སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅུ་གསུམ་པ། འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཅུ་གསུམ་པ། འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ།  །ཚ་གྲང་གཉིས་སུ་མ་འདུས་ནད་མེད་ཀྱང༌། །ཚ་གྲང་ནོར་བས་[བར་]བཅོས་ན་མི་སྲོག་གཅོད། །དེའི་ངོས་བཟུང་འཁྲུལ་སོ་བསྟན་གྱིས་བཟུངས་[ཟུངས]། །ཚ་གྲང་འཁྲུལ་གཞི་འདི་ལ་གལ་འགག་བཞི། །རྟགས་དང་ངོ་བོ་གཉིས་ཀ་ཚ་བ་དང༌། (རྟགས་དང་ངོ་བོ་གཉིས་ཀ་གྲང་བ་དང༌།) །ཕྱི་རྟག་[རྟགས་]ཚ་ཡང་ངོ་བོ་གྲང་བ་དང༌། །ངོ་བོ་ཚ་ཡང་ཕྱི་རྟགས་གྲང་བ་བཞི། །རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚད་[ཚོད་]དང༌། །གནས་པ་[ས་]ཉིན་ཞག་ཟས་ཟོས་གོམས་པ་ཆུང་[ཆུ]། །འདི་བཅུའི་སྒོ་ནས་མ་ནོར་ངོ་བོ་འཛིན། །དང་པོ་མཁྲིས་པ་བསྐྱེད་པར་བྱེད་པ་ཡི། །སློང་བའི་རྒྱུ་རྩ་དེས་བསྐྱེད་ནས། །སྐམ་པ་[ས་]ཚ་གདུང་ཡུལ་དུ་[དུས་]སོས་ཁ་སྟོན། །དར་མ་མཁྲིས་ཤེས་[ཤས་]ཆེ་ན་[དང་]བར་དང་[ན་]གནས། །ཉིན་གུང་མཚན་གུང་ཞུ་དུས་ན་བ་དང༌། །ཁ་ཟས་གོམས་པ་དྲོད་བཅུད་ཡུན་རིང་བརྟེན་[བསྟེན]། །ཆུ་དམར་སྐ་ལ་དྲི་རྣམས་[མནམ་]ཀུ་ཡ་མཐུག །དེ་ལ་[ནི་]མཁྲིས་པ་འཕེལ་བའི་བྱུགས་[བྱུང་]རྟགས་ཡིན། །རྟགས་དང་ངོ་བོ་གཉིས་ཀ་ཚ་བ་ཡིན། །དེ་ལ་བ་[བད་]རླུང་འཕེལ་བའི་རྟགས་ཡོད་ཀྱང་[ན]། །ཕྱི་རྟགས་གྲངས་[གྲང་]ཡང་ངོ་བོ་ཚ་བ་ཡིན། །བད་རླུང་བསྐྱེད་པའི་རྒྱུ་རྐྱེན་བསྟེན་པས་གཟེར། །ངད་ཅག་[ཅན་]བསེར་བུ་རླུང་[རླན་]ཅན་དབྱར་རྒུན་[དགུན་]དུས། །རྒན་གཞོན་[བྱིས་]རང་བཞིན་བད་རླུང་ཤས་ཆེ་དུས། །སྟོད་སྨད་དུ་གནས་ཉིན་མཚན་ཐོག་མཐར་ན། །ཟས་ཐོག་ཞུ་རྗེས་དུས་ན་ལྡང་བ་དང༌། །དེ་ལ་བཅུད་མེད་བསིལ་ཟས་རྒྱུན་དུ་བསྟེན། །ཆུ་སྔོ་དྲི་རླངས་ཆུངས་[ཆུང་]ལ་ཀུ་ཡ་སྲབ། །དེ་ལས་བད་རླུང་འཕེལ་བའི་རྟགས་བྱུང་ན། །རྟགས་དང་ངོ་བོ་གཉིས་ཀ་གྲང་བ་ཡིན། །དེ་ཐོག་མཁྲིས་པ་འཕེལ་བའི་རྟགས་བྱུང་ན། །ཕྱི་རྟགས་ཚ་ཡང་ངོ་བོ་གྲང་བ་ཡིན། །དེ་ཐོག་མཁྲིས་པ་འཕེལ་བའི་རྟགས་བྱུང་ན། །ཕྱི་རྟགས་ཚ་ཡང་ངོ་བོ་གྲང་བ་ཡིན། །རྟགས་བཅུ་ཕན་ཚུན་ཚ་གྲང་འདྲེས་པ་ན། །ཚ་གྲང་འདྲེས་པས་ལྟར་སྣང་ནད་འབྱུང་སྟེ། །གྲང་བ་ལྟར་དུ་གནས་པའི་ཚ་བ་དང༌། །ཚ་བ་གྲང་བ་ལྟར་སྣང་གང་ཡང་རུང༌། །ནད་དང་རྟགས་དང་བཅོས་ཐབས་གོམས་པ་དང༌། །བཅོས་སྐྱེད་ལྟར་སྣང་ལྔ་ཡིས་འཁྲུལ་སོ་བསལ། །དང་པོ་ནད་ཀྱི་མིང་གི་ལྟར་སྣང་ནི། །དངས་མ་མ་ཞུ་ཚ་གླང་བད་སྨུག་དང༌། །ཚ་སྐྲན་ཚ་ཆུ་ཚ་བའི་ཆུ་འགག་[འགགས་]རྣམས། །མ་ཞུ་གླང་ཐབས་བད་ཀན་དམུ་ཆུ་སྐྲན། །དེ་རྣམས་ཆུ་འགག་[འགགས་]ཡིན་ཞེས་གྲང་ནད་ཀྱི། །མིང་ལ་བརྟེན་ནས་དྲོད་ཀྱིས་བཅོས་པ་ནི། །ཚ་བས་མིང་དེ་[མི་དེའི་]སྲོག་འདོར་བྱེད་པ་ཡིན། །དབྱིག་དུག་རྡོ་དུགས་[དུག་]དུག་མིང་ལ་བརྟེན། །བསིལ་གྱིས་བཅོས་པས་གྲང་བས་སྲོག་འདོར་བྱེད། །དེ་བས་ལྟར་སྣང་མིང་ལ་མི་བརྟེན་ནས། །ཚ་གྲང་འཁྲུལ་པོ་[སོ་]དུག་རྟགས་ནས་སོས་སོར་བསལ། །དེ་ནས་རྟགས་ལ་ལྟར་སྣང་འབྱུང་སྲིད་དེ། །རླུང་གིས་ཁ་དང་ལྕེ་སྐེམ་[སྐམ་]གཟེར་བ་དང་། །མི་འགྱུར་བད་ཀན་སྟོད་གཟེར་ཆེན་པོ་དང༌། །མཁྲིས་པ་རླུང་གིས་བུས་པའི་མགོ་ནད་དང༌། །མ་ཞུས་མཁྲིས་མགོ་ནད་དང་། །མ་ཞུ་མཁྲིས་ཡུལ་ཕྲོག་[ཕྲོགས་]པའི་མིག་སེར་དང༌། །ཚད་གཞུག་རླུང་གིས་བུས་པའི་སྟོང་[སྟོངས་]ཚད་རྣམས། །ཕྱི་རྟག་[རྟགས་]ཚ་བས་[བར་]འོང་སྟེ་ངོ་བོ་གྲང་བ་ཡིན། །རྟགས་རྗེས་འབྲིང་[འབྲངས་]ན་གསོ་བ་ལོག་པར་འགྲོ། །བསིལ་གྱིས་བཅོས་པས་གྲང་བས་སྲོག་འདོར་བྱེད། །མཁལ་སྙིང་ཕོ་བ་ཚད་པ་གབ་པ་ཡིན། །ཕོ་བ་ཟས་འཇུ་བྱེད་པའི་གཞི་ཡིན་པས། །དེ་ཕྱི་[ཕྱིར་]གནས་དེར་ཚ་བའི་ནད་ཞུག་[ཞུགས་]ན། །འཇུ་བྱེད་མེ་དྲོད་ལོགས་[ལོག་]པའི་ལས་བྱེད་པས། །གཟེར་འཚིང་མི་ཞུ་སྒྲེགས་སོག་[སོགས་]གྲང་རྟགས་འབྱུང་། །མཁལ་མ་བད་རྐན་[ཀན་]གྲང་བའི་གཞི་ཡིན་པས། །ཚད་ནད་ཞུགས་ཀྱང་དྲོང་ནང་[དྲོས་ན་]ཕན་པ་དང་། །ཆུ་སྲི་གྲང་བ་ལྟར་མངོན་གྲང་རྟགས་སྟོན། །བད་ཀན་རླུང་གི་གཞི་ནི་སྙིང་ཡིན་པས། །དེ་ཕྱིར་ཚ་ན་ཞུགས་ནས་སེམས་འཕྱོ་དང་། །བརྗིད་[བརྗེད་]ངེས་[ངས་]གཉིད་མེད་སྨྱོ་འབོག་འདར་བའོ། །ཕོ་མཁལ་སྙིང་གི་ཚ་ཚ་[བ་]གྲང་རླུང་འདྲ། །ཕྱི་རྟགས་གྲང་མངོན་ངོ་བོ་ཚ་བ་ཡིན། །གཞན་ཡང་ཚ་བས་གཉིད་མེད་ཡེར་བ་དང་། །རུས་པའི་ཚད་པས་རུས་ཚིགས་ན་དང་སྐྱུག །གཡལ་འདར་རྩ་སྟོང་ཚད་པས་སྨྱོང་[སྨྱོ་]བ་ལ། །མཆིན་པའི་ཚད་པས་སྐེགས་[སྐྱིགས་]བུ་བཏབ་པ་རྣམས། །གྲངས་[གྲང་]བའི་རྟགས་ནས་[ལྟར་]སྣང་ཡང་ཚ་བ་ཡིན། །རྟགས་ལ་བརྟེན་ནས་[ན་]གསོ་བ་ལོག་པར་འགྲོ། །དྲོད་ཀྱིས་བཅོས་ནས་[ན་]ནད་པའི་སྲོག་འདོར་འོང་། །དེ་བས་ལྟར་སྣང་བརྟག་[རྟགས་]ལ་ལེགས་བརྟག་[བརྟགས་]ནས། །སྨན་དཔྱད་འཕྲོད་དང་མི་འཕྲོད་འཁྲུལ་པོ་[སོ་]བརྟགས། །དེ་ཡང་འཕྲོད་དང་འདྲ་ལ་མི་འཕྲོད་དང༌། །མི་འཕྲོད་མི་འཕྲོད་འདྲེ་[འདྲ་]ལ་འཕྲོད་པ་ཡིན།  །བཅོས་པ་ལྟར་སྣང་ཞེས་བྱ་འབྱུང་སྲིད་དེ། །ཚ་བ་གྲང་བའི་རྟགས་ལྟར་སྣང་བ་ལ། །བསིལ་སྦྱོར་འཕྲོད་ཀྱང་འཕྲལ་དུ་མི་འཕྲོད་འདྲ། །དྲོད་སྦྱོར་གནོད་ཀྱང་འཕྲལ་དུ་འཕྲོད་དང་འདྲ། །གྲང་བ་ཚ་བའི་རྟགས་ཅན་དེ་ལས་བཙན་[ལྡོག] །དེ་ཡང་སྨན་ནད་འཐབས་པས་མི་འཕྲོད་འདྲ། །ལྟར་སྣང་རྟགས་ཀྱིས་མགོ་མནན་འཕྲོད་པ་འདྲ། །ལྟར་སྣང་དེ་རྗེས་འབྲིང་[འབྲངས་]ན་གསོ་བ་རྟོགས། །དེ་བས་ལྟར་སྣང་བཅོས་ལ་མི་བརྟེན་ནས། །གོམས་པ་ཡུན་དུ་སྲིང་ཚེད་རྟོགས་བས་གསོ། །དེ་ཡང་ན་[ནད་]བའི་རྟོགས་[རྟོག་]པ་ཞེན་ཕྱོགས་ཀྱིས། །ཕན་ནོ་གནོད་དོ་སྙོམ་[སྙམ་]པ་ཡངས་[ཡོང་]སྲིད་པས། །ནད་པའི་ཡིད་རྟོག་མ་ཡིན་འཕྲོད་མི་འཕྲོད། །རྩ་ཆུ་བཅོས་སྐྱེད་དག་གིས་འཁྲུལ་པོ་[སོ་]བསལ། །དེ་ལ་བཅོས་སྐྱེད་ལྟར་སྣང་ཞིང་[བཞི་]ཡོད་དེ། །ཕྱི་རྟགས་ལོག་ནས་ངོ་བོ་མ་ལོགས་[ལོག་]པ། །རྟགས་དང་ངོ་བོ་གཉིས་ཀ་མ་ལོག་དང་།  །ངོ་བོ་ལོག་ནས་ཕྱི་རྟགས་མ་ལོག་དང་། །རྟགས་དང་ངོ་བོ་གཉིས་ཀ་ལོག་པའོ། །དང་པོ་རྟགས་ལོག་ངོ་བོ་མ་ལོག་པ། །ནད་གཞི་བད་ཀན་ཅན་གྱི་ཚ་བ་ལ། །བསིལ་སྦྱོར་གཏུགས་པས་གཏིང་ཚད་མ་ཐོན་ཀྱང༌། །ཁ་ཟས་འཇུ་དཀའ་སྦོས་ཁྲོགས་[འཁྲོག་]ལ་སོགས་པའི་[པ]། །ཕོ་བའི་མེ་ཤིང་[ཤི་]གྲང་རྟགས་སྟོན་པར་བྱེད། །གྲང་བ་རྒོད་[རྒན་]པོ་གཏིང་ནས་མཁར་བ་ལ། །མི་[མེ་]བཞི་ལུས་ལ་ཡུན་དུ་བརྟེན་[བསྟེན་]བྱས་པས། །དྲོད་ཀྱི་རླངས་པས་རྩ་སྦུབས་ཀུན་ཁྱབ་སྟེ། །མགོ་ན་རྩ་རྒྱུགས་ཆུ་མདོག་དམར་ལ་སོགས། །ངོ་བོ་གྲང་ཡང་རྟགས་ཀུན་ཚ་བར་སྟོན། །དེ་བས་གྲང་བ་རྒན་པོ་ཚ་བ་འདྲ། །ཚ་བ་རྒོད་[རྒན་]པོ་གྲང་བ་འདྲ་བས་ནི་[ན]། །འདྲ་འདྲ་ནོར་ནས་ཚ་གྲང་འཁྲུལ་ཉེན་ཡོད། །དེ་ཕྱིར་མ་ནོར་རྟགས་ཀྱིས་ངོས་བཟུངས་[བཟུང་]ནས། །སིལ་[སེ་]འབྲུ་གཏར་ཕྲན་བསིལ་གྱིས་གཏིང་ནས་འདོན། །གཉིས་པ་ངོ་བོ་ལོགས་[ལོག་]ནས་ཕྱི་རྟགས་མ་ལོགས་[ལོག་]པ། །མགོ་[འོག་]འགྲིམ་རྐུན་བུའི་ནད་ལ་འོད་གསུམ་ཡོད་དེ། །གྲང་ནད་ཅན་ལ་དྲོད་སྦྱོར་ཐལ་དྲག་[དྲགས་]ནས། །གནས་དུས་རང་བཞིན་ཚ་བའི་རྐྱེན་འཕྲད་ནས། །དེ་ལས་[ལ་]ཆུ་བཞི་བརྩོན་བྱས་མྱུར་དུ་ཕབ། །(ཚ་)བའི་ནད་ལ་བསིལ་སྦྱོར་ཐལ་དྲགས་ན། །གནས་དུ་[དུས་]རང་བཞིན་གྲང་བའི་རྐྱེན་བྱས་བསྐྱེད། །བད་ཀླུང་[རླུང་]གྲང་བ་འཕེལ་བའི་རྐྱེན་བྱས་བ་[ཏེ]། །གྲང་བ་ཚ་བའི་འོག་འགྲིམ་རྐུན་བུར་སྐྱེ། །འོག་འགྲིམ་མ་མཐོང་བསིལ་སྦྱོར་བརྟེན་[བསྟེན་]པ་ན། །ཕོ་བའི་མེ་ཤིང་[ཤི་]སྐྲན་དང་དམུ་ཆུར་འགྱུར། །དེ་ལ་མེ་བཞི་སྦར་བས་ཉུང་[མྱུར་]དུ་འཚོ། །གཞན་ཡང་ཚ་བའི་ནད་ལ་བསིལ་བསྟུད་ན། །གནས་དུས་རང་བཞིན་རླུང་གི་རྐྱེན་འཕྲད་ནས། །འཐོར་བུའི་རླུང་སྐྱེ་ཚ་བའི་ལྷག་མ་འབུད། །ལུས་ལ་མེ་བཏང་འདྲ་བས་ཁ་ལྕེ་སྐམས། །སྐོམས་[སྐོམ་]དད་ཆེ་ལ་དབུག་[དབུགས་]རྒོད་ཟུགས་[ཟུག་]གཟེར་ལྡན་[ལྡང་]། །དེའི་[དེ་ནི་]རླུང་གི་ཚ་བའི་འོག་འགྲིམས་ཡིན། །འོག་འགྲིམ་མ་མཐོང་བསིལ་སྦྱར་བསྟེན་པ་ན། །གྲང་བའི་རླུང་བསྐྱེད་ལུས་ཟུངས་འཕྲོག་པར་བྱེད། །དེ་བས་རླུང་ཟས་ཀྱིས་བླང་ཚད་ལྷག་འདོན། །རྟགས་དང་ངོ་བོ་གཉིས་ཀ་མ་ལོག་ན། །སྨན་སྦྱོར་ཀུན་ལེན་དམན་ལོག་བསྐྱེད་ཅིང་བསྒྱུར། །གཉིས་ཀ་ལོག་ནི་[ན་]མི་ནོར་འཁྲུལ་པོ་ཆེ་[སོ་མེད]། །ནད་གཞིའི་ལྟར་སྣང་འཁྲུལ་པོ་[སོ་]རྟགས་ཀྱིས་བསལ། །རྟགས་ཀྱི་ལྟར་སྣང་འཁྲུལ་པོ་[སོ་]བཅོས་པས་བསལ། །བཅོས་ཀྱི་ལྟར་སྣང་འཁྲུལ་པོ་[སོ་]གོམས་པས་བསལ། །གོམས་པའི་ལྟར་སྣང་འཁྲུལ་པོ་[སོ་]བསྐྱེད་ཀྱིས་བསལ། །བཅོས་བསྐྱེད་ལྟར་སྣང་འཁྲུལ་པོ་[སོ་]ཆུ་ཡིས་བསལ། །ཆུ་མདོག་ལྟར་སྣང་འཁྲུལ་པོ་[སོ་]ཀུན་པས་[ཀུ་ཡས྄བསལ། །དེ་ལ་ནོར་བའི་འཁྲུལ་པ་འབྱུང་མི་སྲིད། །དེ་དག་ལྟར་སྣང་ལྔ་སྦྲག་[ཕྲུགས་]ཞེས་བྱ་སྟེ། །མི་འཁྲུལ་ཚ་གྲང་ནད་[གནད་]ཀྱི་གལ་མི་[མདོ་]ཡིན། །དེ་བཞིན་མན་ངག་ལྡན་པས་མི་འཁྲུལ་རྟོགས། །གཞུང་ཉིད་དཀྱུས་འཛིན་ཤེས་པས་དེ་མི་རྟོགས།  །ཞེས་གསུངས་སོ།།

    གསོ་བྱའི་ནད་འབུམ་ནག་པོ་ལས་ཚ་གྲང་འཁྲུལ་གཞི་བསལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།