སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གསུམ་པ། སྣུམ་འཆོས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བཅུ་གསུམ་པ། སྣུམ་འཆོས་བསྟན་པ།



ལེའུ་བཅུ་གསུམ་པ། སྣུམ་འཆོས་བསྟན་པ། 

ཞི་བྱེད་ཀྱི་སྦྱོར་བ་བཅུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། ལས་ལྔའི་སྔོན་འགྲོ་སྣུམ་འཆོས་ལ་རུང་བ་དང་མི་རུང་བ་དང༌། བསྟེན་ཐབས་དང༌། དེ་ཉིད་བསྟེན་ལེགས་པའི་ཕན་ཡོན་དང༌། ཉེས་པའི་ཉེས་དམིགས་དང་དེའི་ལོག་གནོན་བཅས་དྲུག་ཏུ་ངེས་དགོས་པ་ཡིན་ནོ། །

དང་པོ་སྣུམ་འཆོས་རུང་བ་ནི་རྒས་པ་དང་སྦེག་པ་སྟེ་ཤ་མི་འདྲིལ་བས་ཆེ་གསོབ་དང༌། ལུས་རིད་པ། སྟོབས་ཆུང་བ། སེམས་ལས་ཆེ་བ། ལྟོ་སྐྱ་བ། ཁྲག་མང་པོ་ཟགས་པ། ཁོང་རྩུབ་པ། ལུས་ཀྱི་ཁུ་བ་ཟད་པ། རླུང་ཆེ་བ། མིག་འགྲིབས་པ། སྦྱང་བ་དགོས་པ་རྣམས་ལ་གཏང་བར་བྱའོ། །

མི་རུང་བ་ནི། མེ་དྲོད་ཆུང་བ་དང༌། མ་ཞུ་བ་དང༌། འཁྲུ་བ་དང༌། དྲེག་དང༌། གྲུམ་བུ་དང༌། དབྱིག་དུག་དང༌། ཡི་ག་འཆུས་པ་དང༌། བད་ཀན་དང༌། སྐྱུག་ནད་དང༌། སྐོམ་དད་ཆེ་བ་རྣམས་ལ་སྤང་བར་བྱའོ། །དེ་ལྟར་རུང་དང་མི་རུང་གི་རྣམ་དབྱེ་བཤད་པ་ལྟར་བརྟགས་ལ།

རུང་བར་སྣུམ་འཆོས་བསྟེན་པའི་ཐབས་ལ། སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་པ་ལས། དེ་ཡང་ཡན་ལག་བརྒྱད་པ་ལས། སྣུམ་བྱེད་སྨན་རྣམས་ཕལ་ཆེར་ནི། །ལྕི་ཞིང་བསིལ་ལ་ཁོང་འཁྲུ་སྣུམ། །རྟུལ་དང་ཕྲ་ལ་མཉེན་ཞིང་བརླན། དེ་ལས་བཟློག་པ་རྩུབ་བྱེད་ཡིན། །ཞུན་མར་དཀར་དང་ཚིལ་ཏིལ་མར། །སྣུམ་རྣམས་ཀྱི་ནི་མཆོག་རབ་འདོད། །དེ་དག་ལས་ཀྱང་ཞུན་མར་ནི། །སྦྱོར་རྗེས་བྱུག་པ་མཆོག་ཡིན་ནོ། །དེ་དག་སྔོན་བཞིན་མཁྲིས་པ་སེལ། །ཕྱི་མ་བཞིན་དུ་ཅིག་ཤོས་སེལ། །མར་བས་ཏིལ་མར་ལྕི་དེ་བས། །ཚིལ་དེ་ཚིལ་བས་རྐང་ལྕིའོ། །ཞེས་སོགས་རྒྱས་པར་མཆིས་ཀྱང༌། མགོ་སྨོས་ཙམ་ལས་ཚིག་རྫོགས་ཆེས་དོགས་ནས་མ་སྤྲོས་པས་དཔྱོད་ལྡན་རྣམས་ཀྱིས་དེ་ཉིད་ལའང་གཟིགས་པ་མི་ལྷོད་པ་དང༌། འདིར་དང་པོ་ནི། ཡུངས་ཀར་སོགས་འབྲུ་མར། རྩི་མར་ཞུ་བའི་ཞུན་མར། སྲོག་ཆགས་གང་རུང་གི་རྐང་མར་དང་ཚིལ་ཏེ་སྣུམ་བཞི་པོ་ལུས་ཀྱི་ཕྱི་ཤ་ལྤགས་ལ་ནད་ཡོད་ན་ཕྱི་ནས་བྱུག་ཅིང༌། ནམ་ཚོང་ཡན་ཆད་དང༌། མགོ་རླུང་སོགས་མགོ་ལ་ནད་ཡོད་ན་མགོ་ལ་བསྐུ་བ་སྟེ་བྱུག་པ་དང༌། རྐེད་པ་མན་ཆད་ཀྱི་སྨད་ལ་ནད་ཡོད་ན་མས་ཡར་འཇམ་རྩི་བཏང་བ་དང༌། བྱང་ཁོག་སྟོད་སྨད་ལ་ནད་ཡོད་ན་ཁོང་དུ་བཏང་བ་དང༌། རྣ་བ་དང་མུར་གོང་ན་ན་རྣ་བའི་ནང་དུ་བླུག་ཅིང༌། མིག་ན་ན་མིག་ཏུ་བླུག་པ་དང༌། ཁ་ལྕེ་སོ་ལ་ནད་ཡོད་ལ་དྲོན་མོ་ཁ་ནང་དུ་མཁུར་བཀང་བྱ་བ་དང༌། གསེང་སྲུབས་དཔྲལ་བ་མིག་ལྕིབས་ཀླད་པ་ལ་ནད་ཡོད་ན་འཇམ་དུ་བསྲོས་ཏེ་སྣ་བུག་གི་ནང་ནས་ཡར་བླུགས་ནས་དགང་བ་སོགས་གཞན་ཡང་ནད་དང་ནད་དམིགས་ཇི་ལྟར་འཚམ་པ་བཞིན་དུ་ཤེས་རབ་རིག་པས་སྦྱར་དགོས་ཤིང༌། ལྟོར་གཏོང་བའི་སྐབས་སུ་སྣུམ་དེ་བཟའ་བའི་ཐུན་ཚད་ཆེ་ཆུང་ནི་མེ་དྲོད་ཀྱི་འཇུ་སྟོབས་ལས་དཔག་དགོས་པས། མེ་དྲོད་ཆུང་བ་དང་འབྲིང་པོ་ཆེན་པོ་རྣམས་རིམ་པས་བསྐྱེད་ལ་བཏང་དགོས་ཏེ། དེ་ཡང་རྟག་ཏུ་ལྟོ་སྐྱིད་ཅིང་སྣུམ་ལ་གོམས་པ་རྣམས་ལ་སྔོན་ལ་བྲ་ཟན་སོགས་བཏང་བའི་རྩུབ་བཅོས་བྱས་ལ་དེ་རྗེས་སྣུམ་བསྟེན་པ་དང༌། ལྟོ་སྐྱ་ཞིང་ཁོང་རྩུབ་པ་རྣམས་ལ་སྣུམ་གཏོང་ན་ལན་ཚྭ་ཟླར་བསྡེབས་པ་དང༌། མདོར་ན་སྣུམ་འཆོས་ཀུན་ལ་ཆུ་བསྐོལ་ཚན་མོ་གཏོང་བ་འཇུ་རྩི་ཡིན་ཞིང༌། སྔོ་ངད་རུལ་སྐྱུར་རྗེན་ཟས་སོགས་སྤང་བར་བྱས་ལ། ཡང་ཞིང་དྲོ་ལ་འཇུ་སླ་བ་བཙོས་ཟན་དང་ཡོས་ཆག་སོགས་ཅུང་ཟད་བསྟེན་པ་དང༌། སྤྱོད་ལམ་བུད་མེད་ལ་ཉལ་པོ་སྤྱོད་པ་དང༌། དྲག་ཤུལ་གྱི་སྤྱོད་པ་དང༌། མྱ་ངན་དང༌། མང་དུ་སྨྲ་བ། རྟ་ཞོན་པ། ཉིན་པར་གྱི་གཉིད། ཆུ་རླུང༌། དུད་པ། རྡུལ་སོགས་ཀྱི་ཁྲོད་དུ་གནས་པ་སོགས་སྤང་ཞིང༌།

ཁྱད་པར་རམ་བྱེ་བྲག་སྨན་མར་ལ་སོགས་པ་ཞི་བྱེད་སྣུམ་པའི་རིགས་གང་གཏོང་ཡང་ལྟོ་སྟོང་ལ་ཟས་དང་མ་སྦྲགས་པར་སྨན་རྐྱང་པར་བཏང་དགོས་ཤིང༌། ཚེ་རིང་བ་དང་ཕོ་བའི་མེ་དྲོད་སྐྱེད་ཅིང་དྲན་པ་གསལ་བ་དང་བློ་འཕེལ་བར་འདོད་པ་ལ་ལྦུ་སྙིགས་ཕྱུངས་པའི་ཞུན་མར་བསྟེན་པར་བྱ་ཞིང༌། རླུང་འཕེལ་བའི་རླུང་ནད་ཡོད་པ་དང༌། ལྟོ་བ་སྲ་བའི་རིགས་ཅན་ལུས་མཁྲང་བར་འདོད་པ། རྨེན་བུ། བད་ཀན། སྲིན་བུ། ཚིལ་ཆེས་པའི་ནད་ཅན་རྣམས་ལ་འབྲུ་མར་ཕན་པ་དང༌། དྲོད་ཆེ་བ་དང་བུ་བཙས་པའི་རྗེས་དང༌། ཆགས་པ་སོགས་ལ་འབད་པ་དང༌། རྩོལ་བས་དུབ་པ། ཟུངས་ཟད་ཅིང་རྩ་སྦུབས་འགགས་པ་རྣམས་ལ་རྐང་ཚིལ་ཕན་ཞིང་རྨ་བྱུང་བ་དང༌། མེས་ཚིག་པ་དང༌། རུས་པ་དང་ཚིགས་པ་ན་བ་དང༌། ལྟོ་བ། མངལ། རྣ་བ། ཀླད་པ་ན་བ་རྣམས་ལ་ཚིལ་མར་མཆོག་ཏུ་ཕན་པ་དང༌། དུས་ཀྱི་ཁྱད་པར་ནི་ཞུན་མར་དགུན་དུས་མེ་དྲོད་བཟང་བས་བསྔགས་ལ། འབྲུ་མར་ནི་དབྱར་མེ་དྲོད་ཆུང་བས་བཏང་བར་བསྔགས་ཤིང༌། རྐང་དང་ཚིལ་མར་ནི་དཔྱིད་དུས་ཉིན་མོ་ཚད་པ་ཆེ་བས་བསྔགས་པ་ཡིན་ལ། སྦྱོང་བྱེད་ཀྱི་སྔོན་འགྲོ་སྣུམ་འཆོས་ནི། ཐོ་རངས་ཞུན་མར་བཏང་དགོས་ཏེ། དེ་ཡང་ཁོང་སྣུམ་པའི་བར་དུ་བསྟེན་ཞིང༌། དེ་ནས་མི་ཕན་པར་འདྲེད་པར་འགྱུར་བའི་ཕྱིར་རོ། །ཟད་པ་སྟོབས་བསྐྱེད་པའི་སྐབས་སུ་བརྟ་བྱ་སྟེ་འཕེལ་བར་བྱ་བའི་སྣུམ་འཆོས་ནི། བྱིས་པ་དང་རྒས་པ་དང་སྐྱིད་པར་འདུག་པ། སྣུམ་ལ་འདྲིས་པ་དང༌། མེ་དྲོད་ཆུང་བ་དང༌། སྐོམ་དད་ཆེ་བ། སྟོབས་ཆུང་བ་རྣམས་ལ་སོས་དུས་ཤ་ཁུ་དང༌། ཡོས་ཐུགའབྲས་དང༌། སྦྲང་དང་བུ་རམ་གང་རུང་དང༌། ཞུན་མར་སོགས་སྦྱར་ཏེ་བཏང་བ་དེ་ནི་འཇུ་སླ་བ་དང༌། དང་ག་མི་འགག་ཅིང་སྟོབས་བསྐྱེད་པའི་མཆོག་ཏུ་གྱུར་པ་ཡིན་ལ། ཡང་ན་གོང་གི་ཁ་ཟས་དེ་དག་ཟོས་པའི་རྗེས་དང༌། ཟས་ཀྱི་གོང་དང༌། ཟས་ཀྱི་བར་དུ་སྣུམ་བསྟེན་ན་རིམ་པ་བཞིན་ཟོས་རྗེས་ལུས་ཀྱི་སྟོད་དང༌། ཟས་གོང་སྨད་དང༌། ཟས་ཀྱི་བར་བར་རྣམས་ལ་ཤིས་པ་ཡིན་ནོ། །

དེ་ལྟར་སྣུམ་འཆོས་ལེགས་པར་གྱུར་ནས་ཁོང་སྣུམ་པར་གྱུར། ཚད་རླུང་བདེ་བར་རྒྱུ་བ་དང༌། བཤང་བ་མི་སྲི་ལ་དྲོད་ཆེ་ཞིང་སྣུམ་མི་འདོད་པ་དང༌། ཕན་ཡོན་མདོག་ལེགས་ཤིང་སྟོབས་ཆེ་ལ་དབང་པོ་གསལ་རྒས་ཀ་སྲ་བ་སོགས་འབྱུང་བར་འགྱུར་རོ། །སྣུམ་འཆོས་དེ་དག་ཐལ་དྲགས་ན་གྱེན་དུ་ཁ་དང་ཐུར་དུ་བཤང་ལམ་ནས་སྣུམ་འབྱུང་ལ་དང་ག་འགག་པར་འགྱུར་ཞིང༌། ལྷག་ཏུ་དཔྱིད་དང་སོས་ཀྱི་དུས་འབྲུ་མར་བསྟེན་ན་བད་མཁྲིས་སློང་བ་དང༌། དགུན་གྱི་དུས་ཚིལ་བསྟེན་ན་ལུས་འཁྱགས་ཏེ་མ་ཞུ་བ་བསྐྱེད་པར་འགྱུར་རོ། །

སྣུམ་འཆོས་ཐལ་དྲགས་པའི་སྐྱོན་གྱིས་གཉེན་པོ་ལོག་པ་ལྟ་བུའི་རྟགས་གོང་བཤད་ལྟར་བྱུང་ན་དེ་དག་གནོན་བྱེད་ནི། ལུས་བཀྲེས་པ་དང་སྐོམ་དུ་གཞུག་པས་སྨྱུང་བར་བྱ་ཞིང་ཕོ་བར་དུགས་བྱ་བ་དང༌། སྐྱུག་ཏུ་གཞུག་ཅིང་སྲན་མ་དང་སོ་བ་དང་དར་བ་རྙིང་པ་རས་པ་དང་དྭངས་ཆང་བསྟེན་པར་བྱ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་སྔོན་དུ་འགྲོ་བ་སྣུམ་འཆོས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།