)བའི་རོ་སྟོབས་ཆེ། །མི་རྣམས་ཀྱི་ནི་མཐུ་སྟོབས་ཉིན་རེ་ཕྲོག(འཕྲོག) །ཆར་དུས་ལྷོ་ཕྱོགས་འགྲོ་ཚེ་སླར་སྟོབས་བསྐྱེད། །བསིལ་བས་ཟླ་བའི་སྟོབས་ལྡན་ཉི་མ་ནི(འབྲི)། །འཆར་བས་(ཆར་བབས་)རླུང་གིས་ས་སྟོང་(སྟེང་)ཚ་བ་ཞི། །མངར་དང་ལན་ཚྭ་སྐྱུར་བའི་རོ་སྟོབས་བསྐྱེད། །དགུན་ཚེས་(ཆེས་)གསོས་(སོས་)དང་དབྱར་ཆུང་སྟོན་དཔྱིད་འབྲིང༌། །དེ་ལྟར་བགྲོད་དུས་རྣམ་པ་གཉིས་བསྟན་ནས། །

ད་ནི་ནམ་ཟླ་དུས་དྲུག་སྤྱོད་ལམ་། །དགུན་དུས་གྲངས(གྲང་)བས་སྤུ་ཡི་སྒོ་བཀག་སྟེ། །མེ་ཡི་སྟོབས་ལྡན་རླུང་གིས་སྤར་(སྦར་)བ་ཡིས། །ཟས་ཉུང་གྱུར་ན་ལུས་ཟུངས་འགྲིབ་པར་འགྱུར། །དེ་ཕྱིར་དང་པོའི་རོ་གསུམ་བསྟན་(བསྟེན་)པར་བྱ། །དེ་ཚེ་མཚན་མོ་རིང་བས་བཀྲེས་གྱུར་ཏེ། །དེ་ཡིས་ལུས་ཟུངས་འབྲི་བར་འགྱུར་བའི་ཕྱིར། །ཏིལ་མར་གྱིས་བྱུག་ཤ་ཁུ་སྣུམ་པ་བཟའ། །ལྤགས་(པགས་)པའི་གོས་དང་ལྷམ་ནི་རྟག་ཏུ་གོན།དུགས་དང་མེ་ཉིའི་འོད་ལ་རན་པར་སྤྲོ(བསྲོ)། །ས་ཡི་ཁང་པ་གཉིས་(ཉིས་)རིམ་ནང་དུ་བསྡད། །དགུན་སྨད་དུས་ན་ལྷག་པར་གྲང་བས་ན། །དེ་ཡང་སྤྱོད་ལམ་འདི་ཉིན(་ཉིད་)སྤྱད་པར་བསྔག(བསྔགས)། །དགུན་དུས་བད་ཀན་ཁོང་དུ་སོགས་(གསོག་)པ་སྟེ། །དཔྱིད་དུས་ཉི་འོད་དྲོས་བས་མེ་དྲོད་ཉམས། །བད་ཀན་ལྡང་ཕྱིར་མཐར་(ཐ་)མའི་རོ་གསུམ་བསྟན་(བསྟེན་)། །ནས་རྙིང་སྐམ་སའི་ཤ་དང་སྦྲང་རྩི་དང༌། །ཆུ་སྐོལ་སྒ་ཐང་བཏང་ཞིང་རྩུབ་པ་བསྟན(བསྟེན)། །རྩལ་(རྩོལ་)བས་བཅག་དང་ལུས་ཀྱི་བད་ཀན་བསལ། །དྲི་ཞིམ་སྐྱེད་མོ་(མོས་)ཚལ་གྱི་ཉི་གྲིབ་འདུག །སོཀའིཉི་མའི་འོད་ཟེར་རབ་ཚ་བས། །སྟོབས་འཕྲོག་ཕྱིར་ན་སྔར་(སླར་)ཡང་སྣུམ་བསིལ་བཟའ། །ལན་ཚྭ་ཚྭ་(ཚ་)སྐྱུར་རྩོལ་བ་ཉིན་(ཉི་)འོད་སྤང༌། །བསིལ་ཆུས་ལུས་བཀྲུ་ཆང་ཆུ་བསྲེས་པ་བཏུང༌། །རབ་འཕྲའི་(ཕྲའི་)གོས་བསྒོ་(བགོ་)བསིལ་ཁང་དྲི་བཟང་བསྟེན། །ཤིང་གྲིབ་རྗི་(རྫི་)ཆར་བསལ་(བསེར་)བུ་ངད་ལྡན་བྱ། །དབྱར་དུས་མཁའ་ལ་སྤྲིན་འདུས་ཆུ་ཡི་བརླན། །རླུང་དང་གྲང་བ་ས་རླངས་ཆུ་རྙོག་ཅན། །མེ་དྲོད་གནོད་པས་མེ་སྟོབས་བསྐྱེད་པ་བསྟེན། །དང་པོའི་རོ་གསུམ་ཡང་དྲོ་སྣུམ་བཅས་བཟའ། །སྐོམ་པའི་ཆང་འཐུང་ཁང་སྟེང་བསིལ་ཡང་གནས། །དབྱར་བསིལ་འཕྲལ་དུ་ལུས་ལ་ཉི་ཟེར་གདུངས། །དབྱར་དུས་བསགས་པའི་མཁྲིས་པ་སྟོན་ན་ལྡང༌། །དེ་བསལ་ཕྱིར་ན་མངར་ཁ་བསྐ་བ་བཟའ། །ག་ཕུར་(པུར་)ཙན་དན་ཨུར་(ཨུ་ཤིར་)དྲི་ལྡན་པའི། །གོས་བགོ་ཁང་པ་ཆག་(ཆག་)བཏབ་ལ་འདུག །མདོར་ན་ཟས་སྤྱོད་དབྱར་དགུན་དྲོ་བ་བསྟེན། །དཔྱིད་རྩུབ་སོས་དང་སྟོན་ཀ་བསིལ་བར་བྱ། །དབྱར་དང་དགུན་གཉིས་དང་པོའི་རོ་གསུམ་བསྟེན། །དཔྱིད་ཁ་ཐ་མའི་རོ་གསུམ་སོས་ཀ་མངར། །སྟོན་ཀ་མངར་ཁ་བསྐ་བ་བསྟེན་པར་བྱ། །སྟོན་དཔྱིད་བཤལ་སྐྱུག་དབྱར་ཁ་འཇམ་རྩི་བསྔགས། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལ་(ལས་)དུས་སུ་སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།





 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:23 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།