སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་བཅུ་བདུན་པ། སྟོངས་པའི་ཚ་བ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཚ་བ་སྟོངས་པའི་རྒྱུ་རྐྱེན་ངོ་བོ་གང༌། །སྟོངས་པའི་མིང་དུ་ཅི་ཕྱིར་བཏགས་པ་ལགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་བདུན་གྱིས་ལན་གསུངས་པ་ལས།།

སྤྱི་དོན་དང་པོ་སྟོངས་པའི་ཚ་བའི་རྒྱུ་ནི་རླུང་ཡིན་ཏེ། །སྤྱི་དོན་གཉིས་པ་སྟོངས་ཚད་སྐྱེད་བྱེད་ཀྱི་རྐྱེན་གསུམ་རང་བཞིན་སྟོངས་པ་དང༌། །རྐྱེན་གྱིས་སྟོངས་དང་གནས་ཀྱིས་སྟོངས་པའོ། །དང་པོ་རང་བཞིན་སྟོངས་པ་རླུང་རིམས་སྟོངས་འཁྲུགས་གཉིས། །ནད་ཚད་པ་ཡུལ་ངད་ཅན་དུས་དབྱར་རང་བཞིན་ན་སོ་རྒས་པ་ནད་ཁམས་རླུང་ཤས་ཆེ་བས་གནས་རུས་པ་ལ་བབས་པ་ལ་སོགས་པས། །རླུང་ཤས་ཆེ་བའི་རྐྱེན་འདོམ་པས་རིམས་སམ་འཁྲུགས་ལས་འབྱུང་བས། །དང་པོ་རང་གནས་ཚ་བ་རླུང་འབུད་བཅས། །གཉིས་པ་རྐྱེན་གྱིས་སྟོངས་པ་ནི་རླུང་ཤས་ཆེ་བ་ཡི། །ཚ་བ་བསིལ་ཐང་ཕྱེ་མ་རྩུབ་མོ་དང༌། །གཏར་བཤལ་རྔུལ་དང་ཟས་སྐོམ་ཡེན་ལ་གཏད་པས་། །ཚད་གཉའ་ཆོགས་ནས་སླར་རླུང་སྐྱེས་ཚད་གཞུག་འབུད། །གསུམ་པ་གནས་ཀྱིས་སྟོངས་པ་སྲོག་རྩར་རླུང་གནས་བབས། །གནས་ཀྱི་དབང་གིས་ཚ་བ་རླུང་གིས་འབུད།།

སྤྱི་དོན་གསུམ་པ་རྐྱེན་དེས་རླུང་ཚད་འཐབ་པའི་ནད་དུ་འགྱུར། །རླུང་གིས་ཚ་བ་བུས་ཀྱིན་ཚད་རྟགས་འཕེལ།།

སྤྱི་དོན་བཞི་བ་རླུང་ཉིད་གྲང་བས་ཚད་རྟགས་འགལ་ཞེ་ན། །སྟོངས་པའི་ཚ་བ་འདི་ནི་དཔེར་ན་མགར་གྱི་སོ་མལ་དང་འདྲ་སྟེ། །སྦུད་འི་རླུང་གྲང་ཡང་མེ་ཡི་གྲོགས་སུ་འགྱུར་པ་ལྟར། །འབུད་བྱེད་ཀྱི་གྲོགས་རླུང་དེ་མ་བཅད་ན་ཚ་བ་ཆེས་ཆེར་འཕེལ་ལོ། །དེ་ཕྱིར་སྟོངས་པའི་ཚ་བ་ཞེས་སུ་བརྗོད་སྟོངས་པ་ཞེས་སྔར་ཡོད་པ་ཕྱིས་མེད་པ་ཞིག་ལ་ཟེར་ཏེ་དཔེར་ན་མེ་མེད་པའི་གྲོང་སྟོང་པ་ལྟ་བུ་སྟེ་ཚ་བ་སྔར་ཡོད་པའི་ཕྱིས་མེད་པས་སྟོངས་པའི་ཚ་བ་ཞེས་བཏགས་ཤིང་། ཚ་བའི་དངོས་པོ་སྟོང་པའི་ཆ་ནས་མེད་པས་སྟོངས་ལརྟགས་ཀྱི་ཆ་རླུང་གིས་སྦར་བས་ཚད་རྟགས་སྟོན་པས་ན་ཚ་བ་མེད་ཀྱང་ཚ་བ་ལྟར་སྣང་བའི་ཆ་ནས་སྟོངས་ཚད་ཞེས་བྱའོ།།

སྤྱི་དོན་ལྔ་པ་དབྱེ་བ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་སྤྱི་ལ་ཚ་བ་སྟོངས་དང་རྩ་སྟོངས་དང༌། །རླུང་སྟོངས་ཞེས་བྱ་རྣམ་པ་གསུམ་དུ་བཤད། །གཉིས་པ་བྱེ་བྲག་རིམས་སྟོངས་ཁྲག་སྟོངས་མཁྲིས་པ་སྟོངས། །བད་ཀན་ཆུ་སེར་གློ་སྙིང་སྟོངས་པ་དྲུག།།

སྤྱོ་དོན་དྲུག་པ་དེ་རྟགས་དང་པོ་ཚ་བ་སྟོངས་པ་ནི། །ཚ་བའི་ནད་གཉའ་ཆོགས་ནས་ཚད་གཞུག་རླུང་གིས་འབུད་པ་སྟེ། །དེའི་རྟགས་ལ་ཆུ་མདོག་དམར་ཞིང་དྭངས་ལ་ལྦུ་བ་ཆེ། །རྩ་རྒྱུད་སྟོང་ལ་རྩ་སྟོད་རྒྱུག་པ་དང༌། །དབུགས་ཐུང་རྔམ་པ་རྒོད་ལ་ཕྱི་ཚད་ཆེ། །མིག་སྤྲིན་དམར་ཞིང་ལྕེ་ནི་དམར་སྐམ་རྩུབ། །གཟེར་འཕོ་སྐོམ་དད་ཆེ་ལ་མིག་རྩ་གྲུང༌། །སྣ་བུག་ཧར་ལ་གཉིད་ཆུང་སྐབས་སུ་དངངས། །བ་སྤུ་ལངས་ནས་རླུང་གསང་དྲུག་བདུན་དཀར་ནག་མཚམས་མནན་ན་ན། །སྐབས་སུ་གཏམ་ལ་ཅོ་འཁྲུལ་ཞེས་པ་གཏམ་ཕལ་ཆེར་དྲན་པས་ཟིན་ལ་རེ་འགའ་ཙམ་འཁྲུལ་གཏམ་འབྱུང་བ་བག་རེ་འོང༌། །འདི་ནི་ལྟར་སྣང་རླུང་གི་ཚ་བ་སྟེ། །བསིལ་སྨན་དང་གཏར་བས་དེད་ན་གཤིན་རྗེའི་ལག་ཏུ་གཏོད། །རྟགས་ལ་ཐེ་ཚོམ་བྱུང་ན་གསུར་དུད་དང་མཐིལ་བཞིར་སྣུམ་བྱུག་དང་རུས་པའི་ཐང་གིས་ཉམས་སད་ལེན་པས་། །ལྕེ་རློན་རྔམ་པ་བདེ་ལ་སྐོམ་དད་ཆུང་། །གཉིད་ཆེ་དབང་པོ་གསལ་སོགས་ཚད་རྟགས་རྣམས་ནུབ་ན་། །མཁས་པས་དེ་ལ་སྟོང་ཚད་ཡིན་པར་ཐག་བཅད་སོམ་ཉི་མི་བྱའོ། །སྲོག་རྩར་ཚ་བ་བབས་པའི་གཉིས་པ་རྩ་སྟོངས་རྟགས། །རྩ་ཆུ་གོང་དང་འདྲ་ཞིང་མིག་དམར་གནམ་དུ་བལྟ། །ཕུས་འདེབས་ཤེས་པ་འཁྲུལ་ལ་རང་གི་གོས་ཀྱིས་རྔུལ་རྣམས་སེལ། །གཉིད་མེད་ཤེས་པ་ཡང་ཞིང་འབྲོས་ཚུལ་སྟོན། །སྐབས་སུ་འདར་ལ་དྲུང་དུ་ཡོད་པའི་རང་གི་མི་ལ་འཛིན། །སོ་འཐབ་སོ་འཆའ་ཀྲིག་སྡད་བྱེད་པ་དང་སྣང་བ་ལ་དངོས་པོ་ཡོད་མེད་ལོག་པར་མཐོང༌། །སྙིང་སྲོག་གནས་སུ་རླུང་ཁྲག་འཐབ་པ་སྟེ། །རྟགས་རྣམས་ཚང་ན་མི་འཚོ་བས་སྤང་བར་བཤད་དོ། །ཚད་གཞུག་རླུང་དུ་ལོག་པའི་གསུམ་པ་རླུང་སྟོངས་ཀྱི་རྟགས། །གཡལ་མང་རླུང་གསང་དྲུག་བདུན་དཀར་ནག་མཚམས་་ན་ཞིང་སྟོང་སྐྱུགས་བྱེད། །ཉིན་མཚན་གཉིས་སུ་གཉིད་མེད་ཤེས་པ་འཕྱོ་ལ་ཞེ་ས་སྣང་བ་འཁྲུལ་བ་མཁས། །བྱ་རྙོང་བྱེད་འདོད་མིག་དཔངས་མཐོ་བའི་ཉམས་ལ་ལྟ་ལ་སྐྲ་འདབ་འདར། །གཏིང་གི་དབང་པོ་མ་འཁྲུལ་ཆལ་ཆོལ་སྨྲ། །ལྕེ་སྟེང་དམར་རྩུབ་རྩ་ཆུའི་ཚ་བ་མེད། །ཧ་ཅང་ཐལ་ན་སྨྱོ་བར་འགྱུར་བ་ཡོད་ཅེ་ན་ཕལ་ཆེར་མི་འོང་། །གཉིས་པ་བྱེ་བྲག་དང་པོ་རིམས་སྟོངས་རྐང་ལག་རེངས་ཤིང་རྐང་རུས་ན། །ཁ་སླེ་ཡོ་བ་འམ་འཕྱང་བ་གཉིད་མེད་སྐྲ་འདར་གདོང་པ་བྱིངས་དབལ་སྐྱ་གསེང་བའོ། །གཉིས་པ་ཁྲག་སྟོངས་ཟས་སྣ་ཚོགས་མེད་པ་ཁ་སླ་གཉིད་སླངས་པས་བླ་འཆོལ་བྱེད་ཆེ་བ་དང་ག་འགག །གསུམ་པ་མཁྲིས་སྟོངས་གཉིད་མེད་ཁ་སླ་མིག་ལྕེ་སེར། །བཞི་བ་བད་ཀན་སྟོངས་པ་རྔུལ་ཆེ་གཉིད་དུས་ཟ་ཟི་མང༌། །ལྔ་བ་ཆུ་སེར་སྟོངས་པ་མིག་གིས་ཟ་ཟི་མཐོང༌། །གཉིད་མེད་དབང་པོ་འཁྲུལ་ཞིང་སྨྱོ་ཚུལ་སྟོན། །དྲུག་པ་གློ་སྙིང་སྟོངས་པ་གཉིད་དང་ཟུག་གཟེར་ཆུང༌། །ལུས་རེངས་སོ་འཐམ་བླ་འཆོལ་བྱེད་པའོ།།

སྤྱོ་དོན་བདུན་པ་སྟོངས་ཚད་བཅོས་པ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །དང་པོ་བཅོས་པའི་ཚུལ་ལ་རྣམ་པ་གསུམ་ཡིན་ཏེ། །ཚ་སྟོངས་ལ་དཔེར་ན་ཁ་དྲག་ཅན་གཉིས་དཔུང་པ་གཉའ་པོ་སྟེ་དྲག་པོའི་ཚུལ་དུ་གཉིས་ཀ་ལ་ཉེ་རིང་མེད་པར་རླུང་ཚད་གཉིས་ཀ་བཅོས། །རྩ་སྟོངས་རྩ་ལ་འཕྲང་ཁ་སོ་པས་བཅད་པའི་ཚུལ་མེ་བཙའ་སོགས་བྱ། །རླུང་སྟོངས་སྨྱོན་པ་མལ་ལམ་ཉལ་སར་དུ་འཇུག་པའི་ཚུལ་དུ་རླུང་ཞི་བར་བྱའོ། །གཉིས་པ་གཉེན་པོ་སྨན་དཔྱད་ཟས་སྤྱོད་རྣམ་པ་བཞི། །དང་པོ་ཚ་བ་སྟོངས་པ་ལ་ལུག་གི་གཞུག་ཆུང་རུས་པ་ལྔ། །ཆང་བྲེ་ཕྱེད་དུ་སུམ་གཉིས་བསྡུས་ཁུ་རུ། །ག་བུར་ཅུ་གང་ཀ་ར་བཏབ་ལ་བཏང༌། །སྨན་ཞུ་རྔུལ་འདོན་རྔུལ་རྗེས་རླུང་སྣ་གླན། །དེ་ནས་ལུག་ཐོང་ཚེར་གྱི་བལ་ཚི་རུས་ཁུར་བཙིར། །བིག་པན་སྒོག་སྐྱ་ཐལ་བ་ཤིང་ཀུན་བུར་སྦྱར་རླུང་དུས་དགོང་དང་ཐོ་རངས་བཏང༌། །ཡང་ན་བིག་པན་ཐལ་བ་ཨ་ག་རུ་ནག་པོ། །ཛཱ་ཏི་རུ་རྟ་སྤོས་དཀར་བུ་རམ་སྦྱར། །དགོང་དང་ཐོ་རངས་རུས་ཁུས་འཕུལ་ལ་བཏང༌། །རླུང་དང་ཚད་པ་དུས་གཅིག་འཇོམས་པར་བྱེད། །ཙན་དན་དཀར་པོ་བསིལ་ཅུ་གུར་ལི་གསུམ་ཨུཏྤལ་སླེ་ཏྲེས་དང་། །སེ་འབྲུ་པི་པི་ལིང་དང་བིག་པན་ཐལ། །བུར་དཀར་སྦྱར་བ་དགུང་གཉིས་རུས་ཁུས་དབུལ། །གཉིས་པ་དཔྱད་དུ་དགོང་ཀ་ཉི་མ་ནུབ་པ་དང༌། །ཚིགས་པ་དྲུག་བདུན་ཨན་སྟོང་མེ་ཡིས་བསྲེག །གཟེར་སར་འབའ་ཆ་རུས་རྙིང་འོལ་སྐོམ་མམ། །འཁར་གོང་སྲིན་ཅན་ཆང་བྲན་བསྲོས་པས་བདུག །གསུམ་པ་ཁ་ཟས་ལུག་ཤ་གྲི་ཐག་བྱས་ལ་མར་གསར་དུ་བརྔོས་པ་ཉེ་འུ་སྦང་གར་གྱི་ནང་ནུབ་དང༌། །བ་ལང་རི་དྭགས་ཤ་གསར་ཉིན་དགུང་བཏང༌། །སྐོམ་དུ་སླེ་ཏྲེས་བུར་རྙིང་བསྡུས་པའམ། །གསར་འཇམ་འོ་མ་བསྐོལ་གྲང་བུར་དཀར་བཏབ། །དེ་ལ་སོགས་པ་ལུས་ཟུངས་ཕོ་བ་ནད་ཁམས་གང་འཕྲོད་མཁས་པའི་རིག་པས་དཔྱད་ཅིང་ཉམས་སྦྱར་བསྟེན། །བཞི་བ་སྤྱོད་ལམ་བསེར་བུ་འདིར་གནས་ཁ་གཡེར་མི་སྙན་པའི་གཏམ། །དྲག་ཤུལ་ཅ་ཅོ་འདུ་འཛི་སྤངས་བྱས་ལ། །ཡིད་འོང་གྲོགས་བསྟེན་དྲོ་བའི་གནས་སུ་བསྡད། །དེ་ལྟར་བྱས་པས་བཅོས་ཀ་མི་ལེན་ཚ་བ་ཆེར་འཕེལ་ན། །གསར་བཅུད་ཟས་ཀྱིས་རླུང་གི་སྣ་བླང་བསིལ་གྱིས་ཚ་བ་བསད། །གཉིས་པ་རྩ་སྟོངས་ཚ་བ་བསིལ་གཏར་མི་གསོད་པས། །དང་པོར་སྤྱི་གཙུག་ཚིགས་པ་དྲུག་པ་རྐང་ལག་གི་མཐེབ་བོང་དབུས་ནེའུ་ལེའི་སྙིང་སྲང་མེས་བསྲོ། །ཨ་གར་(ཛཱ་ཏི་སྤོས་དཀར་ཨུཏྤལ་)བཞི་སྦྱོར་བུར་དཀར་རུས་ཁུས་དབུལ། །མ་ཐུབ་ལྟག་པའི་སྡུད་སྒོ་ཚིགས་པ་བདུན་པ་སྙིང་དཀར་དཀར་ནག་མཚམས། །སྤྲ་བ་ལྔས་བསྲེག་རྩ་འཕྲང་སྡོམ་པས་རླུང་གི་འབྲོས་སྒོ་འགེགས། །ག་བུར་ཙན་དན་དཀར་པོ་ཛཱ་ཏི་སྙིང་ཞོ་ཤ །ཅུ་གང་ནཱ་ག་གེ་སར་ཀ་ར་སྦྱར། །དགུང་གཉིས་བཏང་རྗེས་སྦང་སྐམ་རུས་རྙིང་བདུག །ཆང་བཙོས་ལུས་ཀུན་དྲིལ་ལ་རྔུལ་མང་གདོན། །དེ་རྗེས་གོང་བཞིན་རྩ་འཕྲང་བསྡམ་པ་གཅེས། །ཟས་དང་སྤྱོད་ལམ་གོང་མ་ཇི་བཞིན་ནོ། །གསུམ་པ་རླུང་སྟོངས་ཚ་བ་རླུང་དུ་ལྡོག་འགྱུར་བས། །ཟས་སྐོམ་ཆང་འཇམ་བུར་དཀར་ལུག་ཤ་དང༌། །དཀར་དམར་སྐྱུར་སྒོག་འདོན་གྱི་སྦྱོར་བ་བྱས་ཏེ་ནང་ནུབ་བཏུང༌། །མར་ཆོག་བཅད་པ་ལ་ཕྱེ་བཏབ་ཤ་ཁུ་དང་འོ་མ་བཙོས་སྒ་རྒྱམ་ཚ་བཏབ་ལ་བཏང་བའམ་ཡང་ན་ཆང་དང་བུ་རམ་སྒ་བཏབ་ལ་བཙོས་ལ་བཏང་ངོ་། །དེས་རླུང་མ་ནོན་ལོ་ཤ་མར་རྙིང་པའི་ཤ་ཆེན་ཁྲག་སྤྲུག  །རླུང་གསང་མཐིལ་བཞི་ཚིགས་པ་སྤྱི་གཙུག་བསྐུ་མཉེ་ཡོས་སམ་སྤ་སོ་ཕག་འུས་ལུ་གུའི་པགས་བུ་ཡིན་ཡང་ཟེར་བདུག །ཤིང་ཀུན་སྒ་དང་ཛཱ་ཏི་ཁ་རུ་ཚྭ། །བིག་པན་སླེ་ཏྲེས་བུ་རམ་རུས་ཁུས་དབུལ། །ཚིགས་པ་དྲུག་བདུན་དང་པོ་སྡུད་སྒོ་མེ་ཡིས་མནན། །མི་དང་མི་ལབ་མུན་ཁུང་བསྙལ་ལ་བཞག །གཉིས་པ་བྱེ་བྲག་བཅོས་པ་དང་པོ་རིམས་སྟོངས་ལ་གཏར་ག་སྤང༌། །ལུག་ཤ་ཆང་འཇམ་བསྐུ་མཉེ་གཉིད་ཀྱིས་བཅོས། །བིག་པན་སླེ་ཏྲེས་ཀ་ར་རུས་ཁུས་དབུལ། །གཉིས་པ་ཁྲག་སྟོངས་ཆང་དང་ཉིན་གཉིད་མེ་བཙའ་སྤང༌། །བྱུག་པ་ཤ་གསར་འཇམ་ཐང་ཏིག་ཏ་ཧོང་ལེན་སྐྱུ་རུ་བ་ཤ་ཀ་མཛོ་མོ་ཤིང་བཏང་བར་བྱ། །གསུམ་པ་མཁྲིས་པ་སྟོངས་ན་ཤ་ཆང་མཆོག་ཏུ་གནོད། །བསྐུ་མཉེ་འཇམ་ཐང་ཏིག་ཏ་ཀྱི་ལྕེ་བོང་དཀར་གསེར་མེ་དུག་ཉུང་ག་དུར་བ་ལེ་ཀ་ཀཎྚ་ཀ་རི་བཏང་ཞིང་གཉིད་མི་བསྲུང༌། །བཞི་པ་བད་ཀན་སྟོངས་ན་མར་དང་གཏར་ག་སྤང༌། །ཆུ་སྐོལ་ཤ་གསར་བཏང་ཞིང་བསྐུ་མཉེ་བྱ། །འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཐང་བཏང་རྔུལ་མི་ཕྱི། །ལྔ་པ་ཆུ་སེར་སྟོངས་ན་མར་ནག་སྤང་བར་བྱ། །ཤ་ཆང་རྙིང་པ་བཏང་ཞིང་གཉིད་མི་བསྲུང༌། །འབྲས་ཨ་བར་སྐྱུར་གསུམ་ཕྱི་རྒྱུད་ལྟར་མར་སྦྱར་ལྔ་བདུན་མེ་ཡིས་བསྲོ།  དྲུག་པ་གློ་སྙིང་སྟོངས་ན་བསིལ་ཐང་གཏར་ག་སྤང༌། །རུས་ཐང་ཤ་གསར་བསྐུ་མཉེ་ཆང་འཇམ་བཏང༌། །སྤྱི་ལ་བྱེ་བྲག་བཅོས་པའི་མདེ་ཁར་གདགས། །ཞེས་གསུངས་སོ།།

 བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྟོངས་པའི་ཚ་བ་བཅོས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 4:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།