སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅུ་གསུམ་པ། རིན་པོ་ཆེ་ཡི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཅུ་གསུམ་པ། རིན་པོ་ཆེ་ཡི་སྡེ་ཚན་བསྟན་པ།

དེ་ནས་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ལོག་ནོན་རིན་པོ་ཆེ་ཡི་སྦྱོར་བར་གསུངས་པ་དེ།། བདག་ཅག་འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལ་སོགས་འཁོར་རྣམས་ངེས་པར་ཉོན།། རྩ་བ་ཡན་ལག་ཡང་ཡང་སྡེབ་པ་དེས།། ནད་ལ་ཚོད་ཤོར་སྨན་འདྲེད་ནད་མ་ཐོན།། དེ་རྣམས་ཀུན་གྱི་ལོག་ནོན་རིན་པོ་ཆེ།། བྱང་ཁོག་མགོ་དང་ཡན་ལག་ནད་རྣམས་དང་།། བད་རླུང་ཁྲག་མཁྲིས་དམུ་འོར་མཛེ་འབྲས་དང་།། གག་ལྷོག་གཉེན་དང་ཀླུ་གཉན་རྒྱལ་པོའི་ནད།། བཞི་བརྒྱ་རྩ་བཞིའི་ནད་རྣམས་འདི་ཡིས་སེལ།། ནད་མེད་ཡིན་ན་བཅུད་ལེན་འགོག་ཏུ་འགྲོ།། དེས་ན་རིན་ཆེན་སྦྱོར་བ་འདི་ནི་སྤྱི་འཇོམས་མཆོག། འདི་ལ་ཚ་སྦྱོར་གྲང་སྦྱོར་གཉིས་ཡོད་དེ།། རིན་ཆེན་ཚ་སྦྱོར་གསེར་དངུལ་ཟངས་ལྕགས་བཞི།། སྦྲང་གཤོག་རྩམ་(རྩམ་)རྡུང་སེན་མོས་དུམ་བུར་གཏུབ།། ཞི་གའི་(ཞིག་དཀའི་)ག་(ཀོང་)བུར་བླུག་ནས་རྔུལ་(དངུལ་)ཆུ་བླུག། ཚ་ལ་མུ་ཟི་བླུག་སྟེ་སྟེང་ནས་མནན།། དེའི་སྟེང་དུ་ལྕེ་(ལྕི་)ཕྱེ་དམ་དུ་བརྡེབས(བརྡལ)།། འདམ་པས་ཁ་བཅད་རླངས་པ་མི་འབུད་བྱ།། སོལ་བའི་མེས་བསྲེགས་མུ་ཟི་ཡལ་ཡལ་བསྲེག། ཐལ་བ་མུ་ཟི་གུ་ཁུལ་(གུལ་)སྲོ་(སོ་)་མ་ར།། ཤུ་དག་རྩི་(རྩི་)ཏྲ་ཀ་དང་ཚ་བ་གསུམ།། རེ་སྐོན་སེང་ལྡེང་མགྲོན་(འགྲོན་)ཐལ་ཞིབ་པར་བཏག(བཏགས)།། རྔུལ་ཆུང་(དངུལ་ཆུ་)ཞོ་ཕྱེད་སྟར་བུ་ཞོ་གཅིག་བཤིགས།། ཨ་རུ་ཆང་སྦངས་ཁུ་བ་(ཁཎྜར་)བསྡུ།། གོང་མ་རྣམས་དང་སྦྱར་ལ་རིལ་ལུ་(བུ་)སྲན་མ་ཙམ།། ཐོ་རང་(རངས་)ལྔ་བདུན་དགུ་བསྐྱེད་ཆང་གིས་འཕུལ།། དྲེག་དང་གྲུམ་བུ་སུར་ཡ་མཛེ་འབྲས་དང་།། རྩ་ཡི་ནད་དང་ཚ་སྐྲན་དམུ་འོར་སྐེམ།། གཉིས་པ་གྲང་སྦྱོར་སྡེ་ཚན་བསྟན་པ་ནི།། བསྟན་(བསྟེན་)ཐབས་སྦྱོར་བ་ལོག་ནོན་གསུམ་ཡིན་ཏེ།། དང་པོ་བསྟན་ཐལ་(བསྟེན་ཐབས་)གཡའ་ཕྱི་དུག་འདོན་དང་།། འཇམ་བཙལ་སྣ་ཁྲིད་བཤིག་དང་རྩ་ཁ་དབྱེ།། སྣོད་བཏང་ཕྱི་སྲུང་ནུས་(པ་)བསྐྱེད་པ་སྟེ།། དང་པོ་གཡའ་ནི་ཚ་བ་གསུམ་དང་རྔུལ་(དངུལ་)ཆུ་གཉིས།། ལྷེས་(ཧེལ་)གེའི་ནང་དུ་གཡའ་མ་ཐོན་པར་མཉེ།། དེ་རྗེས་བ་ཆུར་བཏགས་ལ་གཡའ་དུག་འདོན།། གཉིས་པ་དུག་འདོན་ཅོང་ཟི་(ཞི་)དྲི་ཆུར་སྐེམ་སྐེམ་བཙོ།། གསུམ་པ་འཇམ་བཙལ་པི་པི་ལིང་དང་ཕོ་བ་རིས།། མཚུར་དང་བུལ་ཏོག་ཅོང་ཞི་རྣམ་པ་ལྔ།། རྨ་ལ་མཚུར་དང་བུལ་ཏོག་ཅིང་(ཅོང་)ཞི་སྤང་།། དེ་མིན་ནད་དང་བཏུན་(བསྟུན་)ནས་ཚད་ལྡན་སྦྱར།། བཞི་པ་སྣ་ཁྲིད་ཆང་དང་དབྱི་མོང་བཏང་།། དཀར་པོ་གཉིས་སྦྱར་བཏང་བས་ནད་ཐོག་རི་ལུ་འགྲོ།། ཚ་བའི་ནད་ལ་སྣ་ཁྲིད་ཆུ་ཡིས་བྱ།། ལྔ་པ་བཤིག་པ་སྟར་ཞུན་རྔུལ་(དངུལ་)ཆུ་ལ།། ལོག་པོར་(པར་)བཏང་ནས་ཁ་ཡི་མཆིལ་མ་དང་།། བ་ཡི་ཆུ་ཡིས་འབྲུམ་བུ་མེད་པར་བཏུལ།། དྲུག་པ་རྩ་ཁ་འབྱེད་པ་ཚ་(ཚྭ་)རྡོར་གཡེར་མ་བཏང་།། བདུན་པ་སྣོད་ནི་ཟངས་ཐལ་རྔུལ་(དངུལ་)ཆུ་བསྡེབས།། དེ་མིན་རྔུལ་(དངུལ་)ཆུ་འདུལ་མ་རྒྱུག་མི་ནུས།། རིལ་ལུ་(བུའི་)སྔོན་འགྲོ་ཞག་འགའི་སྨན་དུ་ནི།། ཞུན་དུ་སྡེབས་(བསྡེབས་)པ་ཞུན་མར་ཞག་འགའ་བསྟེན་ཏེ།། བརྒྱད་པ་ཕྱི་རུ་རི་ལུ་ཡང་དགོས་པས།། ཚ་གྲང་སྦྱར་བའི་མར་གྱིས་ཕྱི་ནས་བྱུག། དགུ་པ་ནུས་པ་བསྐྱེད་ཕྱིར་རི་ལུ་ཆང་གིས་ཕུལ།། ཤ་ཆང་ཟས་བསྟན་(བསྟེན་)བ་སྤུ་རྔུལ་དབྱུང་བྱ།། དེ་ལྟར་མ་ཤེས་སྦྱོར་བ་དུག་ཏུ་འགྲོ།། སེང་གེའི་འོ་མར་(མ་)རྫ་མར་བླུག་དང་མཚུངས།། གཉིས་པ་སྦྱོར་བ་གཅིག་ཐུབ་ཀུན་རྒྱུག་གཉིས།། དང་པོ་མུ་ཟིའི་མགྲོན་(འགྲོན་)ཐལ་ཨ་རུ་ར།། སུག་སྨེ་(སྨེལ་)གསེར་གྱི་བྱེ་མ་བྱང་སེམས་གཉིས།། ཀུན་དང་སྟར་བུ་མཉམ་སྟེ་སྦྲང་དང་སྦྱར།། རྣག་དང་ཆུ་སེར་དམུ་ཆུ་སྐེམ་པ་དང་།། མགོ་འགྲམས་རྩ་འགྲམས་མ་ལུས་སེལ་བར་བྱེད།། བཟང་དྲུག་ཙན་དན་དཀར་དམར་འབྲས་བུ་གསུམ།། ཐ་ཀར་(ཐལ་ཀ་)རྡོ་རྗེ་སྤོས་དཀར་སྲོ་(སོ་)མ་ར།། དོམ་མཁྲིས་རུ་རྟ་སྦྱར་བའི་རིལ་བུ་ཡིས།། རྙོང་(རྙོགས་)ཚད་འབྲས་དང་སུར་ཡ་རྩ་ནད་སེལ།། ཨ་རུ་མུ་ཟི་བཙན་དུག་གླ་རྩི་དང་།། རུ་རྟ་ཆུ་དག་གུ་ཁུལ་(གུལ་)བཟང་དྲུག་དང་།། ཐ་དཀར་(ཐལ་ཀ་)རྡོ་རྗེ་སྤོས་དཀར་སྲོ་(སོ་)མ་ར།། སྦྱར་བས་གག་ལྷོག་མཛེ་འབྲས་སྐྱ་རྦབ་དང་།། སྐྲང་པ་སུར་ཡ་མ་ལུས་འཇོམས་པར་བྱེད།། གླ་རྩི་བཟང་དྲུག་ཙན་དན་དཀར་པོ་དང་།། གྷི་གང་(གི་ལྦང་)བསེ་རུ་ཆོས་སྨན་ཨ་རུ་ར།། བོང་ང་དཀར་དམར་བྲག་ཞུན་ཕྱ་ཚན་གསུམ།། དཔའ་བོ་སེར་པོ་ཁྱུང་སྡེར་དོམ་མཁྲིས་དང་།། མ་ནུ་རུ་རྟ་ཏིག་ཏ་སྐྱེར་ཤུན་ཀུན།། ཀ་ར་སྦྱར་བས་དུག་ཚད་མ་ལུས་འཇོམས།། བསིལ་གསུམ་སིང་(སེང་)ལྡེང་གྷི་ལྦལ་(གི་ལྦང་)བོང་ང་དཀར།། གསེར་གྱི་མེ་ཏོག་རུ་རྟ་བྲག་ཞུན་དང་།། བྱིའུ་ལ་ཕུག་ཡུང་མའི་ཁནྡ་(ཁཎྜ་)དང་།། རིལ་ལུ་(བུ་)དེ་ཡིས་ཤ་དུག་མ་ལུས་སེལ།། ཙན་དན་དཀར་དམར་བསིལ་གསུམ་བ་ཤ་ཀ། ཧོང་ལེན་སྐྱུ་རུ་ར་སྦྱོར་འཁྲུགས་ཚད་འཇོམས།། བོང་ང་དཀར་པོ་གྷི་གང་(གི་ལྦང་)ཨ་རུ་ར།། བསིལ་གསུམ་གསེར་གྱི་མེ་ཏོག་ཏིག་ཏ་སྦྱར།། རིལ་ལུ་(བུ་)དེ་ཡིས་རིམས་ཚད་མ་ལུས་སེལ།། གངས་ཐིག་(ཐིགས་)མདུང་རྩེ་སྦལ་རྒྱབ་ཅོང་ཟི་(ཞི་)བཞི།། ཚ་ལ་གླ་རྩི་རིལ་བུས་འབྲུམ་ནད་སེལ།། གླ་རྩི་བཙན་དུག་གུ་ཁུལ་(གུལ་)ཨ་རུ་ར།། སྦལ་བ་ནག་པོ་ཤུ་དག་རིལ་བུ་ཡིས།། ལྷོག་པའི་ནད་རིགས་གཉན་རྣམས་འཇམས་(འཇོམས་)པར་བྱེད།། རྒྱ་ཚ་བཙན་དུག་ཐར་ནུ་ཨ་རུ་ར།། རུ་རྟ་ཁྱི་མཆེ་བཏང་ན་གག་པ་སེལ།། རེ་སྐོན་སྤང་རྩི་ཨ་བོ་གང་ག་(གཱ་)ཆུང་།། དོམ་མཁྲིས་དུག་ཉུང་བྲག་ཞུན་རྒྱུ་གཟེར་སེལ།། དེ་བཞིན་ནད་དང་གཉེན་པོ་གཉིས་སྦྱར་བས།། གསོ་བར་དཀའ་བའི་ནད་རྣམས་སེལ།། གསེར་དང་རྒྱ་རུ་ཚ་ལ་རྒྱ་སྐག་དང་།། སྤྲུལ་ཤ་སྣག་ཚ་སྟག་ཤ་བུལ་ཏོག་དང་།། མཛོན་དྲེལ་རྒྱུང་(རྒྱུངས་)པ་སྦྱོར་བས་སྐྱེ་རྒྱུད་འཆད།། གཉིས་པ་ཀུན་རྒྱུག་རིལ་བུའི་སྦྱོར་བ་ནི།། རྔུལ་(དངུལ་)ཆུ་མུ་ཟི་སྟར་བུ་རྒྱ་སྲན་དང་།། རྒྱ་སྦྱིན་སྦྱོར་བའི་འདེ་གུ་བྱས་པ་ལ།། ར་མཉེ་ཉེར་(ཉེ་)ཤིང་སྦྱར་བས་བཅུད་ལེན་འགྱུར།། གོ་(གྭ་)དོར་བསེ་རུ་བགྲོན་(འགྲོན་)ཐལ་རེ་སྐོན་པ།། ཟངས་ཐལ་མར་གསར་སྦྱོར་བས་ཁོང་རྣག་སྐེམ།། ཡ་བག་ཤ་ར་(བཀྵར་)མགྲོན་(འགྲོན་)ཐལ་ཚ་བ་གསུམ།། ཐལ་ཚ་བ་ཚ་རྒོད་རུས་དམུ་ཆུ་སྐེམ།། བཙན་དུག་གུ་ཁུལ་(གུལ་)རྨ་བྱའི་མཁྲིས་པ་སྦྱར།། ཟོས་དང་ལུས་ལ་བྱུག་པས་མཛེ་ནད་གོས(གསོ)།། ཐར་ཀར་(ཐལ་ཀ་)རྡོ་རྗེ་སེང་ལྡེང་སྲོ་(སོ་)མ་ར། སྤོས་དཀར་སྦྱར་བས་ཆུ་སེར་ནད་ཀུན་སྐེམ།། བྲག་ཞུན་མགྲོན་(འགྲོན་)ཐལ་སླ་ཁྲེས་(སླེ་ཏྲེས་)དྲེག་ནད་སེལ།། གུ་གུལ་དོམ་མཁྲིས་སྲོ་(སོ་)མ་ར་ཙ་སྦྱར།། འབྲས་ཀྱི་ནད་ལ་ཟ་དང་བྱུག་པས་ཕན།། བསེ་འབྲས་རྔུལ་(དངུལ་)ཆུའི་ཐལ་བས་ཤ་རོ་གཅོད།། གསུམ་པ་རི་ལུའི་ལོག་ནོན་སྦྱོར་བ་ནི།། བྱིང་ཞིང་འཐིབ་ན་བཟང་དྲུག་ཀ་ར་བཏང་།། འཁུག་(འཁྲུགས་)ན་བཟང་དྲུག་ཟངས་ཐལ་སྦྱོར་བས་གཅོད།། རྒྱུ་མ་གཟེར་ཞིང་ཁ་ལ་རྨ་བྱུང་ན།། ཕོ་བར་མི་འཇུ་སྐྲན་དུ་འདྲིལ་སྙམ་ན།། གཉེན་པོའི་སྨན་ལྔ་བསྐོལ་བའི་ཐང་བཏང་སྟེ།། པི་པི་ལིང་དང་ཕོ་རིལ་ཅོང་ཟི་(ཞི་)དང་།། སྟར་བུ་བུལ་ཏོག་ལྔ་ཡི་ཐང་ཚན་བཏང་།། གབ་ཕྱེ་བྱས་པས་ཆང་བསྐོལ་ཚན་མོས་ཕུལ།། ཟངས་ཐལ་འདོད་ན་སྟར་བུའི་ཁུ་བ་བཏུང་།། རུས་ཚིག་(ཚིགས་)ན་ཞིང་གཟེར་ན་པི་པི་ལིང་།། རྒྱ་ཚ་རྒྱམ་ཚ་གཏར་(སྟར་)བུའི་གྲང་ཐང་བཏང་།། མགོ་འཁོར་སོ་འཁྲིལ་ཁ་བཤུ་(ཤུ་)སྙིང་གཡོ་ན།། ཤ་ཆང་ལ་སོགས་སྒོག་སྐྱའི་ཞུན་མར་བསྟེན།། བསྟན་(བསྟེན་)ཐབས་དགུ་དང་ལྡན་པ་ལོག་མི་སྲིད།། ལོག་ནོན་སྦྱོར་བ་ཉི་ཤུ་བཤད་པ་ནི།། སྨན་རྣམས་ལོག་འདྲེན་བྱུང་བའི་ལོག་ནོན་ཡིན།། ཞེས་གསུངས་སོ།།

གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་ལོག་ནོན་རིན་པོ་ཆེའི་སྦྱོར་བ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།