སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅུ་དགུ་པ། སྣ་སྦྱོང་གི་ལས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཅུ་དགུ་པ། སྣ་སྦྱོང་གི་ལས་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ལས་ལྔའི་ཐ་མ་སྣ་སྦྱོང་གསུངས་པ་དེ།། བདག་ཅག་འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་སྐད་གསོལ་བ་སྟོན་པས་བཀའ་སྩལ་(བསྩལ་)པ།། ལས་ལྔའི་ཐ་མ་སྣ་སྦྱོང་སྟོན་པ་སྟེ།། འདི་ལ་དོན་ཆད་གཉིས་སུ་བཤད་ཀྱིས་ཉོན།། ཞི་བྱེད་དང་ནི་སྦྱོང་བྱེད་གཉིས་ཡིན་ཏེ།། དང་པོ་ཞི་བྱེད་འདི་ལ་དོན་ཆད་གསུམ་དུ་བསྟན།། བརྟག་པ་ཕན་ཡོན་སྦྱོར་བ་གསུམ་པོ་ཡིན།། དང་པོ་རིམ་(རིམས་)གསར་རྨ་ཚད་སོ་མ་དང་།། ར་རོ་སྣུམ་འཐུང་ཀུན་ལ་སྤང་བར་བྱ།། གཉིས་པ་ཕན་ཡོན་སྣ་བུག་གཡས་གཡོན་གཉིས།། གླད་(ཀླད་)པ་གློ་བ་རོ་སྟོད་གསང་སྒོ་སྟེ།། རོ་སྟོད་ནམ་ཚོན་(ཚོང་)ཡན་ཆད་ནད་རྣམས་འདྲེན།། གསུམ་པ་སྦྱོར་བ་དང་ནི་བཏང་ཐབས་ལ།། དང་པོ་གུར་གུམ་ཞུན་མར་ཀ་ར་སྦྱར།། རྣ་བ་མིག་དང་ཟ་འགྲམ་གླད་(ཀླད་)ནད་སེལ།། མགོ་རླུང་ཁྲག་གཟེར་མགོ་ནད་འཁྲུག་པ་སྦྱོང་།། ཤིང་མངར་སྐྱུ་རུ་(ཀ་)ར་ཞུན་མར་སྦྱོར།། མིག་དང་རྣ་བའི་ནད་དང་ཟ་འགྲམ་དང་།། ཁྱེད་(ཁྱད་)པར་གླད་(ཀླད་)པ་འཁྲུག་པ་ལ་སོགས་སེལ།། ལ་ཕུག་བཏང་བས་རྣ་བ་རླུང་འོན་སེལ།། རྟ་གཡག་སྣ་ཁྲག་གླད་(ཀླད་)པ་མིག་ལ་སོགས།། མགོ་དང་རོ་སྟོད་སོ་སྲིན་མ་ལུས་སེལ།། ཞུན་མར་རོ་སྟོད་འཐོར་བུའི་རླུང་སེལ་ལོ།། གཉིས་པ་བཏང་ཐབས་སྔོན་འགྲོའི་དུས་ཚོད་ལ།། ཐུར་དུ་མགོ་སྔས་གན་རྐྱལ་ཉལ་བ་ཡི།། མགོ་འཕྱང་སྨན་སྦྱར་ཐིག་(ཐིགས་)པ་ལྔ་བདུན་བླུག། དུད་པ་སེར་(བསེར་)བུ་སྤངས་ནས་དལ་ཅིག་ཉལ།། གཉིས་པ་སྦྱོང་བྱེད་ལྔ་ཡི་མན་ངག་བསྟན།། རུང་དང་མི་རུང་བརྟག་དང་ཡོན་ཏན་དང་།། སྦྱོར་བ་སྨན་གྱི་སྡེབས་(བསྡེབ་)ལུགས་གཏོང་བའི་ཐབས།། ལོག་པ་གནོན་དང་ལག་ལེན་ལྔ་ཡིས་བསྟན།། དང་པོ་མགོ་འཁོར་ནད་ཡོད་མགོ་རླུང་ཆེ།། རབ་རིབ་རྫི་གོར་(འཁོར་)སོ་ནད་རྣག་ཁྲག་འཛག། དེ་ཡི་རིགས་ལ་མི་ཕན་དུག་ཏུ་འགྲོ།། གཉིས་པ་སྣ་སྦྱོངས་ཡོན་ཏན་བསྟན་པ་ནི།། ཚད་པ་མཚུར་པར་ཞན་(ཞེན་)དང་ཚད་རོ་འགག། གག་ལྷོག་རྗོང་ལ་བྲོས་དང་དབང་པོ་འཐིབས།། བད་ཀན་དམར་འཚགས་(ཚག་)ཆུ་སེར་གདོང་ལ་རྒྱུག། མགོ་ཆག་ཆུ་སེར་གྲམ་ལ་ལྷུད་པ་དྭངས་(ལྷུང་བ་དང་)།། གསུམ་པ་མགོ་སྦྱང་སྨན་གྱི་སྦྱོར་བ་ནི།། འགྲོན་བུ་བོང་ང་དཀར་པོ་སུག་པ་དང་།། སྒ་སྐྱ་བཞི་པོ་བསྲེགས་པའི་ཐལ་བ་ལ།། བྱང་པ་རྒྱ་ཚ་དྲི་ཆུའི་ནང་དུ་སྦྱར།། ཡང་ན་བྷྲི་(འབྲི་)ཏ་ས་འཛིན་རྒྱ་ཚ་དང་།། ཤུ་དག་རུ་རྟ་ཤིང་མངར་བ་ཆུར་སྦྱར།། བཞི་པ་བཏང་ཐབས་སྔ་དྲོ་གན་རྐྱལ་ཉལ།། སྣབས་སྦྱང་མགོ་བོ་འཕུལ་ལ་འཕྱང་བར་བྱ།། སྨན་སྦྱོང་དང་པོ་ཞིའ་(ཞི་)བྱས་ཐིགས་དགུ་བླུག། རྐན་ནས་འབྱུང་བས་རྐན་ལ་འབྱུང་དགོས་བྱ།། སྐད་ཅིག་བདུན་ལ་གཅིག་རྩིས་བརྒྱ་བར་ཉལ།། མ་ཐེབས་ཟུག་གཟེར་མེད་དང་རྟག་(རྟགས་)མེད་ན།། དུ་བ་སུག་པ་བསྲེས་པའི་ཕྱེ་མ་བླུག། ཐེབས་རྟག་(རྟགས་)སྣབས་བླུག་(ལུག་)བྱུང་དང་མ་ཚུག་(ཚུགས་)ན།། ལངས་ནས་སྣབས་འབུད་དྲག་ཏུ་ཡང་ཡང་སྤུར།། དང་པོ་སྣབས་བྱུང་དེ་ནས་ཆུ་སེར་འོང་།། གྲེ་མཚུལ་སྨན་རོ་དག་ཕྱིར་ཆུ་སྐོལ་བླུད།། དུ་བ་སྤོས་དཀར་དུད་པ་རྟག་ཏུ་བདུག། བཞི་པ་སྣ་སྦྱོང་ལོག་ན་གནོན་ཐབས་ནི།། ཁྲག་ཤོར་མགོ་སྟོད་ན་ན་ཆུ་ཆག་བྱ།། སྨན་དང་མེ་བཙའ་གཏོར་(གཏར་)སྲེག་གྲང་(གྲངས་)སུ་བྱ།། མིག་རྩ་འགྲོག་(འདྲོག་)དང་མགོ་བོ་གཟེར་དྲག་ནས།། དོན་སྣོད་རྩ་གཏར་དཔྲལ་བར་ཆུ་ཆགས་(ཆག་)བྱ།། དཔྲལ་བའི་རྩ་གཏར་ལོག་པ་དེ་ཡིས་ནོན།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་སྣ་སྦྱོང་བསྟན་པའི་ལེའུ་བཅུ་དགུ་པའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:18 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།