སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་དྲུག་པ། སྣ་སྨན་གྱི་སྦྱོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཅུ་དྲུག་པ། སྣ་སྨན་གྱི་སྦྱོར་བ།



ལེའུ་བཅུ་དྲུག་པ། སྣ་སྨན་གྱི་སྦྱོར་བ། 

སྦྱོང་བྱེད་ལས་ལྔའི་ནང་ཚན་སྐྱུགས་ཀྱི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་ཏེ། ལས་ལྔའི་ནང་གི་སྣ་སྨན་བཏང་བའི་ཐབས་ལ་ནད་ཞི་བར་བྱེད་པ་དང༌། དྲག་པོ་སྣ་ནས་སྦྱང་བ་རྣམ་པ་གཉིས་སུ་ཡོད་པས།

ཞི་བྱེད་ཀྱི་སྣ་སྨན་དེ་བཏང་དུ་མི་རུང་བའི་སྐྱོན་དང༌། རུང་བའི་ཕན་ཡོན་དང་བཏང་ཐབས་གསུམ་དུ་ཡོད་དོ། །དེ་ཡང་ཡན་ལག་བརྒྱད་པ་ལས། ཆུ་དང་ཆང་དང་སྦྱར་དུག་མར། །འཐུངས་པའང་འཐུང་བར་འདོད་པ་དང༌། །ཁ་ཟས་ཟོས་དང་མགོ་བཀྲུས་དང༌། །འཁྲུ་བར་འདོད་དང་གཏར་ག་བྱས། །ཆམ་གསར་ཤུགས་འོང་གིས་གཟིར་དང༌། །བུ་བཙས་ལུད་པ་དབུགས་མི་བདེ། །སྦྱང་བྱས་མས་བཏང་ཆོ་ག་བྱས། །དེ་བཞིན་དུས་མིན་ཡུལ་རྨུས་ལ། །སྣ་སྨན་བཏང་བར་མི་བྱ་སྟེ། །ཚབས་ཆེ་ནད་སོགས་མ་གཏོགས་སོ། །གསུངས་པ་ལྟར།  

སྣ་སྨན་མི་རུང་བ་ནི་རིམས་གསར་པ་དང༌། འཕྲལ་དུ་རྨས་པ་དང༌། ཆང་གིས་ར་རོ་བ་དང༌། སྣུམ་བཞི་གང་ཡང་རུང་བ་འཐུངས་པ་རྣམས་ལ་སྤང་བར་བྱའོ་ཞེས་གསུངས་པའི་ཤུགས་རྟོགས་ཀྱི་དབང་གིས་རྒྱུད་ནས་བཏང་རུང་བ་དངོས་སུ་མ་སྨོས་ཀྱང༌། བརྒྱད་པ་ལས། ནམ་ཚོང་ཡན་ཆད་ནད་རྣམས་ལ། །ལྷག་པར་སྣ་ནས་བཏང་བ་ཕན། །སྣ་ནི་ཀླད་པའི་སྒོ་ཡིན་ཏེ། །དེས་ན་དེ་ནས་ནད་དེ་འཇོམས། །བཀྲུ་སྨན་ཀླད་པའི་ནད་རྣམས་དང༌། །བློང་བག་ལྐོག་ནད་མཆི་མ་འཛག། སྐྲངས་དང་ཐོར་བུའི་སྲིན་རྨེན་བུ། །མཛེ་སྨྱོ་ཆམ་པས་བཏབ་ལ་བཏང༌། །བརྟ་བ་རླུང་ལས་འབྱུང་གཟེར་དང༌། །ཀླད་པ་ཕྱེད་ན་སྐད་འགགས་དང༌། །སྣ་དང་ཁ་སྐམ་ཚིག་མ་ཐོན། །མིག་དབྱེ་དཔུང་པ་བསྐྱོད་དཀའ་བཏང༌། །མིག་དབྱེ་དཀའ་དཔུང་བསྐྱོད་དཀར་དང༌། ཞི་བ་མིག་སྔོན་གདོང་ལྤགས་ནད། །སྐྲན་སྐྱོན་མིག་དམར་ལ་བཏང་བྱ། །ཞེས་སོགས་རྒྱས་པར་བཤད་པ་ལྟར་ལ།

བཏང་བའི་ཕན་ཡོན་ནི། སྣ་བུག་འདི་ཉིད་ཀླད་པའི་སྒོ་ཡིན་པའི་ཕྱིར་ཀླད་པ་ལ་ཡ་མ་དཀར་ནག་དང༌། གཞན་ཡང་ནད་ཀྱི་རིགས་ཇི་སྙེད་པ་ཞུགས་པ་རྣམས་མགོ་བོ་དང་དེའི་ཆར་གཏོགས་པ་མིག་སོགས་ནམ་ཚོང་ཡན་ཆད་ཀྱི་ནད་ཀུན་ལ་མཆོག་ཏུ་ཕན་ཞེས་པའི་ཤུགས་ལས་རྟོགས་ཕྱིར་ས་བཅད་སྐབས་སྦྱོར་བ་དངོས་སུ་མ་གསུངས་པ་དང༌། ཁྱད་པར་ཞེས་པ་ནི་སྤྱིར་གྱི་སྣ་སྨན་གྱི་སྦྱོར་བ་གཤམ་གསལ་ལྔ་པོ་གང་གིའང་ནམ་ཚོང་ཡན་གྱི་ནད་ལ་ཕན་པ་གོང་སྨོས་ལྟར་སེམས་དགོས་པའི་དབང་གིས་གསུངས་པ་དང༌། འདིར་གུར་ཀུམ་ཞུན་མར་ཀ་ར་རྣམས་སྦྱར་བས་མགོ་བོའི་རླུང་ཁྲག་འཐབས་པ་དང་གཟེར་ནད་འཁྱུག་པ་རྣམས་འཇོམས་པར་བྱེད་ལ། ཤིང་མངར་སྐྱུ་རུ་ར་ཀ་ར་གསུམ་ཞུན་མར་དང་སྦྱར་བས་རྣ་བ་མིག་དང་ཟ་འགྲམ་སོགས་དང་ཀླད་པའི་ནད་རྣམས་སེལ། ལ་ཕུག་གི་ཁུ་བས་རྣ་བ་དང་མགོ་ནད་སེལ་ཞིང༌། རྟ་སྦངས་གསར་པ་རས་ལ་གཏུམས་ནས་བཙིར་བའི་ཁུ་བས་སྣ་ཁྲག་འཛག་པ་དང་ཀླད་ཁྲག་སོ་སྲིན་རྣམས་སེལ་ཞིང༌། མར་གསར་ཞུན་མར་གྱིས་ནམ་ཚོང་ཡན་ཆད་ཀྱི་རླུང་གི་ནད་རྣམས་འཇོམས་པར་བྱེད་དོ། །བཏང་ཚུལ་སོགས་ལ་ཡན་ལག་བརྒྱད་པ་ལས། དེ་ནས་སྣ་ནས་སྨན་བཏང་བ། །བད་ཀན་སྣང་བར་མཁྲིས་ཉིན་ཕྱེད། །རླུང་ཅན་ཕྱི་འཕྲེད་མཚན་མོ་བཏང༌། །ནད་མེད་པ་ལ་སྟོན་ཀ་དང༌། །དཔྱིད་ཀྱི་ཚེ་ན་སྔ་དྲོ་བཏང༌། །དགུན་ནི་ཕྱེད་དུས་སོས་ཀའི་ཚེ། །ཕྱི་འཕྲེད་དབྱར་ནི་ཉི་དྲོས་བཅས། །ཀླད་པ་རླུང་ནད་ཀྱིས་ཐེབས་དང༌། །སྐྱིགས་བུས་བཏབ་དང་མགོ་འདར་དང༌། །གཉའུ་རིངས་སྐད་ནི་འགགས་པ་ལ། །ཉིན་རེ་ནང་པར་དགོང་ཀ་བཏང༌། །གཞན་ལ་ཉིན་རེས་བར་བཅད་ལ། །ཉི་མ་བདུན་དུ་དེ་དཔྱད་བྱ། །རྟག་ཏུ་བྱ་བའི་ལས་བྱས་ནས། །དང་པོར་མགོ་སྣུམ་བསྐུ་དུགས་བྱས། །རླུང་མེད་མལ་དུ་གནས་ནས་ནི། །ནམ་ཚོང་ཡན་ཆད་དུགས་ཀྱང་བྱ། །དེ་ནས་གན་རྐྱལ་ལུས་དྲང་བརྐྱང༌། །རྐང་པ་ལག་པ་ལེགས་བརྐྱང་ལ། །རྐང་པ་ཅུང་ཟད་སྟོད་ནས་སུ། །མགོ་བོ་ཡིད་ཙམ་སྨད་པར་བྱ། །ཞེས་སོགས་ནས་རིག་པས་དཔག་པ་དང༌།

དེ་ལྟར་སྣ་སྨན་བཏང་བའི་ཐབས་ནི་སྔ་དྲོའམ་དགོང་མོའི་དུས་གང་རུང་ལ་གན་རྐྱལ་དུ་ཉལ་ཞིང་སྔས་སྨད་དེ་མགོ་ཐུར་དུ་དཔྱངས་ལ་སྣ་སྨན་ཐིགས་པ་ལྔའམ་བདུན་བླུགས་ནས་དར་གཅིག་ཉལ་བའི་རྗེས་སུ་དུད་པ་དང་རླུང་བསེར་བུ་རྣམས་སྤང་བར་བྱའོ། །

སྣ་ནས་དྲག་པོར་སྦྱོང་བ་ལ་མི་རུང་བ་སྤང་དགོས་པའི་སྐྱོན་དང་ཕན་ཡོན་དང༌། སྦྱོར་བ་དངོས་དང་བཏང་བའི་ཚུལ་དང་ལོག་གནོན་དང་ལྔས་བསྟན་པར་བྱ་བ་ལས།

མི་རུང་བ་ནི་རླུང་གིས་མགོ་འཁོར་བ་དང༌། མིག་རབ་རིབ་ཅན་དང༌། རྫི་འཁོར་བ་དང༌། སོ་ནད་ཅན་དང༌། རྣག་ཁྲག་འཛག་པ་རྣམས་ལ་སྤང་ངོ༌། །

ཕན་ཡོན་བཤད་པས་རུང་བ་ཤུགས་ལ་རྟོགས་དགོས་པ་ནི། ཆམ་རྒན་མཚུལ་པར་ཞེན་པ་དང༌། ཚད་པ་གག་ལྷོག་གི་རྫོང་ལ་བྲོས་པ་ནི། མན་རྒྱུད་ལས། ནད་ལོག་ཡར་རྫོང་ཀླད་པར་ཤོར་བ་ན། །སྣ་ནས་ཆུ་སེར་འཛག་ཅིང་བླ་འཆོལ་སྨྲ། །དེ་ལ་སྣ་བཤལ་བཏང་ལ་ཆུ་སེར་སྦྱང༌། །ཞེས་པ་ལྟ་བུ་དང༌། མིག་དམར་བ་དང༌། མཛེ་ནད་དང་ཆུ་སེར་གདོང་ལ་ལུད་པ། མགོ་ཆག་རྩ་ལ་བྱེར་ཏེ་ཆུ་སེར་ལྷུང་བ་རྣམས་སེལ་བར་བྱེད་དོ། །

སྣ་སྦྱོངས་ཀྱི་སྦྱོར་བ་དེ་ལ་ཡང་དྲག་འཇམ་གྱི་སྦྱོར་བ་གཉིས་སུ་ཡོད་པའི་དྲག་པོ་ནི། འགྲོན་བུ་བོང་ང་དཀར་པོ་དང་ལུག་སུག་པ་དང་སྒ་སྐྱ་བཅས་བཞི་པོ་བསྲེགས་པའི་ཐལ་བ་དང༌། བྱང་པ་དམར་ཁྲ་རྒྱ་ཚྭ་རྣམས་དྲི་ཆུར་སྦྱར་བ་ལ། ཡང་ན་དེ་ལས་ཅུང་ཟད་འཇམ་པ་ནི། འབྲི་རྟ་ས་འཛིན་རྒྱ་ཚྭ་དང་ཤུ་དག་ནག་པོ་རུ་རྟ་ཤིང་མངར་རྣམས་བ་ཆུར་སྦྱར་བར་བྱའོ། །

བཏང་བའི་ཐབས་ནི་སྔ་དྲོ་ནས་སྣབས་ལུད་གཉིས་སྦྱངས་ཤིང་དག་པར་བསལ་ལ་གན་རྐྱལ་དུ་ཉལ་ཏེ། འཕུལ་བྱེད་ཀྱི་སྔས་གཞུའམ་ཨོད་མ་བཀུག་པའི་རྒྱུད་ཡར་བསྟན་ཞིང་མི་འགྱུར་བར་བྱས་པ་ལྟ་བུ་ལ་མཇིང་པ་བཀལ་ལ་མགོ་དཔྱངས་ནས་ཐིགས་པ་དགུ་བླུགས་དགོས་ཏེ། དེའང་རྐན་གྱི་ནང་ནས་མར་ཁ་ནང་དུ་བྱུང་ན་འགག་ཅེས་སམ་ཧག་ཅེས་ཕྱིར་ཕོ་བ་བྱས་ལ་བཟློག་པ་དང༌། གོང་དུའང་ཟུར་ཙམ་སྨོས་པ་ལྟར། དཔའ་བོའི་བརྒྱད་པ་ལས། རྟག་ཏུ་བྱ་བའི་ལས་བྱས་ནས། །དང་པོར་མགོ་སྣུམ་བསྐུ་དུགས་བྱས། །རླུང་མེད་མལ་དུ་གནས་ནས་ནི། །ནམ་ཚོང་ཡན་ཆད་དུགས་ཀྱང་བྱ། །དེ་ནས་གན་རྐྱལ་ལུས་དྲང་བརྐྱང༌། །རྐང་པ་ལག་པ་ལེགས་བརྐྱང་ལ། །རྐང་པ་ཅུང་ཟད་སྟོད་ནས་སུ། །མགོ་བོ་ཡིད་ཙམ་སྨད་པར་བྱ། །སྣ་ཁུང་གཅིག་ནི་རབ་བཀག་ལ། །རིམ་གྱིས་ཡོངས་སུ་བླུག་བྱ་བ། །སྨན་ནི་ཆུ་དྲོན་གྱིས་བསྲོས་ལ། །སྦུ་གུའམ་རས་བལ་གྱིས་བླུག་བྱ། །བླུགས་ནས་རྐང་མཐིལ་ཕྲག་པ་དང༌། །ལག་པ་རྣ་བ་ལ་སོགས་མཉེ། །རིམ་གྱིས་བླུགས་ལ་ཀློ་གཉིས་སུ། །མཆིལ་མ་དོར་ལ་དེ་ནས་ནི། །སྨན་ནི་ཟད་པར་འགྱུར་གྱི་བར། །ལན་གཉིས་ལན་གསུམ་སྣར་བཏང་སྤྱད། །གལ་ཏེ་བརྒྱལ་གྱུར་བསིལ་བའི་ཆུས། །མགོ་མ་གཏོགས་པར་གཏོར་བར་བྱ། །བཀྲུ་སྨན་འོག་ཏུ་སྣུམ་དག་ནི། །ནད་སོགས་ཚུལ་ལས་དཔགས་ཏེ་བཀང༌། །སྣ་སྨན་བཏང་མཐར་གན་རྐྱལ་དུ། །གྲངས་བརྒྱར་དེ་ལ་བསྡད་པར་བྱ། །དུད་པས་རྔུབས་ལ་ཆུ་དྲོ་འཇམ། །གྲེ་བ་མཚུལ་པ་དག་ཕྱིར་བྱ། །སྣུམ་བཏང་ལེགས་རྒྱུ་དབུགས་བདེར་རྒྱུ། །གཉིད་ལོག་སད་བདེ་དབང་པོ་གསལ། །ཞེས་གསུངས་པའང་སེམས་དགོས་ཤིང༌། སྨན་དེ་བཏང་ནས་ཡུན་བྱ་རྫོགས་ཀྱི་སྐད་ཅིག་མ་གྲངས་བརྒྱའི་བར་དུ་སྡོད་དགོས་དེ་ལ་འགྲེལ་བྱེད་སྔ་མ་དང༌། ལྷ་རྗེ་རེ་གཉིས་ཀྱིས་དཔྲལ་བ་དང་པུས་མོ་གཉིས་ལ་རེག་ནས་སེ་གོལ་རེ་གཏོགས་པ་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཞེས་མོད། རྒྱུ་མཚན་མེད་དེ་གཞུང་གི་དགོངས་པ་མ་ལོན་པའི་ཕྱིར། ཇི་ལྟར་ན་སྤྱིར་བྱ་རྫོགས་ཀྱི་སྐད་ཅིག་ཅེས་པར་ཆོས་མངོན་པ་སོགས་ནས་མི་འདྲ་ཙམ་བཤད་ནའང༌། གསོ་བ་རིག་པ་འདིར་སེམས་ཀྱི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་བྱ་བ་རྫོགས་པའི་སྐད་ཅིག་གཅིག་ཡིན་ལ། དེ་སུམ་ཅུ་ལ་ཐང་གཅིགདེ་སུམ་ཅུ་ལ་ཡུད་གཅིགདེ་སུམ་ཅུ་ལ་ཉིན་ཞག་ཏུ་བཞེད་པའང་མཆིས་མོད། དོན་ཟླ་ཟེར་ལས། པུས་མོ་གཡས་པའི་ལྷ་ང་ནི། །ལག་རྩེས་སྐོར་བའི་བར་དང་ནི། །མིག་འབྱེད་འཛུམ་ནི་མཉམ་པ་ཡི། །ཡུན་ནི་གྲངས་ཀྱི་ཚད་དུ་བཤད། །ཅེས་གསུངས་པ་ལྟར་གྲངས་བཟུང་བའི་ཚད་ནི་པུས་མོ་གཡས་པའི་ལྷ་ང་ལག་པའི་རྩེ་མོའི་སོར་མོས་ཀུན་ནས་བསྐོར་བའི་བར་དང༌། དེ་བཞིན་དུ་མིག་གཉིས་འབྱེད་འཛུམ་གྱི་བར་རམ། སྐྱེས་བུ་དར་བབས་ཀྱི་སེ་གོལ་གཅིག་གི་ཡུན་ཚད་ཡིན་པར་མཁས་པ་རྣམས་བཞེད་ལ། ཞིབ་པར་འདོད་ན་ཆུ་ཚོད་གཅིག་གི་གྲངས་ལ་སྐད་ཅིག་མ་ཆུང་བ་ལྔ་ཁྲི་བཞི་སྟོང་བྱུང་བས། ཅུང་ཟད་ཕྲ་བའི་བརྒྱ་ལ་ཡུན་ཧ་ཅང་ཐུང་དྲགས། ཟླ་ཟེར་གྱི་དགོངས་པ་དང་ཅུང་མ་མཐུན་པས་བྱ་བ་རྫོགས་པའི་སྐད་ཅིག་མ་དེ་བརྒྱ་ཉི་ཤུ་ཡིན་ལ། ཆུ་ཚོད་རེ་ལ་བྱ་བའི་སྐད་ཅིག་མ་བཞི་བརྒྱ་ལྔ་བཅུ་འབྱུང་ཞིང་བྱ་རྫོགས་སྐད་གྲངས་སམ་སྐད་ཅིག་མ་ཆེ་བ་དེ་བརྒྱ་ཐམ་པ་ལ་ཆུ་སྲང་བཅུ་གསུམ་དང་ཆུ་སྲང་གི་སུམ་ཆ་གཅིག་སྟེ། མི་ནད་མེད་སྙོམས་པའི་དབུགས་འབྱུང་འཇུག་གནས་གསུམ་བསྡོམས་པ་བརྒྱད་ཅུ་ཐམ་པ་ཡིན་ཏེ་དེའི་བར་དུ་ཉལ་བར་བྱའོ། །དེས་ཀྱང་ཐེབས་དཀའ་ན་དུ་བ་རལ་པ་དང་སུག་པའི་ཕྱེ་སྣ་ནང་དུ་བུད་དེ་ཚ་ཞིང་གཡའ་སྟེ་ཟ་འཕྲུག་དང༌། སྣབས་མང་པོ་བྱུང་ན་ཡར་ལ་ལངས་ལ་འཕྱི་ཞིང་དེ་རྗེས་སུ་ཆུ་སེར་དང་རྣག་སོགས་གང་ཡོད་དབྱུང་བ་དང༌། གྲེ་བ་མཚུལ་པ་དག་ཕྱིར་ཆུ་བསྐོལ་མང་དུ་བཏུང་ལ། དེ་ནས་སྤོས་དཀར་དང་མར་གསར་བསྲེགས་པའི་དུད་པ་བདུག་པར་བྱའོ། །ཡང་མྲི་གི་ཞེས་པའི་སྲིན་བུ་ཀླད་པར་ཞུགས་ཏེ་བརྒྱལ་འགྲོ་བ་ལ་གཤའ་དཀར་དྷུ་ཏི་དང་འབྲས་གསུམ་གང་རུང་གིས་བཏུལ་བའི་ཕྱེ་མ་བོང་བུའི་ཆུས་རྟ་བྱས་ཏེ་སྣ་སྨན་དུ་བཏང་བས་ཕན་ངེས་པ་ཡིན་ནོ། །

སྣ་སྦྱོངས་གི་ལོག་གནོན་ལ་སྣ་ནས་ཁྲག་ཤོར་ན་མགོ་བོ་དང་སྟོད་ཆུས་བྲན་དགོས་ཤིང༌། དེས་མ་ཆོད་ན་ཁྲག་གཅོད་ཀྱི་སྨན་དང༌། མེ་བཙའ་གཏར་སོགས་བྱ་དགོས་ཏེ། མན་རྒྱུད་ལས། སྣ་ནས་ཁྲག་འཛག་དེ་རིགས་རྣམ་པ་གསུམ། །ཞེས་པ་ནས། རྩེ་ཆུང་གཏར་ཏེ་འོལ་ཁ་བསྒྱུར་བར་བྱ། །ཞེས་པའི་བར་གང་ལ་གང་དགོས་རིག་པས་དཔྱད་དགོས་ཤིང༌། སྣ་སྦྱོང་མ་ཐེབས་པར་མིག་དམར་ཞིང་མགོ་དང་དཔྲལ་བ་གཟེར་ན་སྣ་རྩ་དཔྲལ་རྩ་ལྕེ་རྩ་སོགས་གཏར་བའི་རྗེས་ལ་ཆུ་གྲང་མོའི་ལྕག་བྱའོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་ནང་ཚན་གསུམ་པ་སྣ་སྨན་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།