སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་དྲུག་པ། ལས་ལྔ་སྣ་སྨན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅུ་དྲུག་པ། ལས་ལྔ་སྣ་སྨན་བསྟན་པ།

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ལས་ལྔའི་སྣ་སྨན་ཞི་དང་སྦྱང་བ་གཉིསལས །ཞི་བྱེད་ལའང་མི་རུང་བ་དང་ཕན་ཡོན་དང་བཏང་ཐབས་དང་གསུམ།

དང་པོ་སྣ་སྨན་མི་རུང་བ་ནི་རིམས་གསར་དང་འཕྲལ་དུ་རྨས། །ར་རོ་དང་སྣུམ་འཐུངས་པ་དེ་རྣམས་ལ་སྤང་བར་བྱ།

ཕན་ཡོན་ནི་སྤྱིར་སྣ་ཉིད་ཀླད་པའི་སྒོ་ཡིན་པའི་ཕྱིར། །མགོ་དང་ནམ་ཚོང་ཡན་ཆད་ནད་ལ་མཆོག

ཁྱད་པར་ཁ་ཆེའི་གུར་ཀུམ་ཞུན་མར་ཀ་ར་སྦྱར། །མགོ་རླུང་ཁྲག་འཐབ་གཟེར་ནད་འཁྱུག་པ་འཇོམས། །ཤིང་མངར་སྐྱུ་རུ་ཀ་ར་ཞུན་མར་སྦྱར། །རྣ་བ་མིག་དང་ཟ་འགྲམ་ཀླད་ནད་སེལ། །ལ་ཕུག་ཁུ་བས་རྣ་བ་མགོ་ནད་སེལ། །རྟ་སྦངས་སྣ་ཁྲག་ཀླད་ཁྲག་སོ་སྲིན་སེལ། ཞུན་མར་ནམ་ཚོང་ཡན་ཆད་རླུང་ནད་འཇོམས།

བཏང་ཐབས་སྔ་དྲོ་དང་དགོང་དུས་གན་རྐྱལ་དུ་ཉལ། །སྔས་སྨད་ཐུར་དུ་མགོ་དཔྱངས་སྣ་སྨན་ཐིགས་པ་ལྔའམ་བདུན་བླུག །དར་ཅིག་ཉལ་རྗེས་དུད་པ་བད་རླུང་བསེར་བུ་སྤང༌

སྣ་སྦྱོངས་སྤང་དང་ཕན་ཡོན་དང་སྦྱོར་བ་དང༌། །བཏང་བའི་ཚུལ་དང་ལོག་གནོན་ལྔ་ཡིས་བསྟན། དེའང་མི་རུང་རླུང་གིས་མགོ་འཁོར་རབ་རིབ་དང༌། །རྫི་འཁོར་སོ་ནད་རྣག་ཁྲག་འཛག་ལ་སྤང༌

ཕན་ཡོན་ནི་ཆམ་རྒན་མཚུལ་པར་ཞེན་པ་དང༌། །ཚད་པ་གག་ལྷོག་རྫོང་ལ་བྲོས་པ་དང༌མན་རྒྱུད་དུ། ནད་ལོག་ཡར་རྫོང་ཀླད་པར་ཤོར་བ་ན །སྣ་ནས་ཆུ་སེར་འཛག་ཅིང་བླ་ཅོལ་སྨྲ། དེ་ལ་སྣ་བཤལ་བཏང་ལ་ཆུ་སེར་སྦྱང་། །ཞེས་གསུང་པ་ལྟ་བུའོ། །མིག་དམར་མཛེ་ནད་ཆུ་སེར་གདོང་ལ་ལུད། །མགོ་ཆག་རྩ་བྱེར་ཆུ་སེར་ལྷུང་བ་སེལ

སྦྱོར་བ་དྲག་པོ་ནི་འགྲོན་བུ་བོང་ང་དཀར་པོ་དང༌། ལུག་གི་སུག་པ་སྒ་སྐྱ་བཞི་པོ་བསྲེགས་ཐལ་དང༌། །བྱང་པ་དམར་ཁྲ་རྒྱ་ཚྭ་དྲི་ཆུར་སྦྱར་བར་བྱ། །ཡང་ན་འཇམ་པོ་ནི་འབྲི་ཏ་ས་འཛིན་རྒྱ་ཚྭ་དང༌། །ཤུ་དག་ནག་པོ་རུ་རྟ་ཤིང་མངར་བ་ཆུ་སྦྱར

བཏང་ཐབས་སྔ་དྲོ་སྣབས་སྦྱངས་གན་རྐྱལ་དུ་ཉལ། །འཕུལ་བྱེད་གཞུའམ་ཨོ་མ་བཀང་བ་རྒྱུད་ཡར་བསྟན་མི་འགྱུར་བར་བྱས་པའི་གཞུ་རྒྱུད་ལ་མཇིང་པ་བཀལ་སྔས་ལ་མགོ་དཔྱངས་ཐིགས་དགུ་བླུག སྨན་ཁུ་དེ་རྐན་གྱི་ནང་ནས་མར་ཁ་ནང་དུ་བྱུང་ན་འགག་ཅེས་སམ་ཧག་ཅེས་ཕྱིར་ཕུ་བ་བྱས་ལ་བཟློག དཔྲལ་བ་དང་པུས་མོ་གཉིས་ལ་རེག་ནས་སེ་གོལ་རེ་བཏོག་པ་བྱ་རྫོགས་སྐད་ཅིག་གཅིག་ཡིན་པས་དེ་འདྲ་བ་གྲངས་བརྒྱའི་བར་དུ་ཉལདེ་ཡང་ཟླ་ཟེར་ལས། པུས་མོ་གཡས་པའི་ལྷ་ང་ནི། །ལག་རྩེས་བསྐོར་བའི་བར་དང་ནི། །མིག་འབྱེད་འཛུམ་ནི་མཉམ་པ་ཡི། །ཡུན་ནི་གྲངས་ཀྱི་ཚད་དུ་བཤད །ཅེས་གསུངས་པར་གསོ་དཔྱད་རང་ལུགས་ཡིན་པས། དོམ་ཆུ་སྲང་བཅུ་གསུམ་སུམ་ཆ་གཅིག་ཡིན་གསུངས་སོ། དེས་ཀྱང་ཐེབས་དཀའ་ན་དུ་བ་རལ་པ་དང་སུག་པའི་ཕྱེ་མ་སྣ་ནང་དུ་བུད། །ཚ་གཡའ་སྣབས་མང་བྱུང་ན་ཡར་ལངས་ལ་ཕྱི། །དེ་རྗེས་ཆུ་སེར་རྣག་སོགས་གང་ཡོད་དབྱུང༌། །གྲེ་བ་མཚུལ་པ་དག་ཕྱིར་ཆུ་སྐོལ་བཏུང༌། དེ་རྗེས་སྤོས་དཀར་མར་གསར་བསྲེགས་པའི་དུ་བས་བདུག

ལོག་གནོན་སྣ་ནས་ཁྲག་ཤོར་ན་མགོ་སྟོད་ཆུ་ཡིས་བྲན། དེས་མ་ཆོད་ན་ཁྲག་གཅོད་ཀྱི་སྨན་དང་མེ་བཙའ་དང་གཏར་ཁ་སོགས་མན་རྒྱུད་དུ། སྣ་ནས་ཁྲག་འཛག་དེ་རིགས་རྣམ་པ་གསུམ་ཞེས་པ་ནས། རྩེ་ཆུང་གཏར་ཏེ་འོལ་ཁ་བསྒྱུར་བར་བྱ། །ཞེས་པའི་བར་གང་ལ་གང་དགོས་རིགས་པས་དཔྱད། །མ་ཐེབས་མིག་དམར་མགོ་དང་དཔྲལ་བ་གཟེར། །སྣ་རྩ་དང་དཔྲལ་རྩ་གཏར་བའི་རྗེས་ལ་ཁ་ཆེ་སོགས་དང་ཆུ་གྲང་མོའི་ལྕག་བྱའོ །ཞེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔ་སྣ་སྨན་གྱི་ལེའུ་སྟེ་བཅུ་དྲུག་པའོ། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།