སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་དགུ་པ། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅུ་དགུ་པ། སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་པ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་བསྟན་པ་ལ། །སྔོན་འགྲོ་དང་དངོས་གཞི་དང་རྗེས་དང་ཕན་ཡོན་ནོ། །སྔོན་འགྲོ་ལ་ཉེ་བ་དང་རིང་བ་རྣམ་པ་གཉིསལས།

དང་པོ་རིང་བ་ནད་གཞི་གང་ཡིན་པདེའི་གཉེན་པོ་དང༌། དེའི་སྟེང་དུ་འབྲས་ཨ་བར་སྐྱུར་གསུམ་ཆ་མཉམ་བསྡུས་ཐང་དགོང་མོའུ་དུས་སུ་བཏང༌། །བྱིས་པ་དང་དགེ་སློང་སྡོམ་ཚང་དང་མཁལ་ནད་ཡོད་པ་ལ། རྩ་སྦྱོངས་གཏོང་ན་ཐོག་མར་ད་བྱིད་བརྒྱད་སྦྱོར་ད་བྱིད་བཟང་པོ་སྡིག་སྲིན་སུག་སྨེལ་ཉི་དགའ་རྩ་འབྲས་གསེར་བྱེ་མཁལ་མ་ཞོ་ཤ་རྩ་ཁུ་བྱུག་རྣམས་སུ་བུ་རམ་གྱི་རིལ་བུ་དྲིལ། རྩ་ཁུ་བྱུག་མ་རྙེད་ན་དབྱི་མོང་དཀར་པོའི་ཁ་བྱུག་རྗེས་ཐོག་གམ་རྒྱ་ལྕམ་པའི་ས་བོན་རྣམས་གང་རུང་རེས་ཚབ་རུང་ཕྱེ་མས་རྩ་ལམ་སྦྱང༌ངོ་།

ཉེ་བ་གཟའ་དང་སྐར་མ་དང་ཚེས་གྲངས་འཕྲོད་སྦྱོར་བཟང་བ་ལབབས་པའི་དུས །མཁན་པ་དཀར་ནག་གང་རུང་དང་ཆང་འགག་གི་སྤང་མ་གཉིས་ཆུ་འཇམ་བསྲོས་པ་དང་སྦྱར་བའི་ཁུ་བ་ཡིས། །ལུས་ཀུན་དག་པར་བཀྲུས་རྗེས་རྩི་མར་དང༌། །འབྲུ་མར་སྤང་སྤོས་དང་སྦྱར་བས་ལུས་ཀུན་ཁྱབ་པར་བྱུག །ཁྱད་པར་སྤྱི་གཙུག་དང་མཚན་མའི་ལྤགས་པ་དང་ལུས་ཀྱི་ཚིགས་པ་རྣམས་མཉེ། །གཡེར་མ་དང་ལྕམ་པའམ་ཉི་དགའི་ཐང་གིས་རྩ་ཁ་དབྱེ། །ཕོ་མོ་སྤྲད་པ་འཁྲིག་པ་དང་ར་གཞོན་ནུ་ཡི་ཝ་གདོང་དང༌ཞེས་པ་བྱང་པ་བས་སྒལ་ཚིགས་ཀྱི་སྣེ་འཇུག་མའི་རྩ་བ་ཝའི་གདོང་པ་འདྲ་བ་དེ་ཡིན་པར་འདོད། བྱར་པོ་བས་མདོ་མོའི་རུས་པ་ལ་འདོད། བླ་རྟ་ཚེ་དབང་རྒྱལ་པོས་སེར་བ་རུས་པ་དོམ་གྲུབ་ཏུ་གྲགས་པའོ་ཞེས་བཤད། རྗེ་ཟུར་མཁར་བས་འགྲངས་སམ་ལྟོགས་ལ་བཞེད། དེ་རྣམས་ནུས་པའི་བྱེད་ལས་ལ་ཁྱད་པར་ཆེར་ཡོད་པ་ནི་མ་མངོན་ཡང་བཤད་རྒྱུད་དུ། སེར་བ་རུས་ཀྱི་ཆུ་འགགས་སེལ། ཞེས་གསུངས་པས་དེ་ཉིད་ལ་འཐད་པར་སྣང་ངོ་། །ཉི་དགའི་འདབ་མའི་ཚོད་མ་ཚྭ་དང་གཡེར་མ་བཏབ་པ་བཏང༌ངོ་།

དངོས་གཞི་སྣ་སེལ་མདུང་སྨན་བྱང་པ་དང༌། །སྦྱར་ཚད་སྣ་ཁྲིད་བཏང་ཐབས་ཐེབས་པའི་རྟགས། །ལྕག་དང་ལོག་གནོན་རྣམ་པ་དགུ་ཡིས་བསྟན

སྣ་སེལ་སུག་སྨེལ་སྡིག་སྲིན་རྩ་ཁུ་བྱུགམ་རྙེད་ན་དབྱི་མོང་དཀར་པོ། །ཉི་དགའ་ལྕམ་པ་ཚ་བ་ལ་ཀ་ར་དང་གྲང་བ་ལ་བུ་རམ་གྱི་རྟས་བསྒྱུར་ནས་བཏང་བས་མྱུར་དུ་འབིགས།

མདུང་སྨན་ནི་རྒྱ་ཚྭ་ལི་ཤི་སྡིག་སྲིན་རྒྱ་མཚལ། །ལྕམ་པ་གོང་གི་ཚ་གྲང་གི་རྟ་སྦྱར་བཏང་བས་ནད་སློང་བ་དང་འཁྲུགཔར་བྱེད།།

བྱང་པའི་ཆོ་ག་ལ་དང་པོ་བཟང་ངན་བརྟག དེ་རྗེས་དུག་དབྱུང་འཇམ་བཙལ་བས་ཟུག་ཆུང་བ་དང་ནད་འདྲོངས་ཆེ། བྱང་པ་བཟང་བ་ནི་དམར་ཁྲ་སྐྱི་ཚེར་ཀུ་ཤུ་དང་སྲད་མའི་གསེབ་ཏུ་གནསཔ་དེ་ཉིད །ཐན་པ་ཆེ་བ་དང་སྟོན་ཀ་རླུང་སེར་ལྡན་དུས་གློ་བུར་དུ་གྲིར་ཤི་བཟང་བ་ཡིན བྱང་པ་ངན་པ་ནི་སེར་ཁྲ་བ་ཡོག་མོ་ལོ་མའི་གསེབ་ཏུ་གནསཔ་དེ་ཉིད་ །ཆར་ཆེ་དུས་དང་ནམ་གཞུག་ཆད་དུས་རང་བཞིན་གྱིས་ཤི་བ་དེ་ངནཔ་ཡིན་ནོ དེའི་དུག་ནི་བར་གཤོག་དཀར་པོ་ཡིན་ཏེ་བཏང་ན་ཟུག་ཆེ་བས་དབྱུང༌བར་བྱའོ །འཇམ་བཙལ་བ་ནི་
ཆུ་ནང་གི་སྦུར་ཆུང་ནག་པོ་མགྱོགས་པ་དེ་གྲོགས་སུ་བྱང་པ་དང་སྡེབ། སྦུར་མགྱོགས་དེ་མ་འཛོམ་ན་ཆ་གཚག་པ་ཚག་རྒྱུའི་མགོ་བོ་བཏང༌། །ཡང་ན་བྱང་པ་ཡོས་དྲོ་མོའི་ནང་དུ་སམ་དྲི་ཆུར་ཅུང་ཟད་སྦང་པའི་ཁུ་བ་ཕོ་ལ་བཏུལ་བ་དེ་ཤིས། །བྱང་པའི་རོའི་མགོ་དང་རྐང་ལག་སོགས་ཆད་ན་ནད་འདྲོངས་ཆུང༌ བྱང་པ་བཟང་ཞིང་མགོ་དང་རྐང་ལག་ཐམས་ཅད་ཚང་ན་གྲངས་བཅུ་གཅིག་དང༌། བྱང་པ་ངན་པ་དང་རྙིང་པ་མགོ་དང་རྐང་ལག་མེད་ན་གྲངས་བཅུ་བདུན་བཏང༌ངོ་།

སྦྱར་བའི་ཚད་བྱང་པ་རྒྱ་ཚྭ་སྡིག་སྲིན་རྒྱ་མཚལ། ཁ་ཆེའི་གུར་ཀུམ་ཧ་ཤིག་ཧ་ཤིག་མ་རྙེད་ན་ལོང་རྡོས་ཚབ་རུང་བར་གསུངས་དར་ཚུར་ཚ་ལ་ཤེར་དཀར་ལ་ཕྱི་མ་རྩི་བཞིན་དུ་བཏགས། དེ་ཆང་གིསྦྲུས་ལ་རིལ་བུ་སྲན་འཕོས་ཙམ་དུ་དྲིལ། །ཡང་ན་རྒྱ་རུ་བྱ་མ་བྱི་ཕ་ཝང་ཡིན་ལ་མོན་དང་ཁམས་སོགས་ནས་འབྱུང་བའི་རུས་དང༌། །བྱི་བཟུང་བྱི་འཛིན་པ་འོལ་མོ་སེ་འོ་མ་སེ་དང་རྣོན་པོ་རྒྱ་ཚྭ་གསེར་བྱེ་སྡིག་སྲིན་གསུམ། སུག་སྨེལ་རྒྱ་མཚལ་གྱི་རིལ་བུས་ཀྱང་རྩ་ནད་སྦྱོང༌།

སྣ་ཁྲིད་གློ་སྙིང་མཆིན་མཆེར་མཁལ་མ་དང༌། དུག་དང་ཆུ་སེར་ནད་ལ་སོགས་པ་ཡིས། ནད་དེ་རང་གི་གཉེན་པོ་གང་ཤིས་པའི་སྨན་དང་བསྡེབས་པས་ནས་བཏང་པས་ནད་ཐོག་ཏུ་འཁྲིད། །ཡང་ན་གོང་དུ་བཤད་པའི་མདུང་བའི་སྨན་རྒྱ་ལི་སྡིག་སྲིན་མཚལ་ལྕམ་དང་སྦྱར་ལ་བཏང༌ངོ་།

བཏང་བའི་ཐབས་ནི་དགོང་མོ་ལྕམ་པའམ་ཉི་དགའི་འདབ་མའི་ཚོད་མ་བཏང༌། སྲོད་འཁོར་ཙམ་ན་སྣ་སེལ་བཏང་ནམ་དགུང་ཙམ་ན་མདུང་སྨན་བཏང༌། །ཐོ་རངས་དུས་ན་རྩ་སྦྱོངས་རིལ་བུ་དགུཙམ ཚ་བ་ཆུ་གྲང་ཀ་ར་དང་གྲང་བ་ལ་ཆུ་བསྐོལ་བུ་རམ་དང་སྦྱར་བའི་རྟ་ཡིས་འཕུལ་ལ་བཏང༌། །ཉི་ཤར་དུས་སུ་ཕལ་ཆེར་ཐེབས་པ་ཡིན གལ་ཏེ་དེ་དུས་མ་ཐེབས་ན་སླར་རིལ་བུ་བདུན་བསྣན་ལ་གོང་བཞིན་དུ་བཏང༌། །ནམ་ཐེབས་པའི་དུས་ན་རིལ་བུ་ལྔ་རེ་ལྔ་རེ་ཡིས། །སྔ་མ་ཞུ་རིམ་ཞིང་ཕྱི་མ་བསྟེན་པར་བྱ། །དེ་ལྟར་རིལ་བུ་དུམ་དུམ་ཐུབས་སུ་བཅད་ནས་རིམ་གྱིས་རིམ་གྱིས་བཏང་བས། །བྱང་པའི་དུག་ནད་དུས་གཅིག་ལ་མི་འབྱུང་བ་ཡིན་སྟེ། །ནད་པ་ཟུག་ཆུང་ཞིང་ཆུ་འགགས་པའི་དོགས་པ་མེད་པ་ཡིན་ལ་ སྨན་ཡང་ནས་ཡང་དུ་མནན་པས་མི་ཐེབས་པ་ཡང་མི་སྲིད་ཅིང༌། ཁྱད་པར་ནད་འདྲོངས་ཆེར་འབྱུང་བའི་ནད་མ་འདྲོངས་ཀྱི་བར་དུ་རིག་གྱིས་བཏང༌། །དེ་ལྟར་མི་ཤེས་པར་བླུན་པོས་རིལ་བུ་མང་པོ་དུས་གཅིག་ལ་བཏང༌བས །བྱང་པའི་དུག་ལངས་ཤིང་ཆུ་སེར་དུས་གཅིག་ཏུ་འཕུལབས་ཕོ་མཚན་གྱི་སྦུབས་སུ་མ་ཤོར་པས།  ཆུ་འགགས་ཟུག་གཟེར་ཆེ་ལ་རང་སྡུག་འཆི་བ་ཡང་སྲིདདོ།

ཐེབས་པའི་རྟགས་ནི་ལུས་སྦྲིད་ཅིང་ནད་གང་ཡོད་སར་ནབ་དང་ རྒྱུ་ཞབས་ཚ་རུམ་རུམ་བྱེད་ཅིང་མཚན་མ་ཚ་ཞིང་གཡང་ལ་འགྲེང༌བྲེང་བྲེང་བྱེད་ལ ནད་ཀྱི་ཆུ་ངན་པ་ཐིགས་ཐིགས་པ་པ་ཐོན་དཀའ་བ་ལ་རྒྱུན་མི་འཆད་པར་ཡང་ཡང་འབྱུང༌

དེའི་ཚེ་ལྕག་ཏུ་དེ་དུས་སིངས་པོ་གསར་པ་གར་པོ་རང་མིན་པ་གླེག་གིས། །ཡང་ཡང་བསྐུལ་བས་རྩ་ལམ་དང་ཆུ་ལམ་འདག །ཚ་བ་ཤས་ཆེ་ན་འཇམ་པོའམ་ཆུར་ཁུ་བཏང༌། །ནད་ཞེན་ཆེ་ན་སྐབས་སུ་མདུང་སྨན་རྒྱ་ལི་སྡིག་མཚལ་ལྕམ་སྤེལལ་བཏང་ སྟོད་སྨད་གང་ནར་རྡེའུ་ལ་ཆང་བྲན་བསྲོས་པས་བདུག ལངས་པ་སོགས་སང་སེང་དང་རྐང་པ་མི་རྐྱང་མལ་དང་གོས་དྲོད་ལ་བསྒོར། །དེ་ལྟར་ལུས་མ་གྲང་པར་རྡེའུ་ཆང་བྲན་གྱིས་དུགས་བསྟེན་པར་བྱ། དེ་ལྟར་བྱས་པས་རྩ་ཁྲུས་ཀྱི་སྦྱོངས་རྒྱུན་མི་ཆད་ཅིང་ནད་འདག་པར་ཐེ་ཚོམ་མེདཔ་ཡིན་ལ གལ་ཏེ་ལུས་གྲང་པ་དང་ཆུ་སེར་འགྱིངས་ན་ནད་མི་ཐོནཔའང་ །ཟུག་ཆེ་བ་ལ་ལྕག་གིས་མ་བྲབས་ན་ནད་མི་འབྱོངས། །དེ་ཕྱིར་ལྕག་དང་དྲོ་བ་ཤིན་ཏུ་གཅེསསོ །སྣོད་གཅིག་མཚན་མའི་འོག་ཏུ་རྒྱུན་དུ་བཟེད། སྣོད་ནང་གི་སྦྱོངས་དེ་སྐབས་སྐབས་སུ་སྔས་ཁར་ཕྲུ་བའི་ནང་དུ་བླུགས་ལ་བསག དེ་ལ་ཁོག་སེར་པོ་དང་སྨུག་པོ་དང་རྣག་དང་ཁྲག་དང་སྤུ་དང་རྡེའུ་སོགས་སྣ་ཚོགས་འབྱུང༌ངོ་ །ནད་དག་ཅིང་འདྲོངས་ན་སྦྱོངས་སྨན་འཕྲོ་བཅད་ལ་ལྕག་ལན་འགའ་བརྡེགགོ།

ལོག་གནོན་ནི་དྲུག་སྟེ་རྒལ་པ་མནན་པ་དང༌། །སྟོར་བ་བཙལ་དང་འགྱིངས་པ་དྲང་བ་དང༌། །གཟེར་བ་བཅག་པ་དང་འགགས་པ་བསལ་བ་དང་འབྱམས་པ་གཅོད། དང་པོ་མ་ཐེབས་པར་སྐྱུག་ན་མནན་ཐབས་སྟེ་བཤལ་གྱི་སྐབས་དང་འདྲབོ

སྟོར་ནས་ཅི་ཡང་མེད་ན་དེའི་རྒྱུ་གདོནདང་ སྨན་ལ་རྣོ་སོ་མེད་པ་ནི་རྙིངས་པ་དང་སྨན་ཞིབ་ཏུ་གདུལ་དྲགས་པ་དང་ཐུན་ཆུང་པ་དང་རིལ་བུ་བྱེད་ན་འདམ་བཏགས་རྒྱུན་རིང་གྲགས་པ་དང་སྨན་རྟ་ལོགཔ་སོགས།  །གང་ཡིན་ངོས་བཟུང་ལ་དེ་ཡི་གཉེན་པོས་སྟོར་བ་བཙལལོ །གདོན་ལ་ཡས་བྱིན། སོ་རྙིངས་ན་གསར་པ་སྦྱར། སྨན་གདུལ་བ་ཞིབ་དྲགས་ན་རྩིང་ཧྲོ་ལེ་བ་བྱས། ཐུན་ཆུང་ན་བུངས་སྐྱེད། ཚ་གྲང་སྨན་རྟ་ལོག་ན་སླར་བསྐྱར་བ། བྱང་པ་དུག་དྲག་ན་བར་གཤོག་བཏང་བ་ཡིན་འདྲ་སོགས་རིགས་པས་སྤྱོད་པ་ལ་ནི་མཁས་པར་ཤེས་དགོས་སོ།།

མར་མི་འབབ་པར་ཡར་འགྱིངས་ནས་ཕོ་བ་རྫིངས་ན་བསྐུ་མཉེ་དང་དུགསབྱ །ཆུ་སྐོལ་དང་ལོ་བརྒྱད་དྲི་ཆུ་ཐེངས་འགའ་བཏུང༌དུ་གཞུག།

རྒྱུ་ཞབས་དང་མཚན་མ་ལ་ཟུག་ཆེ་ན་རྡེའུ་ཆང་བྲན་གྱི་དུགས་གྱིས་བསྲོ། །དེས་མ་ཆོགས་ན་ཆུ་སེར་འགྱིངས་པ་ཡིནཔས་དེ་ལ་ནི །རྒྱ་ཚྭ་སྡིག་སྲིན་དྲོད་སྨན་པི་པི་ལིང་ཆང་དང་སྦྱར་བ་བཏང༌ངམ །ཡང་ན་དྭ་ཚ་མར་གསར་རིལ་བུ་མིད། །དེས་ཟུག་མ་ཆོགས་ན་བྱང་པ་རྩུབ་པ་ཡིནཔས སླར་ཆ་གའི་མགོ་བོ་གསུམ་དང་ཆུ་ནང་གི་སྦུར་ཆུང་འགྱོགས་པོ་དེ་དང༌། །བོང་ང་དཀར་པོ་རྣམས་ཆང་དང་སྦྱར་ལ་བཏང༌། དེས་མ་ཆོགས་ན་རླུང་ཡིན་པས་རུས་རྙིང་བཏབ་པའི་ཚ་བ་ཐུག་པ་བཏུང༌ངོ་། །དེ་དག་རྣམས་ཀྱིས་མི་ཆོགས་པ་ག་ལ་སྲིདདེ་ངེས་པར་ཆོག་གོ

ལམ་འགགས་ན་ས་བོན་འཁར་བ་དང་སྤུ་འཐུམས་འཆེསཔ་དང་ །ཁྲག་ཤ་དང་རྡེལ་འགགས་པ་ཡིས་པས་མཚན་མ་ལག་པས་མཉེ་ཞིང་འོ་མ་བཞོ་བ་ལྟར་བཞོ། དེས་མ་ཕན་ན་རྒྱ་ཚྭ་དང་རུ་རྟ་དང་ཤུ་དག་ནག་པོ་དང༌། །ཕོ་བ་རིས་སྦྱར་བའི་ཁུ་བ་ཐུར་མ་གཅེ་འུས་མཇེ་སྦུབས་སུ་བཅུག་ལ་ལྒང་པར་བསྐྱལལོ འདིའི་གཅེའུ་ཡན་ལག་བརྒྱད་པར། དེ་ཡི་གཅེའུ་ནད་པ་ཡི། །སོར་མོ་བཅུ་གཉིས་ཚད་དུ་བྱ། །ཟླུམ་ཞིང་བ་ལང་འཇུག་མ་འདྲ། །རྩེ་མོ་ཡུངས་དཀར་ཤོང་བ་ཙམ། །འཇམ་པ་གསེར་ལ་སོགས་པ་བྱ། །རྩེ་མོ་མེ་ཏོག་ལྟར་ཟླུམ་པ། །དེ་ཡི་རྐྱལ་བུ་འཇམ་ཞིང་ཡང་། །ཞེས་འབྱུང་ལ་ཡང་ན་བཤད་རྒྱུད་དུ། གྲོ་སོགས་འབྲིང་ཚད་མཁྲང་གསང་འཇམ་པ་ལ། །ཞེས་པ་དེས་བྱའོ།།

འབྱམས་པ་ནི་ལུས་སྟོབས་བཟང་ན་མི་བཅད་པར་བཞག གལ་ཏེ་བཅད་དགོས་ན་རྒྱ་ཚོས་ཞུ་མཁན་གྱིས་ཁུར་དོམ་མཁྲིས་བཏབ་ལ་བཏང༌། དེས་མ་ཆོད་ན་མར་བབས་པའི་དྲི་ཆུ་རང་ལོག་ལ་དོམ་མཁྲིས་བཏབ་པ་བཏང་བས་བཅདདོ།

རྗེས་གཅོད་ནི་གྲང་བ་ཤས་ཆེ་ན་ཆང་གསར་འཇམ་དང༌། །ལུག་ཤའི་ཚོ་ཁུ་མེ་མ་ཕྲད་པ་དང་ཟན་དྲོན་རིམ་པས་ཆ་བསྐྱེད་ལ་བཏང༌། །ཚ་བ་ཤས་ཆེ་ན་སྐོམ་བ་གླང་ཤའི་ཚོ་ཁུ་མེ་མ་ཕྲད་པ་དང༌། །བསྐོལ་གྲང་བྱས་པའི་ཆུ་དང་ཆབ་ཚ་ཕྱེ་ཐུག་རྡོར་མེད་ཟན་དྲོན་བཏང༌། ལུས་པོ་མ་གྲང་པར་དལ་བུས་བཅད་ཅིང་ཟླ་བ་ཕྱེད་ཀྱི་བར་དུ་ཟས་དང་སྤྱོད་ལམ་གཟབདགོས་སོ།

ཕན་ཡོན་ནི་སྨན་དང་ནད་དུ་ཤེས་པར་བྱསྟེ །དང་པོ་སྨན་གྱི་ཕན་ཡོན་ནི་བྱང་པས་རྩ་ཡི་ཆུ་སེར་འདྲེནཔར་བྱེད །རྒྱ་ཚྭ་དང་སྡིག་སྲིན་གྱིས་ནི་རྩ་ལམ་འབྱེད་པར་བྱེད། །གུར་ཀུམ་གྱིས་ནི་རྩ་མཉེན་པར་བྱེད་མཚལ་གྱིས་དྭངས་སྙིགས་འབྱེདཔར་བྱེད །དར་ཚུར་གྱིས་ནད་སྡུད་པར་བྱེད་ཧ་ཤིག་གིས་གཏིང་དུ་འཁྲིདཔར་བྱེད།

ནད་ཀྱི་ཕན་ཡོན་ནི་བུ་མི་འོང་བའི་རྩི་བཏང་བ་དང་སྐྱེ་འཕྲོ་ཆདཔ་དང་ །བུ་རོ་ལུས་ནས་མ་ཐོན་པ་དང་མངལ་སྐྲན་དང་ཁྲག་ཚབས་བྱེརབ་དང་ །ཁྲག་དང་མཁྲིས་པ་དང་དུག་སོགས་དང་ཚ་བ་རྙིང་པ་དང༌། །དྲེག་དང་གྲུམ་བུ་དང་འབྲས་དང་ཟ་འཕྲུག་དང༌། །མགོ་ཆག་པ་དང་རྩར་བྱེར་བ་དང་རྨ་རྒན་འཚོར་མི་འདོདཔ་དང་ །སུར་ཡ་དང་དམུ་ཆུ་དང་རྩའི་སྐྲན་དང་ཆུ་སེར་རྒྱསཔ་དང་ རླུང་ནད་ད་རྒན་དང་མཛེ་ནད་དང་རྩ་འགྲམས་པ་ཐམས་ཅད་སྦྱོང༌སྟེ མདོར་ན་ས་བོན་རླུགས་པ་མ་ཡིན་པ་རྩ་ནད་ཀྱི་རིགས་ཀུན་ལ་རྩ་སྦྱོང་ཉིད་བསྔགས །ཁྱད་པར་དུ་རྩར་བབས་པའི་ནད་ཐམས་ཅད་ཀྱི་གཉེན་པོའི་མཆོགའདི་ཡིན་ནོ། །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་ཀྱི་ལེའུ་སྟེ་བཅུ་དགུ་པའོ། དེ་ལྟར་ལེའུ་བདུན་ནི་སྦྱོངས་བྱེད་ལས་ཀྱི་མདོ་སྟེ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།