སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་དགུ་པ། ཚ་བ་རྙིངས་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 ལེའུ་བཅུ་དགུ་པ། ཚ་བ་རྙིངས་པ་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །རྙིངས་པའི་ཚ་བའི་རྒྱུ་རྐྱེན་ངོ་བོ་གང༌། །ཚ་བ་རྙིངས་པའི་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་བདུན་གྱིས་ལན་གསུངས་པ་ལས། །

སྤྱི་དོན་དང་པོ་རྙིངས་ཚད་རྒྱུ་ནི་ལོ་ཟླ་ལོན་པ་ལས་བྱུང་བ་སྟེ་ཟླ་བ་གཅིག་ལོན་ན་རྙིངས་པའི་ཚ་པ་ཡིན་པར་འདོད།།

སྤྱི་དོན་གཉིས་པ་དེ་རྐྱེན་རང་བཞིན་རྙིངས་དང་རྐྱེན་གྱིས་རྙིངས། །སྦྱོར་བ་དམན་པས་རྙིངས་པ་རྣམ་པ་གསུམ། །དང་པོ་རང་བཞིན་རྙིངས་པ་བད་ཀན་སྨུག་པོ་དང་དུག་གཉིས་ནི་ཁྲག་ལ་བརྟེན་པའི་ཚ་བ་ཡིན་པས་ །ལོ་དང་ཟླ་བར་ཟུངས་དང་ཡེ་ནས་འདྲེས། །གཉིས་པ་རྐྱེན་གྱིས་རྙིངས་པ་ཚ་བ་ཕྲན་བུ་ཆམ་པ་སོགས་ལ། །ཟས་སྤྱོད་མ་བསྡམས་ཕྱོགས་མེད་བཏང་བ་ཡིས། །རྒྱུ་ཆུང་བ་ཡིས་རྒྱས་པར་མ་ནུས་ཀྱང༌། །ཟས་སྤྱོད་རྐྱེན་གྱིས་ཚ་བ་ཞིར་མ་སྟེར། །མ་སྨིན་མཁྲིས་ཤས་ཆེ་ལ་བཅོས་སྔས་སམ། །གསུམ་པ་སྦྱོར་བ་དམན་པ་རིམས་ཆུང་ཆམ་འཁྲུགས་སམ། །འགྲམས་ཆུང་གཉེན་པོས་མ་ནོན་ཡུན་དུ་ལས།།

སྤྱི་དོན་གསུམ་པ་དེ་ལྟར་རྐྱེན་དེས་ལོ་དང་ཟླ་བ་རུ། །ནད་དེ་ཟུངས་སུ་འདྲེས་ཤིང་ཞེན་པ་ཡིས། །ལྕགས་ལ་བཙའ་མ་རས་ལ་སྣུམ་ཞེན་ནམ། །ཤིང་ལ་སྲ་རྩི་བཏང་འདྲ་གཏིང་འདོན་དཀའ།།

སྤྱི་དོན་བཞི་བ་ཡུན་རིང་ལོན་ཕྱིར་ཚ་བ་རྙིངས་ཞེས་བྱ། །སྤྱི་དོན་ལྔ་བ་རྙིངས་ཚད་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་རྙིངས་ཚད་རླུང་ལྡན་རླུང་མེད་གཉིས། །རླུང་མེད་ཚ་བ་སྟོབས་ཆུང་ལ་སྦྱོར་དམན་རྐྱེན་གྱིས་རྙིངས་ལས་བྱུང༌། །རླུང་ལྡན་པའི་ཚ་བ་མ་སྨིན་རླུང་ཤས་ཆེ་བ་ལ། །བཅོས་པ་སྔས་པས་ནད་ལ་བྱ་ཤོར་ཏེ། །ནད་གཅིག་བཅོས་གཅིག་སྐྱེས་ཚ་བ་མ་གསོད་པས། །རླུང་ཚད་འཐབ་ཅིང་ཡུན་དུ་ལས་པའམ། །རླུང་གི་རི་ཐང་མཚམས་སུ་བཅུད་སྔས་པས། །ཚད་གཞུག་ལས་པ་རླུང་དང་བསྡོངས་ལས་བྱུང༌། །གཉིས་པ་བྱེ་བྲག་དབྱེ་བ་ཤར་རྒྱས་ལྤགས་ལ་གྲམ། །རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པའོ།།

སྤྱི་དོན་དྲུག་པ་རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་སྤྱི་ཡི་རྟགས་ལ་རྙིངས་ཚད་རླུང་མེད་དེ། །རྩ་རྒྱུད་ཕྲ་གྲིམས་ཆུ་དམར་རླངས་ཡུན་རིང༌། །གདོང་སྣུམ་ཁ་འབྱར་རྐན་ཕུགས་སྐམ་ལ་གྱོང༌། །མིག་རྩ་དམར་ལ་ཚག་ཅིང་མཆི་མ་འཛག །ཤ་མདོག་སྔོ་ལ་སྐམ་ཞིང་དྲེག་ཆུང་ཆགས། །འགུལ་ན་གློ་སྙིང་འཕར་ལ་རོ་སྟོད་ཚ། །ཡན་ལག་བཞི་དང་རོ་སྨད་ལྕི་ལ་སྦྲིད། །སྙིང་ལ་གྲང་མོ་འདོད་ཅིང་བསིལ་གྲིབ་སྙེག །ཉིན་དགུང་སྲོད་ལ་ན་ཞིང་རྔུལ་ཁ་སྙི། །གཉིད་ཆེ་དྲོད་བག་རྗེས་ལ་ལྡང་ཞིང་ན། །ཚ་བ་གཞན་པས་དང་ག་བག་ཙམ་བདེ། །རླུང་ལྡན་དེ་འདྲ་ཁྱད་པར་ལུས་ཤེད་ཆུང༌། །སྐབས་སུ་ཕྲུམ་སེར་གྲང་ཤུམ་ཁྱེར་ཞིང་བ་སྤུ་བརྩེ། །དོན་མེད་རྔུལ་འོང་གཟེར་འགྲམ་རུས་ཚིགས་ན། །གཉིས་པ་བྱེ་བྲག་ཤ་ལ་རྒྱས་ན་ཁོལ་བུར་སྐྲངས། །དམར་སྲ་བཙིར་ན་ན་ལ་རྣག་ཆུ་འཛག །ལྤགས་ལ་གྲམ་ན་བརྩེ་ཞིང་ཚ་བེར་བྱེད། །རྩར་རྒྱུ་ནག་པོར་གསལ་ལ་རྩ་ཐོག་སྐྲངས། །རུས་ཞེན་ཁོལ་བུར་ན་ཞིང་སོ་མདངས་ཉམས། །སྔོ་སྐམས་ཚིགས་པ་གཡོ་ཞིང་སྒྱིད་པ་འཁུམས།།

སྤྱི་དོན་བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོའོ། །དང་པོ་བཅོས་ཚུལ་དང་པོ་གྱོང་པོ་རླན་གྱིས་སྦང༌ཚ་བ་རྙིངས་ཤིང་ཞེན་བའི་གྱོང་ཧྲེབ་ཀྱིས་ལུས་ཟུངས་ཀྱང་སྐེམས་པས་དེར་ཐང་སྨན་གྱིས་སྦང་བ་སྟེ་དཔེར་ན་ཀོ་བ་སྐམ་པ་ཆུར་མ་སྤངས་ན་བཟོ་བྱས་ཀྱང་ཆག་པར་འགྱུར་བས་ན་སྦང་བ་གལ་ཆེ་བ་ལྟ་བུའོ། །བར་དུ་ཚ་བ་རྐྱང་པ་ལུས་པ་ཐལ་ཚན་ལྟ་བུ་དེ་བསིལ་སྨན་གྱི་ཆུ་ཡིས་བྲན་པར་བྱ། །ཐ་མར་ཚད་རོ་ཞེན་པ་དུག་གི་སྡོང་པོ་ལྟ་བུ་དེ་སྨན་དཔྱད་སྦྱོངས་གཏར་གྱིས་རྩད་ནས་ཆོད་པར་གདོན། །གཉིས་པ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་ཚ་རྒན་ལུས་སྤྱིར་གྲམ་ཞིང་ཞེན་པ་དང་། །བསྡུ་ཞིང་ནད་ཁྲག་ལུས་ཟུངས་དབྱེ་བའི་ཕྱིར། །དངུལ་ཆུ་མང་སྦྱོར་རམ་རིན་ཆེན་སྦྱོར་བ་གང་རུང་ལྟག་སྤྲོད་བྱ་འབྲས་བུ་ཨ་བར་སྐྱུར་གསུམ་དང་ཏིག་ཏ་སླེ་ཏྲེས་གཉིས། །བསྐོལ་གྲང་ཡུན་དུ་བསྲིངས་པའི་རླན་གྱིས་སྦང༌། །དེ་ཡིས་རྔུལ་ཆད་ལུས་ཡང་ཁམས་དྭངས་དང་ག་བདེ། །གཟེར་བ་ཞིའམ་འདུས་ན་གང་བབས་རྩ། །མང་དུ་རླངས་ཐོན་ཁ་དབྱེ་ཉུང་དུ་འདོན། །དེ་རྗེས་བར་དུ་ཐལ་ཚན་ཡིས་བྲན་པ་ནི་ཏིག་ཏ་ཧོང་ལེན་འབྲས་བུ་ཨ་བར་སྐྱུར་གསུམ། །སྤང་རྩི་དོ་བོ་བསྐོལ་གྲང་ཐང་གིས་ཚ་བ་རོལ་དུ་གསོད། །ཕྱེ་མ་ག་བུར་ཉི་ཤུ་རྩ་ལྔ་པ། །འབྲས་བུ་ཨ་བར་སྐྱུར་གསུམ་མམ་སེང་ལྡེང་ཐང་གིས་དབུལ། །དེ་རྗེས་ཐ་མ་དུག་གི་སྡོང་པོ་རྩ་ནས་གཅོད་པ་འབྲས་གསུམ་རྒྱུན་བཤལ་ནི་ཨ་རུ་མཆུ་སྙུང་རྡོག་པོ་བདུན་བར་རུ་རྡོག་གཅིག་སྐྱུར་རུ་གཉིས་ལྕུམ་རྩ་དུས་སུ་བཀོས་པ་ཨ་རུ་གཉིས་དང་མཉམ་པ་དང༌། །དུར་བྱིད་རིལ་མ་ཙམ་ཁྲམ་ཁྲུམ་དུ་བརྡུངས་པ་བ་དམར་སེར་གྱི་ཆུར་བྲེ་གང་ཙམ་སྦངས་ཤིང་གདུས་ལ་གཏོང་དུས་སྦྲང་གིས་རོས་ཁ་བསྒྱུར་ཙམ་བྱ་། །ལྟོ་སྟོང་བཏང་བས་ངེས་མེད་རྒྱུན་དུ་འཁྲུ་སྟེ་གྲང་ཤས་ཆེ་ན་པི་པི་ལིང་རྡོག་པོ་བདུན་བསྣནནམ་ཕྱེད་ཐོ་རངས་གཉིས་སྨན་ཁུ་ཕུལ་ཕྱེད་རེ་གཏང། ནམ་ལངས་ཆུ་བསྐོལ་བཏུང་། ཟས་སྐོམ་ཤའི་ཚོ་ཁུ་དང་ཟན་དྲོན་ཆུང་ངུ་བསྟེན། ནང་མ་ལྔའམ་བདུན་བཏང་བས་དང་པོ་དམར་སེར་དྲེ་ཆེན་འཁྲུ། དེ་རྗེས་ཟས་སོགས་མདོག་འཁྲུ། དྲི་མ་སངས་ནས་བཅད། རྗེས་སུ་འབྲས་དང་ཆག་ཚེ་སོགས་བསིལ་གྱིས་བཅད། །ནད་དང་ལུས་ཤེད་སྦྱར་ལ་དུས་བབས་བཅད། །ཚད་ཞེན་རྩད་ནས་འབྱིན་པའི་དཔྱད་མཆོག་ཡིན། །དེ་ནས་རླུང་མེད་ཚད་ལྷག་ལ་གི་ཝཾ་ཙན་དན་བསིལ་ཅུ་གུར་ལི་གསུམ་དང་། །ཨུཏྤལ་སླེ་ཏྲེས་བྲག་ཞུན་ཀ་ར་སྦྱར། །རླུང་དང་ལྡན་ལ་ཏིག་ཏའི་སྨན་མར་ཤིས། །དེ་ལྟར་བཅོས་ཀྱང་ཚ་བ་སླར་འཕེལ་ན། །རླུང་ལྡན་སྟོངས་ཚད་འབྱུང་བས་ཟས་དྲོད་བཅུད་བསིལ་འཇམ་ཀྱིས་རླུང་སྣ་གླན། །དེས་ཀྱང་མ་ཞི་ལུས་ཟུངས་བདུན་ཀར་ཚ་བར་ལོག་པ་ཡིན་པས། །ཅིས་ཀྱང་མ་ཆོགས་ལ་ཚ་བ་ལ་ཆེན་འདའ་བར་འགྱུར། །དེས་ན་རླུང་བད་མཁྲིས་པའི་ཚ་བ་རི་ཐང་མཚམས་རྣམ་པ་གསུམ་གང་རུང་མཁས་པས་བརྟག་པ་གཅེས། །ཡང་ན་བསིལ་གྱིས་བཅོས་དགོས་ཤིང་རྒྱས་ཚད་དང་མཁྲིས་པ་ནི་རླུང་སྣ་གླན་དགོིས་ལ། སྟོངས་ཚད་དང་རླུང་ཚད་ཅེས་ཀྱང་མི་ཆོགས་ན་ཚ་བ་མ་བཟླས་པ་དང་ཟུངས་ཚད་གང་ཡིན་བརྟག་པ་གཅེས་ལ། དེ་མ་བརྟག་ན་མཁྲིས་ཚད་རླུང་ཚད་ནོར་ནས་གཉེན་པོ་ལོག། ཡང་ན་དེ་གཉིས་དང་ཟུངས་ཚད་ནོར་ནས་འཚོ་འཆི་ཤན་མི་ཕྱེད་པ་སོགས་སྐྱོན་མང་ངོ་། ཁ་ཟས་རི་དྭགས་བ་ལང་ཤ་གསར་དང་། །བ་རའི་ཞོ་དར་མར་གསར་ཆག་ཚེ་བཏང༌། །ཡོས་ཆང་སྲོ་ལོས་བསིངས་པ་རིག་པས་སྦྱར། །སྤྱོད་ལམ་མེ་ཉི་ལུས་ངག་རྩོལ་བ་སྤང༌། །བསིལ་སར་ཉིན་གཉིད་མི་ལོག་དལ་བར་བསྡད། །དེ་ལྟར་བཅོས་རྗེས་དུག་སྡོང་རྩ་བ་བཅད་པ་ལྟར་ཚད་ལྷག་མེད་པར་བདའ། །ཅུང་ཟད་ལུས་ཀྱང་ཉུང་མའི་རྨ་ཅུང་ཟད་ལས་མེད་ཀྱང་མཆེད་ནས་ཆེ་རུ་ཆེ་རུ་འགྲོ་བ་དང་འདྲ། །དེ་ཕྱིར་གོང་ལྟར་ཟས་སྤྱོད་ཟླ་བའི་བར་དུ་བསྡམ། །ག་བུར་ཉི་ཤུ་རྩ་ལྔ་སྦྱར་ཞིང་ཆུ་ལྕག་བྲན། །སྔོ་སྣེའུ་རྒྱབ་དམར་པོ་ཡོད་པ་དེའི་རལ་པ་དང་(སྲད་དཀར་སྟབ་སེང་འབྲས་གསུམ་གྱི་)སྦྱོར་བ་སྨན་ཟད་ཁར་ཐུག་ལོག་པོར་ཆུ་བསྐོལ་ཕུལ་ལ་ནང་མ་ལྔའམ་བདུན་སོགས་ཐེངས་འགའ་བཏང་ལ། །སྣེའུ་རླངས་ལུམས་ཀྱིས་རྔུལ་དབྱུང་བ་དེ་ཡིས་ཚ་བ་ཅུང་ཟད་ལུས་མི་སྲིད། །དེ་ནས་གསུམ་པ་ཟས་དང་བཞི་བ་སྤྱོད་ལམ་ཆ་ཡིས་གློད། །གཉིས་བྱེ་བྲག་ཤ་ལྤགས་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་སྦྱར། །མཆིན་རྩས་རུ་ཐུང་དང་གཤའ་རིངས་ཀྱིས་གཙོ་བྱས་རྩ་ཁ་མང་དུ་དབྱེ། །སྣེ་དམར་གྱིས་རྔུལ་དབྱུང་ནངས་མ་འགའ་ཆུ་ལྕག་གིས་རྒྱུན་སྦྱོངས་བསྔགས་པ་ཡིན། །རྩ་རུ་རྒྱུ་ན་ཙན་དན་(དཀར་དམར་གཉིས་བསིལ་གསུམ་ག་དུར་དོམ་མཁྲིས་ཨུཏྤལ་སོ་མ་ར་ཛ་མཚལ་ཧོང་ལེན་)བཅུ་གཅིག་སྦྱར། །གང་རྒྱས་རྩ་གཏར་སྐྱེད་ཆུང་རྩ་སྦྱོངས་བྱ། །རུས་ལ་ཞེན་ན་ཤིང་སྣ་(ཙན་དན་གཉིས་སེང་ལྡེང་སྐྱེར་པ་དེ་བ་དཱ་རུ་སྨྱག་ཤད་སྤྱི་ཞུར་རུ་རྟ་ཀ་ར་)བརྒྱད་པ་སྦྱོར། །རུས་རྙིང་བདུད་རྩི་ལྔ་ཡི་རླངས་ལུམས་བྱ། །མཁལ་རྩ་བྱིན་གཞུག་གཏར་ཞིང་འབྲས་བུའི་རྒྱུན་སྦྱོངས་ཤིས་པ་ཡིན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་རྙིངས་པ་བཅོས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 4:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།