སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བ་བསྟན་པ

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །འཚོ་བ་ཟས་ཀྱི་གནས་ལ་བསླབ་པ་ནི། །ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང༌། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐོས་(སྐོམ་)སྦྱོར་བ་མཁས་པ་གཅེས། །འདི་ལ་སྤྱི་སྡོམ་ཟས་ཚུལ་ཤེས་བྱ་དང༌། །ཟས་སྐོམ་ཟ་ཚོད་རན་པར་ཟ་བ་གསུམ། །

ཟས་ཀྱི་ཚུལ་ཤེས་བྱ་ལ་ཟས་སྐོམ་གཉིས། །ཟས་ལ་འབྲུ་ཤ་སྣུམ་རྔ་(སྔོ་)གཡོས་བྱས་ལྔ། །འབྲུ་ལ་གཉིས་ཏེ་གྲ་མ་སྒང་(གང་)བུ་ཅན། །དེ་ལ་གྲ་མ་ཅན་གྱི་འབྲུ་ཡི་སྡེ། །འབྲས་ཁྲེ་ཁྲ་མ་གྲོ་ནས་སོ་བ་དང༌། །སྲེད་ཏ་(སྲེད་ད་)ལ་སོགས་རོ་དང་ཞུ་རྗེ་(རྗེས་)མངར། །རོ་རྩ་(ཙ་)རླུང་འཇོམས་ལུས་སྟོབས་བད་ཀན་བསྐྱེད། །དེ་ལ་འབྲས་ནི་སྣུམ་འཇམ་བསིལ་ལ་ཡང༌། །ཉེས་པ་གསུམ་སེལ་རོ་རྩ་(ཙ་)འཁྲུ་སྐྱུག་གཅོད། །ཁྲེ་ནི་ལྕི་བསིལ་བརྡས་(བརྟས་)བྱེད་ཆག་གྲུམ་སྦྱོར། །ཁྲ་མ་བསིལ་ཡང་རྩུབ་ཅིང་ཡི་གེར་(གར་)ཕྲོད(འཕྲོད)། །གྲོ་ནི་ལྕི་བསིལ་འཚོ་བྱེད་རླུང་མཁྲིས་བསིལ(སེལ)། །ནས་ནི་ལྕི་བསིལ་བཤང་འཕེལ་སྟོབས་བསྐྱེད་མཆོག །སོ་བ་སྲེད་ཏ་(སྲེ་ད་)བསིལ་ཡང་བད་མཁྲིས་བསིལ། །སྒང་(གང་)བུ་ཅན་འབྲུ་སྲན་མ་མན་མོན་སྲན་གཉིས། །བསྐའ་(བསྐ་)མངར་བསིལ་ཡང་སྐྱ་ལ་རྩ་སྒོ་འགག །བད་ཀན་ཚ་བ་སེལ་ཅིང་འཁྲུ་བ་གཅོད། །སྣུམ་བསིལ་ཁྲམ་(ཁྲག་)མཁྲིས་ཚིལ་ལ་བྱུག་ན་ཕན། །རྒྱ་སྲན་བད་རླུང་ལུད་པ་དབུགས་མི་བདེ། །གཞང་འབྲུམ་ཁུ་བའི་སྡེ་(རྡེ་)འཇོམས་ཁྲག་མཁྲིས་བསྐྱེད། །མ་ཤ་རླུང་འཇོམས་བད་མཁྲིས་ཁུ་སྟོབས་བསྐྱེད། །སྲན་ཆུང་བསྐ་མངར་ཉེས་པ་གསུམ་ཀ་བསྐྱེད། །སྐྱེ་(སྐྱོ་)མས་མེ་དབལ་དྲེག་ནད་ཁྲག་ནད་བསིལ(སེལ)། །ཏིལ་འབྲུ་ལྕི་དྲོ་རོ་ཙ་རླུང་ནད་འཇོམས། །ཟར་མ་མངར་ཁ་སྣུམ་འཇོམས་རླུང་ལ་ཕན། །བྲ་བོ་བསིལ་ཡང་རྨ་འཇིགས་(འཇིག་)ཉེས་གསུམ་བསྐྱེད། །འབྲུ་ཀུན་གསར་བཅུད་རློན་པ་ལྕི་བ་སྟེ། །སྨིན་གྱུར་སྐམས་དང་རྙིང་པ་ཡང་བ་ཡིན། །རྗེན་པ་བཙོས་དང་གཡོས་སུ་བྱས་པ་རྣམས། །རིམ་བཞིན་ཡང་ཞིང་འཇུ་སླ་འཕྲོད་པར་འགྱུར། །ཤ་ནི་སྡེ་བརྒྱད་སྐམ་གཤེར་ཐུན་མོང་གནས། །རྨ་བྱ་གོང་སྲེག་སྐྱུང་ཀ་བྱ་ནག་དང༌། །རི་བྱ་རྣམས་ནི་ཁྲོན་གྱིས་རྐོ་བའི་སྡེ། །ནེ་ཙོ་ཁུ་བྱུག་ཐེ་(ཐི་)བ་ཀྱེ་(སྐྱ་)ཀ་དང༌། །འཇོལ་མོ་བྱེའུ་མཆུ་ཡིས་རྐོ་བའི་སྡེ། །ཤ་(ཤྭ་)བ་རྙན་(གཉན་)རྒོ་གླ་བ་་རི་བོང་དང༌། །བཙོད་(གཙོད་)ཀྱི་ཤ་རྣམས་རི་དགས་(དྭགས་)སྡེ་ཚན་ཡིན། །རྒྱ་དང་ཁ་ཤ་ར་རྒོད་ཕག་རྒོད་དང༌། །མ་ཧེ་བསེ་སྨུག་རྐྱང་དང་གཡག་རྒོད་དང༌། །མཛོ་རྒོད་ལ་སོགས་རི་དྭགས་ཆེ་བའི་སྡེ། །སྟག་གཟིགས་(གཟིག་)དོམ་དྲེད་གསའ་དང་སྤྱང་ཀུ་(ཀི་)དབྱི། །ཝ་དང་འཕར་བ་སྤྲེལ་སོགས་གཅན་(གཟན་)དང་། །བྱ་རྒོད་ཁྲ་གླག་ནེའུ་ལེ་བྱ་རོག་དང༌། །འུག་པ་བྱེ་(བྱི་)ཁྲ་རྩལ་མཐུན་(མཐུས་)ཟ་བའི་སྡེ། །མཛོ་གཡག་རྔ་མང་(མོ་)རྟ་བོང་བ་གླང་དང༌། །སྐོམ་པ་ར་ལུག་ཁྱི་དང་ཕག་པ་བྱ། །བྱ་(བྱི་)ལ་ལ་སོགས་མི་ཡིས་བདག་བྱེད་སྡེ། །ཕྱི་བ་བྱི་ཐུར་སྦལ་སྦྲུལ་གྲུམ་པ་དང༌། །རྨིགས་བུ་རྩང་(རྩངས་)པ་སྡིག་པ་ཁུང་གནས་སྡེ། །ཁྲུང་ཁྲུང་ངང་པ་སོ་བྱ་སྐྱལ་(སྐྱར་)མོ་དང༌། །སྲམ་དང་ཉ་སོགས་རླན་ལ་གནས་པའི་སྡེ། །སྡེ་བརྒྱད་ཤ་རྣམས་རོ་དང་ཞུ་རྗེས་མངར། །ཐོག་མཐའ་བར་དང་་སྐམ་གཤེར་ཐུན་མོང་གནས། །སྐམ་སའི་ཤ་རྣམས་བསིལ་ཞིང་ཡང་དང་རྩུབ། །རླུང་དང་བད་ཀན་ལྡན་པའི་ཚ་བ་སེལ། །རླན་གནས་ཤ་རྣམས་སྣུམ་ཞིང་ལྕི་ལ་དྲོ། །ཕོ་བ་མཁལ་སྐད་(རྐེད་)གྲང་རླུང་ནད་ལ་ཕན། །ཐུན་མོང་གནས་པ་ནུས་པ་གཉིས་དང་ལྡན། །བྱ་གཅན་རྩལ་མཐུན་(མཐུས་)ཤ་རློན་ཟ་བ་རྣམས། །རྩུབ་ཡང་རྣོ་བས་ཕོ་བའི་མེ་དྲོད་བསྐྱེད། །སྐྲན་བཤིག་ཤ་འཕེལ་གྲང་བའི་ནད་ལ་ཕན། །ལུག་ཤ་སྣུམ་དྲོད་སྟོབས་འཕེལ་ལུས་ཟུངས་བསྐྱེད། །རླུང་དང་བད་ཀན་སེལ་ཞིང་དང་ག་འབྱེད། །ར་ཤ་ལྕི་བསིལ་ཉེས་པ་གསུམ་སློང་ཞིང༌། །བསེ་དུག་འབྲུམ་ནག་མེས་འཚིག་རྨ་ལ་ཕན། །བ་གླང་བསིལ་སྣུམ་རླུང་ལྡན་ཚ་བ་སེལ། །རྟ་རྐྱང་བོང་བུ་ལས་(ལ་)སོགས་བཤུལ་ཤ་རྣམས། །རྣག་གཅོད་མཁལ་རྐེད་གྲང་བ་ཆུ་སེར་སེལ། །ཕག་ཤ་བསིལ་ཡང་རྨ་འཇིག་སྨུག་པོ་སེལ། །མ་ཧེའི་ཤའི་(ཤ་ཡིས་)གཉིད་དང་ཤ་སེང་ཕེལ་(འཕེལ་)བྱེད། །གཡག་ཤ་སྣུམ་དྲོད་གྲང་སེལ་ཁྲག་མཁྲིས་བསྐྱེད། །ཁྱིམ་བྱ་བྱེ་འུས་ཁུ་འཕེལ་རྨ་ལ་ཕན། །རྨ་བྱས་མིག་ནད་སྐད་འགགས་རྒས་སྲ་ཕན། །གཡག་རྒོད་ཕོ་མཆིན་གྲང་སེལ་མེ་དྲོད་སྐྱེད། །རི་དྭག་(དྭགས་)བསིལ་ཡང་ལྡན་ཚད་བསིལ་བར་བྱེད། །རི་བོང་ཤ་རྩུབ་དྲོད་སྐྱེད་འཁྲུ་བ་གཅོད། །འཕྱི་བ་སྣུམ་ལྕི་དྲོ་ཞིང་འབྲས་ལ་ཕན། །གྲང་རླུང་ཕོ་བ་མཁལ་རྐེད་མགོ་ནད་སེལ། །སྲམ་ཤ་རོ་ཙ་མཁལ་རྐེད་གྲང་བ་སེལ། །ཉ་ཤ་ཕོ་བའི་ནད་སེལ་དང་ག་འབྱེད། །མིག་གསལ་རྨ་འབྲས་བད་ཀན་བཤིག་པར་བྱེད། །ཤ་ཀུན་ཕོ་མོའི་སྟོད་སྨད་ཕྱེད་ལྕི་སྟེ། །སྦྲུམ་མ་ཀུན་ལྕི་རྐང་བཞི་མོ་ཡི་ཡང༌། །བྱ་རྣམས་ཤ་ནི་ཕོ་ཡི་ཡང་བ་ཡིན། །མགོ་དང་རོ་སྟོད་བྲང་རྒྱབ་དཔྱི་རྐེད་ལྕི། །ལུས་ཟུངས་བདུན་པོ་ཕྱི་མ་ཕྱི་མ་ལྕི། །ཤ་གསར་བསིལ་ཞིང་ཤ་སྙིང་(རྙིང་)དྲོད་(དྲོ་)ལ་བཅུད། །ལོ་ཤ་ཁྱེད་(ཁྱད་)པར་རླུང་ནོན་མེ་སྟོབས་བསྐྱེད། །རློན་པ་འཁྱགས་པ་བསྲེགས་པ་འཇུ་དཀའ་བསིལ། །སྐམ་དང་བཙོས་པ་ཡང་ཞིང་འཇུ་བ་སླ། །སྣུམ་ནི་མར་དང་རྐང་མར་ཚིལ་ཏིལ་མར། །རོ་མངར་ཕྱི་མ་ལྕི་བསིལ་ཁོང་འཁྲུ་སྣུམ། །རྟུལ་དང་ཕྲ་ལ་མཉེན་ཞིང་རླན་པ་ཡིན། །རྒས་བྱིས་སྟོབས་ཆུང་ལྤག་(པགས་)རྩུབ་ཁུ་ཁྲག་ཟད། །སྦྱང་བྱས་སེམས་ལས་རླུང་གིས་ཉེས་ན་བསྔགས། །དེ་ལ་མར་གསར་བསིལ་ཞིང་རོ་རྩ་(ཙ་)ལ། །མདོག་སྟོབས་བསྐྱེད་ཅིང་འཁྲིས་(མཁྲིས་)ཚད་སེལ་བར་བྱེད། །མར་སྙིང་(རྙིང་)སྨྱོ་དང་བརྗོད་(བརྗེད་)བྱེད་རྒྱལ་(བརྒྱལ་)འབོག་འཚོ། །ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་བསྐྱེད། །ཚེ་འཕེལ་སྣུམ་ལ་མཆོག་སྟེ་ལས་སྟོང་བྱེད། །ཕྲུམ་པར་(གསར་)སྤྲི་དང་ཆུར་བ་ལ་སོགས་པ། །དང་ཁ་ལེན་ཅིང་རྟུག་སྐམ་བད་ཀན་སེལ། །ཟོ་མར་བད་རླུང་འཇོམས་སེལ་མེ་དྲོད་སྐྱེད། །འབྲི་དང་ལུག་མར་དེ་བཞིན་གྲང་རླུང་སེལ། །མཛོ་སྙམས་(སྙོམས་)བ་ར་བསིལ་བས་རླུང་ཚད་སེལ། །ཏིལ་མར་ཚ་ནད་སྐེམ་པོས་ཤ་བསྐྱེད་ཅིང༌། །སྦོམ་པོ་འབྲི་ལ་མཁྲིག་(མཁྲེགས་)ཏེ་བད་རླུང་སེལ། །ཉུངས་མར་རླུང་གནོན་བད་འཁྲིས་(མཁྲིས་)སྐྱེད་པ་ཡིན། །རྐང་མར་རླུང་འཇོམས་ཁུ་སྟོབས་བད་ཀན་སྐྱེད། །ཚིལ་གྱིས་རུས་ཚིགས་ན་དང་མེས་ཚིགས་(ཚིག་)དང༌། །ལྷུ་དང་རྣ་བ་གླད་(ཀླད་)པ་མཁལ་ནད་སེལ། །སྐྱེས་བུ་སྣུམ་ལ་བརྟེན་པར་བྱེད་པ་རྣམས། །ནང་གི་དྲོད་འབར་ཁོང་པ་དག་པ་དང༌། །ལུས་ཟུངས་ཕྲལ་(བརྟས་)སྟོབས་དང་མདོག་བཟང་ལྡན། །དབང་བརྟེན་(བརྟན་)རྒས་སྲ་ལོ་བརྒྱ་ཐུབ་པར་བཤད། །སྔོ་དངསྒོག་བཙང་(ཙོང་)ལ་སོགས་ཚ་བ་དང༌། །ཁུར་མང་རྒྱ་ཁུར་ལ་སོགས་ཁ་བ་དང༌། །སྐམ་དང་གཤེར་བའི་གནས་སུ་སྐྱེས་པ་དང༌། །སྐམ་དང་རློན་པ་རྗེན་པ་གཡོས་བྱས་རྣམས། །གྲོ་ཡང་བསིལ་ལྕི་གྲང་བ་ཚ་ནད་སེལ། །ཙོང་སྒོག་གཉིད་འཕེལ་ཟས་ལེན་བད་རླུང་སེལ། །སྒོག་སྐྱ་ལྕི་བསིལ་སྲིན་ནད་ཚད་རླུང་སེལ། །ལ་ཕུག་གཞོན་ནུས་ཡང་དྲོད་མེ་དྲོད་བསྐྱེད། །ནར་སོན་ལྕི་བསིལ་བད་ཀན་སྐྱེད་པར་བྱེད། །ཉུང་མ་དེ་བཞིན་དུག་ནད་མ་ལུས་སྲུང༌། །རི་སྒོག་ཐམས་ཅད་ཟད་(ཟས་)ལེན་འཇུ་དཀའ་ལྕི། །ལྕུམ་དང་ཆུ་ལོས་བད་ཀན་དངས་(དང་)ཁ་(ག་)འབྱེད། །སྔོ་ཀུན་རྩ་སྒོ་འགགས་ཤིང་སྨན་ནུས་འཇོམས། །དེ་ལ་གཡས་(གཡོས་)སུ་བྱས་འི་ཟས་སྡེ་ལ། །འབྲས་ཐུག་སླ་དང་སྐའ་(སྐ་)བ་གར་བ་དང༌། །འབྲས་མཁྱེན་(ཆན་)རྣམས་ནི་སྔ་མ་སྔ་མ་ཡང༌། །སླ་བ་སྐོམ་སྟེ་ཉེས་པ་ལྷག་མ་འཇོམས། །འཇུ་ཞིང་ཟུངས་སྙོམས་དྲོད་བསྐྱེད་རྩ་སྦུབས་མཉེན། །སྐའ་(སྐ་)བས་དྲོད་བསྐྱེད་བཀྲེས་སྐོམ་ཉམ་ཆུང་རྨྱ། །ཟས་འཇུ་བྱེད་ཅིང་དྲི་མ་འགགས་པ་སེལ། །ཐུག་གར་འཁྲུ་གཅོད་ཡིད་འོང་སྐོམ་པ་སེལ། །དེ་ཕྱིར་རིམ་པས་ཉམས་(ཉམ་)ཆུང་དཀྲུས་(བཀྲུས་)རྗེས་བསྔགས། །འབྲས་མཆེན་(ཆན་)ལེགས་བཙོས་ཚ་བའི་སྨན་དང་བསྐོལ། །ཡང་ཞིང་འཇུ་སླ་ཤ་ཁུ་འོ་བསྐོལ་ལྕི། །འབྲས་ཡོས་འཁྲུ་བ་གཅོད་དང་རུས་ཆགས་(ཆག་)སྦྱོར། །སྲུལ་(སྲུས་)ཐུག་ནས་ཐུག་རྒྱུན་འགགས་མེ་དྲོད་འཇོམས། །ཡོས་དྲལ་ཡང་ཞིང་འཇམ་དྲོད་(དྲོ་)ཕོ་བར་འཕྲོད། །རྩམ་པ་གྲང་མོ་སྟོབས་སྐྱེད་ལྕི་བ་ཡིན། །བཟོ་(བཙོས་)ཟན་ཡང་ལ་འཇམ་པས་འཇུ་བ་སླ། །ཁེང་(ཁེངས་)པོ་ཐམས་ཅད་ཕོ་བའི་མེ་དྲོད་འཇོམས། །ཨ་སྦྱར་འཇུ་སླ་སྟོབས་འཕེལ་བད་འཁྲིས་(མཁྲིས་)བསྐྱེད། །ཟན་ཆང་རླུང་སེལ་ཁོང་པའི་དྲོད་ལ་ཕན། །སྐྱུར་ནུ་(ཁུས་)ཟས་ལེན་ཉེས་སེལ་རྙིང་ཞག་བསྐྱེད། །ཤ་ཁུས་ཉམས་བརྟས་ཚིལ་བསྐྱེད་རླུང་ལ་ཕན། །ཟས་(ཟན་)སྐམ་ཚོད་མ་རླུང་ལ་མཆོག་ཏུ་ཕན། །ཟ་ཟྭ་ཚོད་རླུང་འཇོམས་དྲོད་སྐྱེད་བད་མཁྲིས་སླང་(སློང་)། །ལྕམ་པ་བེ་ཁུར་དྲོད་སྐྱེད་འཁྲུ་བ་གཅོད། །ད་(དྭ་)ཚོད་རླུང་འཇོམས་རྨ་སྐེམ་བད་མཁྲིས་སྐྱེད། །སྣེ་ཚོད་མིག་ལ་གནོད་ཅིང་རྟུག་སྐམ་སེལ། །མོན་སྣེ་དམར་པོས་ཉེས་པ་གསུམ་ག་སེལ། །སྐྱབས་དང་ཁུར་ཚོད་བསིལ་ཏེ་ཚ་བ་སེལ། །སྔོ་སྒའི་ཚ་བ་མཁྲིས་ཚད་མགོ་ནད་སེལ། །སྲན་ཚོད་ཁ་ཟས་ལེན་ཞིང་བད་རླུང་བསྐྱེད། །ལུས་ཀྱི་སྣུམ་འདོན་འབྲུ་མར་མ་ཞུ་སེལ། །ལོ་ཤུལ་(གསར་)སྙོམས་ཤིང་ཤུལ་(བཤུར་)བས་བད་རླུང་སེལ། །ལ་ཕུག་ཚ་བས་དྲོད་སྐྱེད་འཁྲུ་བ་གཅོད། །སྒོག་སྐྱ་སྒོག་སྔོན་ཚ་བས་རླུང་ལ་ཕན། །ལན་ཚྭས་ཁ་ཟས་ཀུན་གྱི་བྲོ་བ་བསྐྱེད། །དྲོད་སྐྱེད་འཇུ་བ་སླ་ཞིང་གཤང་(བཤང་)བ་འབྱིན། །གཡེར་མས་རྩ་སྒོ་འབྱེད་ཅིང་བད་རླུང་སྐྱེད། །ལྒ་ཡིས་དྲོད་སྐྱེད་ཤིང་ཀུན་རླུང་སྲིན་འཇོམས། །སྤོད་ཀུན་ཟས་ཀྱི་བྲོ་བསྐྱེད་ཡི་གར་འོང༌། །

བཏུང་བ་འོ་མ་ཆུ་དང་ཆང་ལ་སོགས། །རིམ་བཞིན་ནད་སེལ་བཟློག་(ལྡོག་)པས་དེ་རབ་བསྐྱེད། །འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། །སྣུམ་ལྕི་ཟུང་(ཟུངས་)འཕེལ་མདངས་བསྐྱེད་རླུང་མཁྲིས་སེལ། །རོ་ཙ་བད་ཀན་བསྐྱེད་བསིལ་ཅི་ལྕི་བ་ཡིན། །བ་ཡི་འོ་མ་བློ་(གློ་)རྡོལ་གཅོང་ལ་ཕན། །རིམ་སྙིང་(རིམས་རྙིང་)གཅིན་སྙི་ཡིད་གཞུང་(གཞུངས་)འཚོ་བྱེད་ཡིན། །ར་ཡི་འོ་མས་དབུགས་མི་བདེ་བ་སེལ། །ལུག་གི་འོ་མས་རླུང་འཇོམས་སྙིང་ལ་གནོད། །འབྲི་ཡི་འོ་མས་བད་མཁྲིས་ནད་ལ་གནོད། །རྟ་བོང་འོ་མས་གློ་གསོ་རྨོངས་པར་བྱེད། །འོ་སློན་(རློན་)ལྕི་བསིལ་སྲིན་དང་བད་ཀན་བསྐྱེད། །བསྐོལ་བ་ཡང་དྲོ་བསྡུས་པ་འཇུ་དཀའ་ལྕི། །བཞོས་ཐོག་འོ་མ་དྲོན་མོ་བདུད་རྩིར་མཚུངས། །འོ་མའི་སྙིང་པོ་བཏོན་པའི་ཞོ་སྐྱ་ཡིས། །མ་སྙོམས་རིམ་(རིམས་ཆམ་)འགྲམས་འཁྲུགས་འཁྲུག་ཚད་(འཁྲུ་བ་)སེལ། །ཞོ་སྨིན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། །རྟུག་སྐམ་རླུང་ཚད་སེལ་ཞིང་ཡི་ག་འབྱེད། །དར་གསར་མངར་སྐྱུར་ཡང་ཞིང་མེ་དྲོད་བསྐྱེད། །སྐྲན་མཚེར་གཞང་འབྲུམ་ཡར་(མར་)མ་ཞུ་བ་སེལ། །ཞོ་ཁ་ཆུ་འཁྲུ་བཤང་སླ་རྩ་སྦུབས་སྦྱོང༌། །ཆུར་ཁུས་རླུང་མཁྲིས་མི་སྐྱེད་བད་ཀན་སེལ། །ཞོ་བཙོས་རྟུག་སྐམ་ཚད་པས་འཁྲུ་བ་སེལ། །དཀར་ནག་ལུག་དང་འབྲི་ཡི་དྲོད་ལ་བཅུད། །བ་ར་བསིལ་ཡང་མཛོ་ཡི་སྙོམས་པ་ཡིན། །ཆུ་ནི་ཆར་ཆུ་གངས་ཆུ་ཆུ་རླུང་(ཀླུང་)ཆུ། །ཆུ་མིག་ཁྲོན་པ་བ་ཚ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །མཁའ་ལས་འབབ་པ་རོ་མི་གསལ་ལ་ཞིམ། །མཚོ་(འཚོ་)ངོམས་བསིལ་ལ་ཡང་བ་བདུད་རྩིར་མཚུངས། །གང་(གངས་)ཅན་ལས་བྱུང་ཤུགས་དྲག་རྡེབས་པའི་ཆུ། །ཤིན་ཏུ་བསིལ་བས་མི་(མེ་)ཡིས་ཐུབ་པ་དཀའ། །བསྟན་(བརྟན་)གཡུང་སྲིན་བུ་རྐང་འབམ་སྙིང་ནད་བསྐྱེད། །ས་གཙང་ཉི་འོད་རླུང་གིས་ཕོག་པ་བཟང༌། །འདམ་རྫབ་ཉ་ལྕིབས་རྩ་ལ་(རྩ་ལོ་)ཤིང་གྲིབ་ཕོག །བ་ཚ་སྲོག་ཆགས་ཁུ་བས་ཉེས་ཀུན་བསྐྱེད། །ཆུ་བསིལ་བརྒྱལ་ངལ་ཆང་ནད་མགོ་འཁོར་སྐྱུག །སྐོམ་དང་ལུས་ཚ་ཁྲག་མཁྲིས་སེལ་བར་བྱེད། །ཆུ་སྐོལ་དྲོད་སྐྱེད་ཟས་འཇུ་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང༌། །ཆམ་པ་རིམ་སར་(རིམས་གསར་)ཕྲལ་དུ་ལོག་པར་བྱེད། །བསྐོལ་གྲང་བད་ཀན་མི་སྐྱེ་འཁྲིས་(མཁྲིས་)པ་སེལ། །ཞག་གཅིག་ལོན་ནས་དུག་འདྲ་ཉེས་ཀུན་སྐྱེད། །ཆང་ནི་མངར་བསྐྱུར་(སྐྱུར་)ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། །དྲོད་འབར་སྤོབས་བསྐྱེད་གཉིད་འཕེལ་བད་རླུང་སེལ། །ཐལ་དྲག་(དྲགས་)སེམས་བསྒྱུར་བག་མེད་ངོ་ཚ་འཇིགས(འཇིག) །ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོགས་ངན་བཅོམ་བདེ་བ་ཡིན་སྙམས་(སྙམ་)སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོནས་པ་ལྟར། །ཁ་ནས་(ན་)མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། །གསར་པ་ལྕི་ཞིང་རྙིང་པ་ཡང་བ་ཡིན། །སར་(གསར་)འཇམ་ཕོ་བའི་དྲོད་བསྐྱེད་འཇུ་བ་སླ། །གྲོ་ཆང་འབྲས་ཆང་ནས་ཆང་གང་ཡང་ལྕི། །སོ་བ་པྲ་ཏ་(སྲེ་ད་)ཡོས་ཆང་ཡང་བ་ཡིན། །མཚོ་ཆེས་(ཚོ་ཆས་)ཁྲག་མཁྲིས་བད་ཀན་སེལ་བར་བྱེད། །ཅེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།




མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:15 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།