སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གཅོང་ཆེན་དམུ་ཆུའི་སྤྱི་དོན་རྒྱུ་རྐྱེན་དབྱེ་བ་དང༌། །གྱུར་ཚུལ་གནས་དང་རྟགས་དང་བཅོས་ཐབས་དང༌། །ཕྱི་རྗེས་བཅད་དང་སྤྱི་དོན་བརྒྱད་ཀྱིས་བསྟན། །

སྤྱི་དོན་དང་པོ་རྒྱུ་ནི་རླུང་མཁྲིས་བད་ཀན་ཆུ་སེར་ཁྲག །སྤྱི་དོན་གཉིས་པ་དེ་རྐྱེན་མ་ཞུ་བཤལ་རྗེས་ཟས་སྤྱོད་ལོག །ཚ་བའི་རྗེས་ལ་གཏར་དང་བསིལ་སྦྱོར་ཐལ། །ངལ་དུབ་རྗེས་ལ་ཆུ་མང་བཏུངས་པ་དང༌། །རླན་སྟེང་ཉལ་བ་ལ་སོགས་མེ་དྲོད་ཉམས་པས་དེ་དག་ཐམས་ཅད་དམུ་ཆུའི་རྒྱུ་རྐྱེན་ཡིན་ནོ། །སྔོན་ལས་གདོན་རྐྱེན་དབང་གིས་དམུ་ཆུ་འགྱུར་འདུལ་བ་ལུང་གཞིར་འཚོ་བྱེད་གཞོན་ནུས་གསོས་སྐྱེ་ཚལ་ཞིག་ཏུ་དམུ་རྫིངས་ན་བ་ཞིག་དང་ལྷན་ཅིག་ཏུ་བསྡད་པས། རེ་ཞིག་དམུ་རྫིངས་ཀྱི་འདྲེ་དེ་དང་སྐྱེ་ཚལ་གྱི་འདྲེ་དེ་གཉིས་ནད་པ་དེ་ངས་ཐོབ་ལ་ཞེས་བརྩོད་ནས་དམུ་རྫིངས་ཀྱི་འདྲེ་ན་རེསྐྱེ་ཚལ་འདིར་ར་སྤུའི་དུད་པ་ཞིག་བཏང་ན་ཁྱོད་རྒྱ་མཚོའི་མཐར་འབྲོས་དགོས་པ་ལ་དེ་ཙམ་ཡང་མི་ཤེས་པ་ཟེར། སྐྱེ་ཚལ་གྱི་འདྲེ་ན་རེ་ཁྱོད་ལ་དར་བ་རས་པ་ཞིག་དང་ལ་ཕུག་གི་ས་བོན་ཞིག་བཏབ་ནས་སྦྱིན་ན་ཁྱོད་ལུས་ཚལ་པར་སོང་ནས་དོན་དགོས་པ་དེ་ཙམ་ཡང་མི་ཤེས་པ་ཟེར་བ་ན། འཚོ་བྱེད་ཀྱིས་འདྲེ་དེ་གཉིས་ཀྱི་སྐད་གོ་བསཐབས་དེ་གཉིས་ཀ་བྱས་པས་སྐྱེ་ཚལ་གྱི་འདྲེ་དང་དམུ་རྫིངས་དའང་མེད་ཅིང་ནད་པ་དེ་ཡང་དམུ་རྫིངས་བརྡོལ་ནས་ནད་ལས་གྲོལ་བར་བཤད་པ་ལྟར་གདོན་དེ་འདྲ་བའི་སྐྱོན་ཡོད་པས་སོ།།

སྤྱི་དོན་གསུམ་པ་དབྱེ་བ་ནད་གདོན་དུག་ལས་གྱུར་པ་གསུམ། །ནད་ཆུ་ཕྱིར་རུ་བྱེར་ནང་དུ་ཟགས་དྲི་ཆུ་འཁྱིམས་ཆུ་རྒྱུ་མ་རྡོལ་བཞི། །ཕྱི་རུ་བྱེར་བའི་ཆུ་ཁྲག་བྱེར་མཁྲིས་བྱེར་ཆུ་བྱེར་གསུམ། །ནང་དུ་ཟགས་པའི་ཟགས་ཆུ་དོན་ཟགས་སྣོད་ཟགས་སྐྲན་ཟགས་གསུམ། །དོན་ཟགས་མཆིན་མཆེར་གློ་བ་ཟགས་པ་གསུམ། །སྣོད་ཟགས་ཕོ་བ་ལོང་ག་ཟགས་པ་གཉིས། །སྐྲན་ཟགས་ཁྲག་སྐྲན་རྩ་སྐྲན་ཆུ་སྐྲན་ཟགས། །དབྱེ་བ་ཆུ་རིགས་བཅོ་ལྔར་འགྱུར་བ་ཡིན། །

སྤྱི་དོན་བཞི་པ་གྱུར་ཚུལ་མ་ཞུ་ཕོ་བའི་བད་ཀན་འཕེལ། །དེ་ཡིས་དྲི་ཆུ་ཐུར་སེལ་རྒྱུ་ལམ་བཀག །རླུང་ལོག་དྲི་ཆུ་དྭངས་མའི་རྒྱུ་ལམ་ཤོར། །ལྤགས་འོག་སྣོད་ཀྱི་ཕྱི་རོལ་ཆུ་ཡིས་ཁེངས། །དེ་ནི་རྩ་ཁ་ལོག་པའི་འཁྱིམས་ཆུ་ཡིན།།

བྱེར་ཆུ་དྭངས་མ་མ་ཞུ་མཆིན་ལམ་བརྒྱུད། །ཟུངས་སུ་མ་སོང་ངན་ཁྲག་ཆུ་སེར་རྒྱས། །ཤ་ལྤགས་རྩ་མིག་བྱེར་བ་ཁྲག་བྱེར་ཡིན། །མཆིན་རྒྱས་ངན་ཁྲག་མཁྲིས་པར་ཟགས་པ་ཡིས། །མཁྲིས་འཕེལ་ཁ་ལུད་ཤ་ལྤགས་ཆུ་སེར་རྒྱས། །དེ་ཉིད་དྭངས་མ་མཁྲིས་བྱེར་ཆུ་ཞེས་བྱ། །རླན་གྲང་སྦྱོངས་གཏར་བསིལ་སྦྱོར་ཐལ་བ་ཡིས། །ཕོ་བའི་མེ་ཤི་ཆུ་གྲང་སིངས་གླེག་དང༌། །ཞོ་དར་ཇ་སོགས་འཐུངས་པ་མ་ཞུ་བར། །དྭངས་མ་རྒྱུ་བའི་ལམ་ཤོར་ཟུངས་སུ་འགྲོར་མ་འདོད། །རྩ་ལ་བྱེར་བས་ཆུ་སེར་གྲང་བ་སྐྱེད། །དྭངས་མ་ཆུ་བྱེར་ཞེས་བྱ་གྲང་ཆུར་འགྱུར། །གོང་ལྟར་ཕོ་བ་འི་མེ་དྲོད་ཤོར་བ་ཡིན། །མ་ཞུ་བད་ཀན་དྭངས་མའི་རྩ་མིག་བཀག །དྭངས་མ་མ་ཞུ་ཕོ་བར་ཡུན་རིང་གནས། །ཕོ་བའི་དྲོད་ཤོར་རྫ་གསར་ཆུས་བཀང་འདྲ། །རྔུལ་ཞིང་ཟགས་པ་ཕོ་བའི་ཟགས་ཆུ་ཡིན། །གོང་གི་དྭངས་མ་མ་ཞུ་ལོང་དུ་ལྷུང༌། །ལོང་ཁེངས་ཟགས་པ་ལོང་གི་ཟགས་ཆུ་ཡིན། །དྭངས་མ་མ་ཞུ་འགྲམས་ཁྲག་མཆིན་ཐོག་ལྷུང་། །མཆིན་པ་ཁྲག་གིས་ཁེངས་ཤིང་རྒྱས་པ་ཡིས། །མཆིན་པའི་དྲོད་ཤོར་རུལ་བ་མཆིན་ཟགས་ཡིན། །དེ་འདྲ་མཆེར་ལས་བྱུང་བ་མཆེར་པའི་ཆུ། །དྭངས་མ་མ་ཞུ་ངན་ཁྲག་གློ་སྦུབས་འགྲིམས། །གློ་སྦུབས་ཆུ་སེར་ཁེངས་ནས་འདུས་པ་དེ་དལ་བུས་ཐོས་ཏེ་ཤུགས་ཀྱིས་འཛག་པ་འཆིང་ཆུའམ་ཟགས་ཆུ་དང་དོན་མཐུན། །མཆིན་དྲིའི་སྟེང་དུ་ལྷུང་ནས་སྣོད་སྟེང་ཟགས། །དེ་ཉིད་གློ་བ་ཟགས་པའི་ཆུ་རུ་བཤད། །དྭངས་མ་མ་ཞུ་ངན་ཁྲག་རྒྱས་པ་དེ། །མཆིན་མཆེར་མཆིན་དྲི་རྒྱུ་མ་ལ་སོགས་པའི། །རྩར་ཞུགས་རྩ་མིག་ཁྲག་རླངས་རྩ་སྐྲན་འདྲིལ། །རྙིངས་ནས་ཁྲག་ཞུ་རྡོལ་ཏེ་རྩ་ཁ་བྱེ། །དེ་ཉིད་རྩ་སྐྲན་ཟགས་པའི་ཆུ་ཞེས་བྱ། །དྭངས་མ་མ་ཞུ་འགྲམས་ཁྲག་མཚོན་ཁྲག་གིས། །མཆིན་མཆེར་རྒྱས་ཏེ་ཁྲག་ཟིལ་སྐྲན་དུ་ཆགས། །རྙིངས་ནས་སྐྲན་ཞུ་ཁྲག་སྐྲན་ཟགས་ཆུ་ཡིན། །དྭངས་མ་མ་ཞུའི་ངན་ཁྲག་ཆུ་སེར་རྒྱས། །རྩར་འགྲིམས་རྩ་མིག་ཆུ་སེར་སྐྱ་རྦབ་བྱེད། །དེ་ཉིད་རྡོལ་བ་ཆུ་སྐྲན་ཟགས་ཆུ་ཡིན། །རྒྱུ་མ་འགྲམས་སམ་རྒྱུ་གཟེར་རུས་པ་ཟུག །རྒྱུ་མའི་རྩི་ཉམས་རྙིངས་ནས་རུལ་ཞིང་རྡོལ། །དྲི་ཆུ་ཕྱིར་འཛག་རྒྱུ་རྡོལ་ཆུ་ཞེས་བྱ། །གཞན་ཡང་སྤྱོད་ལམ་སྐྱོན་གྱིས་གདོན་དང་འགྲས། །སྦྱར་དུག་རྐྱེན་གྱིས་ཆུ་རུ་འགྱུར་བ་ཡོད། །འོན་ཀྱང་ནད་ཀུན་བཅོས་ཉེས་པས་མེ་དྲོད་ཉམས་ནས་མ་ཞུ་བ་དེ་ལས་སྐྱ་རྦབ་དང༌། །འོར་དུ་འགྱུར་ལ་འོར་རྙིང་དམུ་ཆུར་འགྱུར། །མདོར་བསྡུས་རླུང་དང་མཁྲིས་པ་བད་ཀན་ཆུ། །དེ་ཡང་ཚ་ཆུ་གྲང་ཆུ་གཉིས་སུ་འདུས། །

སྤྱི་དོན་ལྔ་པ་ཆུ་ཡི་གནས་ས་ཕྱི་ནང་བར་དང་གསུམ། །ཕྱི་ཆུ་ཤའི་མདོག་ཅེས་སམ་མདངས་ཞེས་པ་པགས་སྟེང་སྐྱི་ཆུང་གི་འོག་གི་མདངས་བར་ན་གནས་པ་སྟེ། །ནང་ཆུ་རྒྱུ་ལོང་སྣོད་ཀྱི་སྟེང་ན་འཕྱོ། །བར་ཆུ་པགས་འོག་ཤ་སྟེང་ཁྱབ་པར་གནས།།

སྤྱི་དོན་དྲུག་པ་དེ་རྟགས་སྤྱི་དང་བྱེ་བྲག་རྣམ་པ་གཉིས་ལས་དང་པོ་། །སྤྱི་རྟགས་དང་པོ་འཇུག་དང་བར་དུ་སྨིན། །ཐ་མ་རྒྱས་དུས་འཚོ་འཆི་བརྟག་པ་འོ། །དང་པོ་འཇུག་དུས་ལུས་ཤེད་ཆུང་ལ་ཕོ་བ་མི་འཇུ་ལྟེམ་མེ་བ་སྟེ་ཅུང་ཟད་གང་སྙམ་པ། །དབུགས་རྒོད་སྙིང་འདར་འདེགས་ཟས་ཀྱི་འཇུ་སྟོབས་ཆུང༌། །ལྕེ་མཆུ་རྙིལ་དཀར་འགྲོ་འདུག་གསུས་པ་ལྡིག་ཅེས་པ་ཕོ་བ་ལྕི་བའི་ཕྱིར།  །བོལ་གོང་ངར་གདོང་ཆུ་སོ་ཚིགས་པ་བཅུ་དྲུག་པའི་སྨད་མདོ། །ཕོ་བ་བྲང་ཞོལ་བྲང་སྨད་ཁ་གདོང་སྣའི་ཉེ་སྐོར་མིག་ལྕིབས་མིག་ལྤགས་དང༌། །ཆུ་ཡི་མཁར་བརྒྱད་འཕེལ་བ་སྟེ་ཅུང་ཟད་རྒྱས་པ་གཡོ་ཞིང་སྐྲངས་པ་ཡིན། །བར་དུ་ཆུ་རུ་སྨིན་ནས་གསུས་པ་ཁེངས། །བེམ་ཏོལ་རྒྱབ་ན་ཐོལ་ཐོལ་ཕྲིག་ཕྲིག་འོང༌། །ཐ་མ་རྒྱས་དུས་ཚ་ཆུ་གྲང་ཆུ་གཉིས། །ཚ་ཆུ་རྩ་གྲིམས་ཆུ་མདོག་དམར་རམ་སེར་ཕལ་ཆེར་ལུད་པ་དམར། །གློ་སོར་བ་ནི་རྕེགས་པ་ལྟར་འདུག་མིག་སེར་ལྷེན་སྣ་སློག་པ་གྱོང་ཞིང་དྲེག་པ་ཆགས། །གསུས་པ་ཆེ་ལ་རྩ་ཡི་དྲ་བས་ཁྱབ། །ཡན་ལག་ཕྲ་ལ་སྐམ་པས་ཡི་དྭགས་འདྲ། །གྲང་ཆུ་རྩ་དལ་ཆུ་སྔོ་སྐོམ་དད་ཆུང༌། །ཕོ་བ་སྦོ་འཁྲོག་བྱེད་ཅིང་སྐབས་སུ་འཁྲུ། །མགོ་ལུས་ཡན་ལག་སྐྲངས་ཆེ་མནན་ན་མཛུབ་རྗེས་འོང༌། །སྦོམ་ལ་རགས་པས་ཆེན་པོ་མགོན་པོ་ལྟ་བུར་བཤད། །གྲང་ཆུ་ཡུན་ལོན་སོང་ནས་ཆུ་རྒྱས་པས་གློ་སྙིང་དང༌། །མཆིན་པ་ཆུས་ནུབ་ཚོས་ཏེ་མྱུར་དུ་འཆི། །ཚ་ཆུ་གྲང་ཆུ་སོགས་སུ་མི་གསོག་པས་བཤལ་གྱིས་མི་འདྲོང་བཙག་མི་བཏུབ་དེ་ལས་མི་འདའ་བས་རྒྱས་ཐེབས་ན་སྐྲངས་པ་ཕྲལ་དུ་མི་སྐྱེ་བས་སྐྲངས་པ་རྒྱས་ཚེ་རིང་སྟེ་དལ་བུ།ཛི་ན་མི་ཏྲའི་གཞུང་ལས། དམུ་ཆུ་རྒྱ་ཡིས་ཐེབས་པ་ནི། །བཤལ་གྱིས་མི་འདྲོངས་ཆུ་རྒྱས་ཐེབས། །བཙག་ན་མི་བཏུབ་ལུས་ཟུངས་ཡིན། །ཆུ་རྒྱས་ཐེབས་པ་སྐྱེ་ཐག་ཆོད། །ཚེ་རིང་གསོ་དཀའ་དེ་ཡིན་ནོ། །ཞེས་པ་ལྟར་ཚ་ཚུ་ཡུན་ལོང་ཞིང་རྙིང་པར་གྱུར་བ་ཟུངས་དང་འདྲེས་པ་ལ་རྒྱས་ཐེབས་པ་སྟེ། དེ་ཡུན་རིང་པོ་མི་སྐྱེ་བས་སྐྱེ་ཚེ་ཡུན་རིང་པོར་འགོར་བའོ། །ཕུག་པའམ་སྦྱོང་ན་སྲོག་ཟུངས་དང་ཆུ་འདྲེས་པ་ཡིན་པས་མྱུར་དུ་འཆི་བར་འགྱུར། །འཆི་རྟགས་ནི་དང་ག་མི་བདེ་སྐྱུག་པ་དང༌། །གློ་མང་མིག་སེར་དབུགས་ཐུང་སྐོམ་དད་ཆེ། །དྲི་ཆུ་དམར་སེར་སྐ་ལ་ཉུང་བ་དང༌། །ཟུངས་ཟད་ལུས་སྟོབས་ཤོར་ན་སྤང་བར་བྱ། །དབུགས་དལ་དང་ག་བདེ་ལ་སྐོམ་དད་ཆུང༌། །ཟུག་མེད་ལུས་ཡང་མིག་སྤྲིན་དཀར་དྲི་ཆུ་སྔོ། །རྩ་རྒྱུད་སྙོམས་ལ་ཤེད་ཆེ་ན་མི་འདི་འཚོ་བར་འགྱུར། །གཉིས་པ་བྱེ་བྲག་བརྟག་པ་དྭངས་མ་ཁྲག་བྱེར་ཆུ་ནི་། །རྩ་གྲིམས་ཆུ་དམར་ལུས་ལྕི་དང་ག་འགག །རོ་སྟོད་རྩིབ་ལོགས་རྣམས་སུ་གཟེར་ཕྲན་བུ་རེ་ལྡང༌། །གཏར་ན་ཁྲག་ངན་སླ་ལ་ཆུ་ལྟར་སེར་བ་དང་། །དྭངས་མ་མཁྲིས་བྱེར་གྱི་ཆུ་ནི་དབུགས་རྔམ་ཞིང་འདེགས་དབུགས་རྒོད་པ་གློ་སྙིང་སྤྲུག་གློ་སྙིང་འཁར། །དང་ག་མི་བདེ་འགྲངས་ན་གང་བ་ལྟ་བུ་ཕོ་བ་རྫིང༌། །མིག་ཆུ་སེར་ལ་འཁྲུས་ན་མཁྲིས་པ་འབྱུང༌། །དྭངས་མ་ཆུ་བྱེར་ནི་ལྡེར་ཚོ་ལྟོ་བ་འདག་རྩིའི་སྐུ་འདྲ་ལྟ་བུར་སྐྲངས། །རྩ་བྱིང་ཆུ་སྔོ་སྙིང་སྤྲུག་ཕོ་བ་རྫིང༌། །དེ་གསུམ་དང་པོ་ནད་གསར་བའི་དུས་ཕྱི་ཆུ་འོར་ཡིན་ཏེ། །རྙིངས་པར་གྱུར་ན་ནང་དུ་དམུ་ཆུ་རུ་སྨིན་པ་ཡིན། །མཆིན་པའི་ཟགས་ཆུ་དང་ཕོ་ཟགས་དང་པོ་ཟགས་པ་གཡས་ནས་འཕེལ། །རྩ་གྲིམས་ཆུ་དམར་ཕུག་ན་རྒྱ་བཤལ་ཚོས་ཁུ་བ་ལྟར་འབྱུང༌། །གསུས་པ་ཆེ་ལ་གསུས་པ་ལ་རྩ་བཀྲ་ཞིང་ཡན་ལག་སྐམ། །ལག་པས་མྱོང་བས་མཆེར་པ་ཟགས་འི་ཆུ་གཡོན་ནས་འཕེལ་བ་ལ། །ཆུ་ཡི་ནང་ན་མཆེར་པ་རྡོ་ལྟར་སྲ། །མཆིན་མཆེར་གྱི་ཟགས་པ་གཉིས་དང་པོའི་དུས་གཡས་གཡོན་རང་གནས་ནས་འཕེལ་ཞིང་དེ་གཉིས་ཡང་ཟགས་པ་དེ་དལ་བུས་གཟོས་ནས་ཤུགས་ཀྱིས་འཛག་ཅིང་འཕེལ་བའི་གནད་ཡིན་ནོ། ཕོ་བ་སྦོ་འཁྲོག་འཇུ་སྟོབས་ཆུང་བ་ཡིན། །གློ་བ་ཟགས་པ་གློ་མང་གློ་སྙིང་སྤྲུག་ཅིང་འཁར། །ཟོས་རྗེས་ཕོ་བ་མི་བདེ་བཀྲག་མདངས་འཆོར། །ཕོ་ལོང་ཟགས་པ་སྦོ་འཁྲོག་ཕོ་བ་རྫིང༌འཚིང། །དང་ག་མི་བདེ་ཤིན་ཏུ་འཇུ་སྟོབས་ཆུང༌། །འགྲངས་དང་གྲང་རྗེས་གློ་བུར་དུ་གཟེར་གླང་ཐབས་ལྟ་བུར་ན། །ཁྱད་པར་ཕོ་བ་ལོང་ཡུལ་ན་གྲངས་ཆེ་བ་ཡིན། །སྐྲན་ཟགས་འགྲམ་འཁྲུགས་དང་མཚོན་ཁྲག་མཆིན་མཆེར་དུ་ཆགས་པའི་ཁྲག་སྐྲན། དྭངས་མ་མ་ཞུ་བའི་ངན་ཁྲག་གམ་ཆུ་སེར་རྩར་ཞེན་པའི་རྩ་སྐྲན་གཉིས་གསོག་པ་བུལ་ཞིང་ཁྲག་སྐྲན་དང་རྕ་སྐྲན་ནར་ཆད་ཡོད་ངོས་མང༌། །སྐྲན་རྡོལ་ནས་རྩ་ཁ་བྱེ་བར་གྱུར་པའི་ཆུ་སྐྲན་ནས་ཆུ་གསོག་པའི་རྐྱེན་ཟུག་གཟེར་ཆེ་ཞིང་། །འཁྱིམས་ཆུ་ཞེས་པ་འོག་ནས་ཡར་རླུང་ལྡོག་ལ་མཁལ་བྱུང་གི་ཆུ་གཅིག་བབས་ཆུང༌། །སྦོ་འཁྲོག་བྱེད་ལ་མྱུར་སྐྲངས་པ་དུ་སྐྱེ་བ་ཡིན། །རྒྱུ་རྡོལ་ཆུ་ནི་རྒྱུ་སྨད་མི་བདེ་སྐྲངས་པ་སྨད་ནས་སྐྱེ། །འདྲེ་ཆུ་ནི་ཉྭ་བཞི་ཤ་སྣ་འགུལ་ཞིང་སྙིང་མི་དགའ། །གདོང་ལ་ཆུ་བུར་འོང་ཞིང་སྣ་ཁྲག་འཛག །འཕར་རྩ་མི་གྲུང་སྟེ་མི་གསལ་བ་སྤྱིར་གྲུང་ཞེས་པ་དྭངས་པའི་བརྡ་རྙིང་ཡིན་པས་སྐབས་འདིེར་རྩ་ལང་ལོང་ཆད་ཚོད་འདི་ཡིན་མེད་པར་འཕར་བ་སྟེ་རྩ་ལ་དངས་པ་ཡིན་ནོ་ལྡང་དུབ་ཆེ་ཆུང་ལྡོང་འདྲེ་ཁ་གདོན་ཁ་རྒོད། །ཡང་ན་ཤེས་པ་བྱིང་ལ་ཚིག་པ་ཟ། །མེ་ལོང་སྟེང་དུ་བྱིང་བྱིང་ཐུ་ལུ་འདྲ་མེ་ལོང་འཇམ་པོའི་སྟེང་དུ་བྱིང་བྱིང་ཐུ་ལུ་བཞག་ན་ཁོ་མེ་ལོང་གི་འོད་ལ་བྲེད་ནས་བསྡོད་མ་ནུས་ཤིང་མེ་ལོང་འཇམ་པོར་རྐང་དང་ལག་པ་དྲེད་ས་འགྲོ་ཡང་མི་ཐུབ་པ་ལྟར་ནད་པ་དེ་ཡང་སེམས་གདོན་གྱིས་བསྐྱེད་པས་སྡོད་མི་འདོད་ཅིང་འགྲོ་བར་བརྩམས་ན་ལུས་སྐྲངས་པས་འགྲོར་ཡང་མི་བཏུབ་པའི་དཔེ་བསྟན་པ་སྟེ་དོན་དུ་ལུས་སེམས་སྤྲུན་ལ་གྲིམས་ཤོར་བ་ཡིན་ནོ། །དུག་ལས་གྱུར་པ་དུག་གི་ནད་རྟགས་འབྱུང༌། །གཉིས་པ་མདོར་བསྡུས་རླུང་མཁྲིས་བད་ཀན་འདུས་པས་སྒྱུར། །རླུང་ལས་གྱུར་པའི་ཆུ་འཁྲོག་འུར་ཟུག་ཆེ་འཕེལ་འབྲི་བྱེད། །ཆུ་སྔོ་དྲི་མ་སྲི་ལ་དབུགས་ངན་སྡོམ། །མཁྲིས་པ་ལས་གྱུར་པའི་མིག་སེར་ཤ་སྔོ་ཆུ་བབས་ཆུང༌། །རྩ་གྲིམས་ཆུ་མདོག་མར་ཁུ་བཙོད་ཁུ་འདྲ། །བད་ཀན་ལས་གྱུར་པའི་དབུགས་འདེག་སྐྲངས་ཆེ་འཇུ་སྟོབས་ཆུང༌། །ལུས་ལྕི་གཉིད་ཆེ་རྩ་བྱིང་གཏིང་དུ་བྱིང་ཆུ་མདོག་སྔོ། །དེ་ལ་འདྲེ་ཆུ་འཁྱིམས་ཆུ་ཕོ་ལོང་ཟགས་པའི་ཆུ་བཞི། །བྱེར་གསུམ་སྟེ་བདུན་པོ་དེས་ན་གཅིག་གསོ་བར་ནུས་པས་ཆུ་གསོར་རུང་ཕྱི་མ་དོན་ཟགས་གསུམ་སྐྲན་ཟགས་གསུམ་རྒྱུ་རྡོལ་དུག་གྱུར་དང་དེ་བརྒྱད་པོར་གསོ་བར་ཁས་མི་བླང༌། །མཁྲིས་པ་ལས་གྱུར་ཚ་ཆུ་མི་འཚོ་སྤང༌། །བད་རླུང་ལས་གྱུར་གྲང་ཆུ་གསོ་བར་ནུས། །

སྤྱི་དོན་བདུན་པ་གསོ་ཐབས་དང་པོ་མངོན་ཚུལ་ཞུགས་དུས་སུ། །ཕྱི་རྒྱུད་སེ་འབྲུ་སུག་ཤིང་པི་བཞི་སྟེང་མགྲོན་བུ་དུར་ཐོད་ཤ་རུའི་ཐལ་བ་ཙི་ཏྲ་ཀ་བསྡེབས་པའི་བརྒྱད་དང་རྒོད་མ་ཁ་ཡི་ཕྱེ། །ལུག་ཤ་གསར་འཇམ་ཞུན་མར་དྲོད་བསྐྱེད་ལ། །འཇམ་ཆུ་སྦྱོངས་པའི་བཤལ་གྱིས། ཡང་ན་ཆུ་མ་ཙི་དང་ཨ་རུ་ར་ཞེས་པ་ནས། སྦུར་མགྱོགས་ཆུ་བུ་བྱང་པ་ཆང་གིས་དབུལ་ཞེས་པའི་བར་ཆུ་བཤལ་གྱི་སྐབས་སོགས་གཅིག་ཏུ་བཤད་པ་འདིར་དྲང་བ་ཡིན་ནོ། ཆུ་སེར་སྦྱངས་པས་ཞི་བར་ནུས། །བར་དུ་ཆུ་རུ་རྒྱས་ཏེ་སྨིན་པའི་དུས། །དེ་ལ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་དམུ་ཆུ་བཅོས་ཐབས་རྣམ་ལྔར་བཤད། །དང་པོ་ཆུ་བོ་འོལ་ཁ་སྐྱེ་འཕྲོ་ཐམས་སམ་གནད་དུ་བསྒྱུར་བ་དང༌། །གཉིས་པ་ཆུའི་རྒྱ་མཚོ་གནས་སུ་བསྐམ་པ་སྐེམ་སྦྱོང་དང༌། །གསུམ་པ་མ་སྐོམས་ན་རྫིང་གི་འོར་ཁུང་བརྟོལ་བ་དང༌། །བཞི་པ་མ་ཕིགས་མཚོ་མོ་ཡུར་དུ་དྲངས་བ་དང༌། །ལྔ་པ་ཕྱི་རྗེས་རྩ་ལ་འགག་མིག་གཞུག་པ་མི་ལྡོག་པས་ཕྱིར་དུའོ། །ཆུ་བོའི་འོལ་ཁ་མ་བསྒྱུར་ན། །སྐེམས་པས་མེ་བསྐམས་པས་དྲངས་བས་མི་ཟད་དེ་དཔེ་རྫིང་གི་སྐྱེ་ཆུ་གསོག་པ་འདྲ། །རྒྱ་མཚོ་གནས་སུ་ཆུ་སྐྱོང་འཕྲོ་བཅད་པ་ཡང་མ་བསྐམས་ན། །ལུ་མ་ཅན་གྱི་ཆུ་མིག་ཆུ་མིག་གཏིང་ནས་སྐྱེས་པ་དང་འདྲ། །རྫིང་གི་འོར་ཁུང་མ་བརྟོལ་ན། །ཆུ་ཡིས་ལྟོང་མོ་འགེངས་པ་འཛག་ཏུ་མི་འདོད་འདྲ། །མཚོ་མོ་སྦྱང་པའི་ཐབས་ལ་ཡུར་དུ་མ་དྲངས་ན། །འགྲོ་སའི་རྫིང་གི་འོལ་ཀ་མེད་པ་འདྲ། །ཆུ་ཟད་ནས་རྩ་ལ་འགག་མིག་མ་བཅུག་ན། །ཞིང་པས་ཡུར་མགོ་མ་བཅད་པར་འོལ་ཁའི་ཐན་གར་བཞག་པ་འདྲ་སྟེ་སླར་ཆུ་བཞུགས་པར་འགྱུར་རོ། །དེ་ཕྱིར་བཅོས་ཚུལ་ལྔ་ལྡན་གཅེས། །བཅོས་ཐབས་ལྔ་པོ་དེ་གང་ཡིན་ཞེ་ན་དང་པོ་ཆུ་བོའི་འོལ་ཁ་སྒྱུར་བ་ནི། །མ་ཞུ་མེ་དྲོད་ཉམས་ལས་འབྱུང་བའི་ཕྱིར། །གྲང་བའི་ཆུ་ལ་སེ་འབྲུ་བཞི་པ་སྟེ། །ཚ་བའི་ཆུ་ལ་དེ་སྟེང་གུར་ཀུམ་མཆིན་ཚད་ཆེ་ན་ཁ་ཆེ་གུར་གུམ་བཟང་པོ་བསྣན། །འཛག་ཆུ་སྨན་གྱི་སྐབས་གུར་གུམ་བཤད་པ་ཏམས་ཅད་དེ་ལ་ཁ་ཆེའི་གུར་གུམ་བཟང་པོ་འདི་བཏང་ན་རྕ་ཁ་སྡོམ་པས། བལ་པོ་གུར་གུམ་མམ་བཙུན་མོ་གུར་གུམ་དུ་གྲགས་པ་ཨ་ཙ་རས་འཁྱེར་ཡོང་བ་དང་དམར་སེར་ལེ་རྒན་ཙི་ཟེར་བ་འདི་ཉིད་གཏོང་མཁས་པའི་ཕྱག་ལེན་རྣམ་དག་གོ། བུར་དཀར་སྦྱར་བ་ཆུ་སྐོལ་འཕུལ་ལ་བཏང༌། །ཕོ་བའི་མེ་དྲོད་སྐྱེད་ཅིང་མ་ཞུ་འཇུ། །བད་ཀན་བེ་སྣབས་རྩ་སྦུབས་འགགས་པ་སེལ། །དྭངས་མ་མ་ཞུ་ལུས་ཟུངས་རང་སོར་འཇུག །དེ་རྗེས་འུག་སྒྲོ་ལྔ་པའམ་སྒྲོལ་ཐལ་པ་ལྔ་པ་ནི་ཤིང་མངར་འུ་སུ་ལྕམ་པ་དང༌། །སྲུབ་གའི་འབྲས་བུ་འུག་སྒྲོའི་ནུས་ལྡན་བསྲེགས་པ་ཐལ་བ་རྣམས། །ཞུན་མར་སྦྱར་བཏང་སྐོམ་ལ་ཤིན་ཏུ་འཛེམ། །དྭངས་མ་དྲི་ཆུ་རང་ལམ་འཇུག་པར་བྱེད། །དེ་ཡིས་ཆུ་འོས་ཁ་བསྒྱུར་བའི་རྟགས་སུ་དང་ག་བདེ་ལ་སྐོམ་དད་ཆུང༌། །དྲི་ཆུའི་བུངས་ཆེ་ཕོ་བ་བདེ་བར་འགྱུར། །དེ་ནས་རྒྱ་མཚོ་གནས་སུ་སྐེམ་པ་ལ། །སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི། །སྨན་གྱིས་སྐེམ་པ་ཐོད་སྦྱོར་ཐལ་སྦྱོར་དང༌།  །བི་ཥའི་སྦྱོར་དང་རུས་སྦྱོར་དང་དངུལ་སྦྱོར་དང་ཟངས་ཀྱི་སྦྱོར་བ་དང་དྲུག །ཐོད་པའི་སྦྱོར་བ་མི་དང་ཕག་པ་དང༌། །རྟ་དང་འཕྱི་བ་དུར་ཐོད་གཙོ་བྱས་ལ། །ཨ་རུ་བ་རུའི་རུས་པ་ཝ་ཡི་སྙིང༌། །བྱང་སེམས་དཀར་པོ་ཅོང་ཞི་དམར་པོ་བྲག་ཞུན་བྱང་པ་ཤིང་ཀུན་དང༌། །རྒྱ་ཚྭ་དབྱི་མོང་སྲུབ་ཀའི་འབྲས་བུ་རྣམས། །འོ་མ་མར་དང་ཞག་ལ་འདག་པ་བྱ། །ནུས་ལྡན་བསྲེགས་ཐལ་སུག་སྨེལ་པི་པི་ལིང༌། །སེ་འབྲུ་སྡིག་སྲིན་ལྕམ་པ་སྲམ་གྱི་བྲུན། །ཁ་ཚར་བཏབ་ལ་འདུ་བའི་རྟ་དང་སྦྱར་རླུང་ལ་ཞུན་མར་མཁྲིས་པར་གངས་ཆུ་བད་ཀན་ལ་ཆུ་བསྐོལ་གྱིས་དབུལ་གཞན་ལ་ཆང་བསྐོལ་ཡང་རུང་། །དམུ་ཆུ་རྒྱ་མཚོ་ཙམ་ཡང་སྐེམ་པར་ནུས། །ཐལ་སྦྱོར་ནི་ཐལ་སྨན་འཇམ་པོ་རྒྱུད་ཕྱི་མར་རླུང་དང་ལྡན་ལ་འཇམ་པོའི་སྦྱོར་བ་ནི་ཞེས་པ་དེའོ་སུམ་གཉིས་གཙོ་བྱས་ལ། །བཙན་དུག་ཆ་གཅིག་ཨ་རུ་བཅུ་གཅིག་ཕོ་འགྲོན་སྦྲུམ་པ་མིན་པ་སྟེ་ལྟོ་བ་ཞར་ཞིང་གུག་པ་བདུན། །ཅུ་གང་གུར་ཀུམ་ཚ་བ་སྒ་པི་ཕོ་དབྱི་རྩི་རྣམ་པ་ལྔ་ཞོ་རེ་རེ། །ཚྭ་སྣ་ཚོགས་ཚད་ཡ་བཀྵ་ར་དང༌། །ས་རྫི་ཀ་དང་ཤ་རུ་དུར་ཐོད་ཐལ། །པྲི་ཡངྐུ་རྣམས་དྲི་ཆུས་འདམ་བཏགས་བྱ། །རིལ་བུ་སྲན་ཙམ་ཁྱེའུ་སུས་ཐོ་རངས་ཁྱེའུ་གསོ་བ་ལྟར་ཆུང་རིམ་ནས་ཇེ་ཆེར་རིམ་པས་བསྐྱེད། །ཟླ་བ་གཅིག་གིས་རྒྱ་མཚོ་སྐེམས་པར་ནུས། །བི་ཥའི་སྦྱོར་བ་བཙན་དུག་རིགས་ལྔ་པོ་གང་རུང་ཆ་གཅིག་ལ། །ཨ་རུ་སུམ་གཉིས་སོ་སོར་དུ་བ་མ་ཤོར་བར་ནུས་ལྡན་བསྲེག །འགྲོན་བུ་དུར་ཐོད་བུར་དཀར་རིལ་བུ་བྱ། །གྲང་ཆུའི་སྟེང་དུ་བསྐལ་པའི་མེ་བདུན་འདྲ། །རུས་སྦྱོར་དུང་འཕང་ལོ་གཅིག་དང་འགྲོན་བུ་དུར་རུས་དང༌། །ཉ་སྲམ་ཆུ་བྱའི་རུས་པས་རྣམས་མཐེབ་ཚིགས་ཙམ་རེ་གཙོ་བྱས་ལ། །མུ་ཟི་སྒོ་ང་གང་ཟངས་ཐལ་ཞོ་ཕྱེད་ཅོང་ཞི་ཁྱོར་བ་གང་ཨ་རུ་ར་གཉིས། །རུ་རྟ་ཚ་བ་སྒ་པི་ཕོ་གསུམ་དང་དབྱི་མོང་རྣམས་ཁྱོར་བ་ཕྱེད་རེ་དང༌། །ཟེ་ཚྭ་ཐལ་ཚྭ་རྒྱ་ཚྭ་ཁ་རུ་ཚྭ། །རྒྱམ་ཚྭ་བྱང་ཚྭ་རྣམས་བྱིའུའི་སྒོང་སྐོགས་གང་ཏེ་ཞིབ་བཏགས་ནུས་ལྡན་བསྲེག །དམུ་ཆུ་མ་ལུས་སྐེམས་པའི་གདམས་པ་སྟེ། །ཁྱད་པར་སྐྲན་ཟགས་ཆུ་གཤིག་སྐབས་དུས་གཅིག་བྱེད་ལ་བསྔགས་པ་ཡིན། །དངུལ་ཆུའི་སྦྱོར་བ་ཞོ་ཕྱེད་མུ་ཟི་སེར་པོ་ཞོ་གང་སྟར་བུ་ཞོ་གང་ཚ་བ་སྒ་པི་ཕོ་གསུམ་ཁྱོར་བ་རེ། །ཚྭ་སྣ་གསུམ་པོའམ་ཚོགས་ཚད་བྱིའུའི་སྒོང་སྐོགས་གང་བུ་རམ་རིལ་བུ་སྐེམས་ཀྱི་མཆོག །ཁྱད་པར་ཚ་ཆུ་སྐེམས་པའི་ཕ་ལམ་ཡིན། །ཟངས་ཐལ་སྦྱོར་བ་ཟངས་ཐལ་སུམ་གཉིས་ལ། །ལྕགས་ཐལ་སུམ་ཆ་ཤ་རུས་ཐོད་འགྲོན་ཐལ། །ཨ་རུ་རྡོ་དྲེག་དམར་པོ་ཏ་བྱ་གསེར་རྡོ་ཚ་ན་གྲང་ན་བུ་རམ་གྱི། །རྟ་ཡིས་བསྒྱུར་བས་རྒྱ་མཚོ་ཁྱོར་བ་རེ་རེ་སྐེམས་ནང་ནུབ་ཆུ་བསྐོལ་པར་བྱེད། །ཁྱད་པར་དོན་ཟགས་ཆུ་ལ་བསྔགས་པ་ཡིན། །ཡང་ན་ཟངས་ལྕགས་དངུལ་ཐལ་ཡ་བཀྵ། །མུ་ཟི་རྒྱ་ཚྭ་དབྱི་མོང་ཙི་ཏྲ་ཀ །ཨ་རུ་ཚ་བ་སྒ་པི་ཕོ་གསུམ་དང་ཀ་ར་སྦྱར། །ཚ་གྲང་ཐུན་མོང་སྐེམས་པར་བྱེད་པ་ཡིན། །ཁ་ཟས་ཕྱེས་སྐམ་པ་ལ་ལུག་ཤ་ཟན་དྲོན་གཡག་རྒོད་ཤ །ཚོ་ཁུ་ལོ་མ་འཕྲད་པ་སྤོད་སྒ་གོ་སྙོད་འུ་སུ་བྲན་མར་ཟན་ཆང་འཇམ་བསྟེན། །འཇུ་དཀའ་སྔོ་ངད་ཟས་ངན་ཤ་སོགས་བསིལ་ཟས་བྲ་བོ་སོགས་སྤང༌། །ཚ་ཆུ་དྲོད་བཅུད་ཧ་ཅང་དྲགས་པ་དང༌། །སྤྱོད་ལམ་གྱིས་སྐམ་པ་ལ་་བསེར་བུ་རླན་གྲང་དྲག་ཤུལ་སྤང༌། །དྲོ་བའི་གནས་འདུག་མི་རྔུལ་བག་ཙམ་བཅག །དཔྱད་དུ་སྐམ་པ་ནི་གཡི་སྤྱང་པགས་པའི་སྤུ་དུགས་བྱ། །ཁྱི་ཡི་པགས་པ་དྲོ་ཡང་དང་ག་འགྲིབ། །ལྟེ་བའི་ཕྱོགས་བཞི་སྒྲོམ་ལྷེན་སྣའི་རྩེ་མོ་དང༌། །སྒྲོག་རུས་གཡས་གཡོན་གཤོང་དང་ཚིགས་པ་དང་པོ་བཅུ་གཉིས་བསྲེག །གཞན་ཡང་དོན་སྣོད་གང་ལ་བབས་པའི་རྒྱབ་མདུན་གྱི་གསང་སྒོ་མེ་ཡིས་བསྡམ། །ཚ་བའི་ཆུ་ལ་མཆིན་པ་ཚ་བ་རྒྱས་ན་རུ་ཐུང་སྣོད་ཀ་སྤྱིར་ཚ་ཤས་ཆེ་ན་སྣོད་ཀ་གཏར། །གསུམ་པ་རྫིང་གི་འོར་ཁུང་བསལ་བ་ནི། །ཆུ་བཤལ་ཆུ་སྦྱོངས་འཕྲུལ་འཛག་རྣམ་པ་གསུམ། །དམུ་རྫིང་བུ་ག་འགགས་ལས་འབྱུང་བའི་ཕྱིར། །འདི་ལ་གཉེན་པོ་སྦྱོང་འདྲ་གཞན་ན་མེད། །ཆུ་བཤལ་ཨ་རུ་མཆུ་སྙུང་ཟངས་བརྡུངས་དྲེག་པ་དང༌། །དནྡ་དུར་བྱིད་དོང་ག་ཤྲཱི་ཁཎ། །ཐར་ནུ་ཁྲོན་བུ་རེ་ལྕག་ལྕུམ་རྩ་དང༌། །སྔོན་བུ་ཆུ་མ་རྩི་མཁའ་འགྲོ་ལ་ཕུག་དང་པི་པི་ལིང༌། །རྒྱ་ཚྭ་བུ་རམ་རིལ་བུ་ཆང་གིས་དབུལ། །སྔོན་འགྲོ་ཕྱི་རྗེས་ཕྱི་རྒྱུད་ལས་ལྔ་སྤྱི་དང་མཐུན། །དེ་ཡིས་རྩ་ཁ་འབྱེད་ཅིང་ཆུ་རྣམས་སྡུད། །བྱང་ཕྲ་བདུན་པ་ནི་དེ་རྗེས་སེ་འབྲུ་ཤིང་ཚ་པི་པི་ལིང༌། །སུག་སྨེལ་བལ་པོ་གུར་ཀུམ་གླ་རྩི་བོང་ང་དཀར། །བྲག་ཞུན་སྤོས་དཀར་འུ་སུ་ལྕམ་པ་དང༌། །རྒྱ་ཚྭ་རྒྱམ་ཚྭ་སྡིག་སྲིན་གསེར་བྱེ་མ། །ཨ་རུ་བྱང་པ་བུ་རམ་རིལ་བུ་བྱ། །ཆང་གིས་འཕུལ་བས་ཆུའི་རྣམས་གསང་བར་འདྲེན། །ཆུ་འདྲོངས་ཆུང་ན་ཉི་དགའ་པི་པི་ལིང༌། །ཤིང་ཚ་བསྡུས་པའི་ཁུ་བ་ལྕག་ཏུ་བཏང༌། །འཇམ་བཤལ་ནི་ཡང་ན་འདི་ལ་བྱང་ཕྲ་བཅུ་བདུན་པ་ཟེར་ཆུ་མ་རྩི་མཁའ་འགྲོ་ལ་ཕུག་དང་ཨ་རུ་ར། །སེ་འབྲུ་སུག་སྨེལ་ཤིང་ཚ་པྲི་ཡངྐུ། །གླ་རྩི་བྲག་ཞུན་གུར་ཀུམ་ལི་རྒན་རྩི་བོང་ང་དཀར། །མོན་ལྕམ་ལྕམ་པ་དངོས་རྒྱམ་ཚྭ་རྒྱ་ཚྭ་སྡིག་སྲིན་དང༌། །སྦུར་ཆུའི་ཁ་གཏིང་དུ་མྱུར་བར་རྒྱུག་པའི་སྦུར་བ་ནག་ཆུང་མགྱོགས་འུ་སུ་བྱང་པ་ཆང་གིས་དབུལ། །ཡང་ན་སྔོན་མོ་ཆབ་འདྲེན་བརྡ་སྤྲོད་ལྔ་པར། །སྨུག་པོ་དར་ཡ་ཀན་ཞེས་པ། །སྐྱེ་ས་ཐང་དང་གསེབ་སྐྱེ། །ལོ་མ་ལེབ་ཆུང་སྲན་ཆུང་འདྲ། །མེ་ཏོག་སྔོན་པོ་ར་གཟར་འདྲ། །གང་བུ་གྲོག་མའི་གཟུགས་པོ་འདྲ། །རྩ་བ་སྣུམ་ཕྲན་བཤད་པ་འདྲ། །ཐོ་གར་སྨུག་པོ་ཞེས་ཀྱང་བྱ། །ཞེས་པ་དེ་ཉིད་ཡིན་ལ། མ་རྙེད་ན་སྒ་ཏིག་སྨུག་པོ་ཞེས་པ་མཆོང་རྩ་གཡུ་ལོ་བྱུ་རུའི་མེ་ཏོག་ཅན་དེས་ཚབ་རུང་བ་གསུངས། ཡང་ཆ་ལ་མ་ནིང་སྲད་ཆུང་པར་བྱེད་པའང་འདུག་གོ། །ཁྱོར་བ་ཁ་སྦྱར་སྙིམ་པ་གང༌། །རག་ཤ་གདོང་དྲུག་བྱུང་ན་རབ་དེ་མིན་གང་རུང་མིག་མེད་རྟོགས་པ་བཅུ་རྣམས་རྩི་བཞིན་བཏགས། །དྲོད་སྨན་རིལ་མོ་ཕོ་བ་རིས་ཕོ་ཆོལ་གང་ཆུ་བྲེ་གང་ལ་བསྡུ། །ཕྱེད་འདུས་རྒྱུན་དུ་སྐོམ་དུ་བཏང་བར་བྱ། །ཡང་ན་བོང་རྨིག་བོང་ནག་པོའི་ལག་གཡས་གཞུར་ཞོ་གསུམ་དང༌། །བུ་རམ་ཞོ་གཉིས་རྒྱ་ཚྭ་ཞོ་གཅིག་རྣམས། །རིལ་བུ་བྱས་བཏང་དེ་དག་ཐམས་ཅད་ཀྱིས། །གསང་བའི་ལམ་དུ་རྒྱ་མཚོ་འདྲོངས་པར་ངེས། །ཀུན་གྱིས་འདྲོངས་དཀའ་གཉེན་པོའི་ཆུ་སྦྱོངས་ནི། །བྱང་ཁྲ་བཅུ་གསུམ་ནི་རྒྱ་ཚྭ་སྡིག་སྲིན་སུག་སྨེལ་གུར་ཀུམ་ལི་རྒན་རྩི་མཚལ། །གླ་རྩི་ཚ་ལ་སྤོས་དཀར་པི་པི་ལིང༌། །གཟེ་མ་ལྕམ་པ་འབུ་སྐྱོགས་བྱང་པ་རབ་ནག་པོ་འབྲིང་དམར་ཁྲ་ཐ་མ་སེར་ཁྲ་རྣམས། །རྩི་བཞིན་ཤིན་ཏུ་ཞིབ་པར་རས་བྲིས་ཀྱི་ཚོན་རྩ་ལྟ་བུ་བཏགས་ལ་བུར་གར་ཕྱེད་དང་སྦྱར། །བྱེ་མ་རྒྱ་སྐྱེགས་པ་སྟེ་སྲད་དཀར་ཐང་གིས་སྔ་དྲོ་དགོང་མོ་དབུལ། །ཡང་ན་རྒྱ་ཚྭ་དུར་བྱིད་ཨ་རུ་ར། །ཟངས་བརྡུངས་པའི་བར་གྱི་དྲེག་པ་བྱང་པ་བདུན་བུ་རམ་དར་ཙམ་རིལ་བུར་དྲིལ་རི་བོང་རིལ་མ་ཙམ། །ནང་མ་ལྔ་བདུན་ཆུ་སྐོལ་འཕུལ་ལ་བཏང༌། །རྒྱ་མཚོ་ཙམ་ཡང་འདྲོངས་པར་ཐེ་ཚོམ་མེད། །འཕྲུལ་འཛག་རྣོན་པོ་(དནྡ་དུར་བྱིད་དོང་ག་)གསུམ་དང་སྦྱོང་བྱེད་(སྔོན་བུ་ཁྲོན་བུ་ཐར་ནུ་)གསུམ། །སེར་པོ་གསུམ་དང་སྔོ་ཡི་ཚ་བ་ལྕེ་ཚ་དབྱི་མོང་སྲུབ་ཀ་གསུམ། །འབྲས་བུ་ཨ་བར་སྐྱུར་གསུམ་དང་ཆུ་ལམ་འཛུད་པ་(རྒྱ་ཚྭ་སྡིག་སྲིན་གླ་རྩི་)གསུམ། །སྣ་སེལ་(ཚ་བ་)སྒ་པི་ཕོ་གསུམ་དང་འདྲེན་པར་བྱེད་པ་(ཚ་ལ་ལི་ཤི་མོན་ཆ་ར་)གསུམ། །མི་གདུག་པ་ཡི་སྨན་(བྱང་པ་ཤིང་མངར་ལྕམ་པ་)གསུམ་སྨན་རྟ་ཀ་ར་བུ་རམ་སྦྲང་རྩི་གསུམ། །ཞིབ་བཏགས་ཆང་ལྟོ་སྟོང་ལ་འཕུལ་རྩ་ལྟོ་གཉིས་ནས་སྦྱོང༌པར་བྱེད་། །ལུས་ཟུངས་བཟང་ན་ཞག་རེ་སྨན་གྱིས་དུས་བཞིར་བཅད་ལ་སྦྱང༌། །ཞག་རེ་ཟས་ཀྱིས་ལུས་ཟུངས་གསོ་བར་བྱ། །ཟུངས་ངན་ཟས་ལ་ཞག་གཉིས་ཟས་སྨན་ལ་གཅིག །དེ་ལྟར་སྤེལ་བའི་ཆུ་སྦྱོངས་ལྕག་གིས་ཆུ་སྐོལ་གསར་འཇམ་བསྐུལ། །ཟས་སྨན་གཉིས་རེ་མོས་མ་སྤེལ་ཆུ་ལམ་ཟས་ཀྱིས་འགག །དེ་ཕྱིར་ཟས་སྨན་འཐེང་འགྲོས་རེས་མོས་ཆ་ལ་ཆེ་ཆུང་ཡོད་པ་ཤེས་པར་གྱིས། །བཞི་པ་མཚོ་མོ་ཡུར་དུ་དྲངས་བ་ནི། །རྩ་ནས་གཙག་དང་གསང་ནས་གཙག་པ་གཉིས། །དང་པོ་ཤ་རུ་བཙའ་མ་སེམས་ཅན་གྱི་མགོ་རུས་གང་རུང་ཡ་བཀྵ། །ཙ་བྱ་དབྱི་མོང་དཀར་པོ་སྤེན་ཤིང་མགོ་དང་རྩེ་མོ་ནུས་ལྡན་བསྲེག་པའི་ཐལ་བ་དམར་སེར་ཆུས་རིལ་བུ་བྱས་ལ་རྩ་ལམ་སྦྱང༌། །ཆུ་སེར་གདོང་རྩ་རྒྱུན་དུ་གཏར་བར་བྱ། །རྐང་པའི་སྐྲངས་ཆེ་ཞིང་ལྕི་ན་སྦང་གར་རམ་སྦང་གླད་དང་བག་ཕྱེ་སྦྱར། །པུས་མོ་མན་ཆད་དུ་ཞོ་རྩམ་བྱུགས་ལ་དེ་སྟེང་རི་བོང་གི་སྤུའམ་རེའུའི་སྤུ་སྦྱར་བའི་དེབ་བཏང་སླར་སྦང་གར་བག་ཕྱེ་བྱུག་བཅིང༌དཀྲི། །མཐེ་བོ་བོར་བའི་སོར་མོ་འོག་མ་གསུམ་གྱི་བར་ག་ཤ་ནས་གྱེན་དུ། །མཚོན་གང་བཅལ་པར་ཕུག་ལ་ཆུ་སེར་དབྱུང༌། །ཆུ་ཐག་ཆོད་ནས་རྨ་དེ་སྤྲ་བས་བསྲེག་བཅུ་དྲུག་མདོ་དང་ལྟེ་འོག་ཚོན་གང་ཡང་བསྲེག་གོ།གོང་གི་བཅོས་དེ་དག་ཐམས་ཅད་བརྡུགས་ན་གསང་གནས་གཙག་པར་བྱ། །གསང་ནི་རྒྱབ་ཀྱི་རྩིབ་ཐུང་གཉིས་ཀྱི་མཆན་ལྡེར་ལོག་དང་། །མདུན་གྱི་ལྷེན་གསང་མན་ཆད་དང་ལྟེ་བ་ཡན་ཆད་དུ་ཕོ་སྨད་ཆུ་མཁར་ཡིན་པས་དབུག་ཏུ་མི་རུང་། །ཆུ་ཡོད་མེད་མཚམས་པགས་པ་སྲབ་པའི་འབྲི་དམིགས་ལྟེང་ཀ་ལྟ་བུ་ཡོད་པ་དེ་ཡིན། །རྐེད་པར་ཆུ་ཆིངས་སྣམ་བུས་སྲབ་མཐུག་རན་པས་མས་ཡར་བསྡམ། །སྐྱིལ་ཀྲུང་ཁད་མཉམ་སྟན་འདུག་ལུས་པོ་བསྲང༌། །ཕོ་བའི་རྫེམས་དང་རྫེམས་འཛིན་ཁུག་པ་རྩ་སྟེང་མ་ཡིན་པར། །སྦུབས་ཅན་ཐུར་མ་སྨྱུ་གུ་ཁ་ཡིས་སོར་གཉིས་ཀྱིས་ཚད་ནང་དུ་དབུག །ཆུ་མང་ན་བྲེ་ཕྱེད་དེ་ཡུལ་གསུམ་ཉུང་ན་ཕུལ་དོ་སོགས་ཆུ་བོངས་ཆེ་ཆུང་སྦྱར་ལ་དབྱུང༌བཙག་དུས་ལྟེ་ཐག་མ་བཅད་པར་བཙག་ལྟེ་ཐག་ཆད་ན་མི་འཚོ། །འདོན་པ་མང་ན་ཆུ་ཚབ་སླར་སྐྱེ་བས་ཟུག་གཟེར་སྐྱེ། །ཕུག་ཤུལ་དུང་དང་ཡང་ན་འགྲོན་བུའམ་རྩིབ་མ་མེས་བསྲེགས་པ་གླན་དེའི་། །སྟེང་དུ་ཕྱིང་པ་བག་ཕྱེའི་སྐྱོ་མའི་འདག་པ་སྦྱར་འི་སྟེང་དུ་སྣམ་བུས་བཅིང༌དེས་ཆུ་ཚབ་མི་སྐྱེ།། །དེ་ལྟར་མ་བྱས་ན་ཆུ་ཁ་ཤོར་ནས་རླུགས་ན་ཆུས་བོར་སྐད་ཅིག་མ་ཟད་ནས་སྲོག་དང་འབྲལ། །དེས་ན་རྨ་སྔ་མའི་རྨེན་པ་མ་བརྟས་པར། །ཕྱི་མ་མི་དབུག་ཕུག་ན་སྲོག་གིེ་གཤེད་མ་བྱེད། །རྨ་སྔ་མ་སོས་པ་དང་དེ་ནས་སླར་ནས་རེའི་ཚད་དུ་རིམ་པས་ཇེ་མ་ཇེ་དམའ་དབུག་ཅིང་། །གཙག་པ་དང་དང་སྐེམ་པའི་སྦྱོར་བ་དང་སྦྱོངས་སུ་སྤེལ་གྱིན་བྱས་ལ་བཅོས། །བཙགས་བརྡགས་པའི་ཆུ་པྲ་ནི་ཆུ་རང་བཞིན་པ་དང་ཁ་དོག་འདྲ་ན་འཚོ། །ལྗང་གུ་སེར་པོ་བྱུང་བ་འཚོ་དཀའ་སྟེ་ཡུན་རིང་དུ་སྦྱང་བ་དམར་པོ་དང་སྨུག་པོ་ནི་འཆི། །གཞན་ཡང་དང་པོ་ནད་ཆུ་བར་མ་འདྲེལ་མ་དང་ཐ་མ་ཟངས་ཆུ་ཡིན་མིན་བརྟག་པ་དང་དབུག་ཐབས་སོགས་ཞི་བ་ཆ་ལག་ལེན་དམར་ཁྲིད་ཡིག་ཆུང་དུ་ཤེས་པར་གྱིས་ཤིག། ལྔ་པ་རྗེས་བཅད་པའི་རྩ་ལ་འགག་མིག་གཞུག་པ་ནི། །དོམ་མཁྲིས་གླ་གླ་སྒང་རྩི་བྲག་སྤོས་ཁ་ཆེ་གུར་ཀུམ་བཞི། །སྦྲང་དང་སྦྱར་བས་ཆུ་སྐྱེ་བའི་རྩ་ཁ་སྡོམ་པར་བྱེད། །གོང་དུ་སྐེམས་ཀྱི་སྐབས་བཤད་པ་ལྟར་མེ་དམིགས་བསྲེག་པ་ཡང་ཡང་བསྐྱར། །ཁྱད་པར་སྟེང་འོག་བར་སྟེང་(དང་པོ་བཅོ་བརྒྱད་བཅུ་གསུམ་)གྱི་ཆུ་སྒོ་བསྡམ། །གཉིས་པ་དེ་ནས་དམུ་ཆུ་བྱེ་བྲག་བཅོས་པ་ནི། །བྱེར་ཆུ་རྣམ་གསུམ་སེ་འབྲུས་བཞི་པས་ཕོ་བའི་མེ་བསྲུང༌། །དེ་རྗེས་ཁྲག་བྱེར་ག་བུར་ཉི་ཤུ་རྩ་ལྔ་ཡིས། །ཁྲག་དང་ཆུ་སེར་དྭངས་སྙིགས་ཕྱེ་ལ་གོང་དུ་བཤད་པའི་འཇམ་པའི་བཤལ་གྱིས་སྦྱང༌། །རྩ་ཁ་མང་དུ་ཕྱེ་ལ་ཉུང་དུ་གདོན། །ཟས་སྐོམ་བསིལ་དྲོད་སྤེལ་ལ་སྙོམས་པར་བཅོས། །མཁྲིས་བྱེར་(དནྡ་དུར་བྱིད་སྤོས་དཀར་)བ་ཆུ་སྦྱར་བའི་སྦྱོངས་བཏང་ཕོ་གསང་བསྲེག །རུས་ཐལ་སྦྱོར་བའི་ཐང་སིག་ནེའི་སྦྱོར་བས་(བཟང་དྲུག་ཚ་བ་གསུམ་འགྲོན་ཐོད་ཐལ་བ་བྲག་ཞུན་སོ་མ་ཀ་ར་)རང་སར་སྐེམ། །ཟས་སྐོམ་གོང་གི་ཁྲག་བྱེར་བཞིན་དྭངས་མ་ཆུ་བྱེར་ལ། །མེ་ཡིས་སྟོད་ཨན་སྟོང་སྨད་བཅོ་བརྒྱད་བར་བཅུ་གསུམ་གྱི་ཆུ་གསང་བསྡམ། །ཟས་སྐོམ་ཚོད་ཁུ་ཆང་གསར་ལ་སོགས་དྲོད་བསྟེན་གོང་གི་རུས་སྦྱོངས་དང་ཐལ་སྦྱོར་གང་རུང་བས་བསྐམ། །དེ་རྣམས་དང་པོ་ཕྱི་ཆུའི་དུས་སུ་བསྟེན། །བྱེ་བྲག་གི་བཅོས་དེ་རྣམས་ཀྱིས་མ་ཐུབ་པར་རྙིངས་ན་གོང་གི་སྤྱི་བཅོས་འོས་བསྒྱུར་དང་གནས་སྐེམ་དང་འོར་བརྟོལ་དང་ཡུར་དྲངས་དང་འགག་གཞུག་རྣམ་ལྔ་གཅེས། །མཆིན་པའི་ཟགས་ཆུ་བྲག་ཞུན་(གུར་ཀུམ་སོ་མ་ར་ཛཱ་དོམ་མཁྲིས་ཟངས་ཐལ་འགྲོན་ཐལ་བཟང་དྲུག་གི་)སྦྱོར་བས་བསྡམ། །རུ་ཐུང་རྩ་གཡས་ཡང་ཡང་གཏར་ཟངས་ཐལ་ལམ་གོང་གི་དངུལ་ཆུའི་སྦྱོར་བས་བསྐམ། །མཆེར་ཟགས་རུ་ཐུང་གཡོན་ཡང་ཡང་གཏར་བྱི་ཏང་ག །ཤུ་དག་རྒྱ་ཚྭ་འོ་མར་བསྐོལ་བ་བླུད། །ཕོ་བ་རིལ་དཀར་པོ་ཡིན་མ་བྱུང་ན་ཕོ་བ་རིལ་དཀྱུས་མ་སྟེ་ནག་པོ་ཤི་ཀྲུ་བསྐོལ་བར་རྒྱམ་ཚྭ་པི་པི་ལིང༌། །ཙི་ཏྲ་ཀ་བཏབ་མཆེར་ཟགས་དམུ་ཆུ་སྐེམ། །གློ་ཟགས་སེ་འབྲུ་སུག་ཤིང་པི་སྒ་ལྔ་པས་ཕོ་བ་གཞི་བཟུང༌། །གོང་གི་ཟངས་ཐལ་སྐེམས་བསྟེན་རྗེས་ལ་ཚིགས་པ་དྲུག་བདུན་བསྲེག །ཕོ་བ་དངལོང་ཟགས་དང་འཁྱིམས་ཆུ་ལ་ནི་ཟས་དྲོད་ཅན་དང༌། །གོང་གི་ཐལ་སྦྱོར་ཙི་ཏྲ་ཀ་ནུས་ལྡན་བསྲེགས་པའི་ཐལ་བ་སྦྱར་ལ་བཏང་བི་ཥའི་སྐེམས་སྦྱོར་བ་སྔར་བཤད་པ་དེ་བསྟེན་པར་བྱ། །ཤིང་ཀུན་ཙ་བྱ་དབྱི་མོང་དཀར་པོ་རྒྱུད་ཕྱི་མ་ལྟར་སྒོག་སྐྱ་རྩ་བ་ལྔ། །སྨན་མར་འཇམ་རྩི་བཏང་བས་སྐེམས་གྲོགས་འགྱུར། །སྐྲན་ཟགས་འབྲས་ཨ་བར་སྐྱུར་གསུམ་ཚ་བ་སྒ་པི་ཕོ་གསུམ་པོ་དང༌། །བྱི་ཏང་ག་དང་ལྕགས་ཕྱེ་ཙི་ཏྲ་ཀ །ཕྱི་རྒྱུད་ཀྱི་ཐལ་སྨན་རྣོན་པོ་སྦྲང་དང་སྦྱར་ཏེ་བཏང་བར་བྱ། །སྔར་བཤད་པའི་ཐལ་སྦྱོར་རུས་སྦྱོར་བཤིག་སྐེམས་དུས་གཅིག་བྱེད། །རྒྱུ་རྡོལ་མི་འཚོ་བས་སྤངས་ལ་གདོན་ཆུ་རིམ་གྲོས་བཅོས་གསར་པའི་དུས་ནི་ནི་རུ་ཧ་རྣོན་པོ་དང་འཇམ་རྕི་སྤེལ་གྱིན་བཏང་ཞེས་གསེར་མཆན་ལས་སོ། །དུག་ལས་གྱུར་ན་སྔར་བཤད་པའི་སྐེམས་སྦྱོར་དང་དུག་གི་གཉེན་པོར་བསྟུན། །རླུང་མཁྲིས་བད་ཀན་གང་ཤས་ཆེ་བའི་ཆུ། །སྨན་དཔྱད་ཟས་སྤྱོད་རང་རང་དེ་དང་དེ་ཡི་གཉེན་པོར་སྦྱར། །

སྤྱི་དོན་བརྒྱད་པ་མི་ལྡོག་རྗེས་གཅོད་སྔོ་ངད་འཇུ་དཀའི་ཟས། །འཇིག་ཟས་ཉ་ཕག་རུལ་སུངས་སྒོང་ང་ཆང་སྐྱུར་རྟ་ཞོན་པ་ཉལ་པོ་འགྲོ་འདུག་དང༌། །རླན་གྲང་ཟས་སྤྱོད་མི་འཕྲོད་ལོ་དུས་བསྲུང༌། །སྐེམས་ཀྱི་སྨན་རྣམས་ནང་རེ་རྒྱུན་མི་བཅད། །བོང་ཤ་ཕྱི་རྒྱུད་ལྟར་རྩ་བ་ལྕ་བ་ར་མཉེ་བ་སྤྲུ་གཟེ་མ་ཉེ་ཤིང་ལྔ་ཡི་སྨན་མར་དང༌། །རྒྱུད་ཕྱི་མའི་ད་བྱིད་སྐྱིན་གོར་ལུས་ཟུངས་གསོ་བར་བྱ། །དེ་ཡིས་འཆི་བདག་དམུ་ཆུ་ཟློག་པར་ངེས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅོང་ཆེན་དམུ་ཆུ་བཅོས་པའི་ལེའུ་སྟེ་བཅུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།