སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གསུམ་པ། འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

ལེའུ་བཅུ་གསུམ་པ། འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཚ་གྲང་གཉིས་སུ་མ་འདུས་ནད་མེད་ཀྱང༌། །ཚ་གྲང་ནོར་བར་བཅོས་ན་གཞན་སྲོག་འདོར། །དེ་ཡི་ངོས་བཟུང་འཁྲུལ་སོ་ཅི་ལྟར་བསལ། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

 ཚ་གྲང་འཁྲུལ་གཞི་གལ་འགག་རྣམ་བཞི་སྟེ། །རྟགས་དང་ངོ་བོ་གཉིས་ཀ་ཚ་བ་དང༌། །རྟགས་དང་ངོ་བོ་གཉིས་ཀ་གྲང་བ་དང༌། །ཕྱི་རྟགས་ཚ་ཡང་ངོ་བོ་གྲང་བ་དང༌། །ངོ་བོ་ཚ་ཡང་ཕྱི་རྟགས་གྲང་བ་ཡིན། །རྒྱུ་དང་རྐྱེན་དང་ཡུལ་དང་དུས་དངརང་བཞིན་དང་ན་ཚོད་དང་དང༌། །གནས་ས་དང་ཉིན་ཞག་དང་ཟས་ཟོས་དང་གོམས་པ་དང་ཆུ་སྟེ། །འདི་བཅུའི་སྒོ་ནས་འཁྲུལ་མེད་ངོ་ཡིས་བཟུང༌། །དང་པོ་མཁྲིས་པ་སྐྱེད་པར་བྱེད་པའི་སློང་རྒྱུ་བཤད་རྒྱུད་ནས་ཚ་བའི་རོ་དང་ཞེས་པ་དང། བཟའ་བཏུང་དྲགས་པའི་བར་དེས་བསྐྱེད་ནས། །སྐམ་ས་ཚ་གདུང་ཆེ་ལ་མཁྲིས་པའི་ཡུལ་ཉི་མ་གང་ཟློག་དབྱར་དགུན་འབྲིང་པོ་བྱས་པའི་དུས་སོས་ཀ་དང་སྟོན་། །མི་དར་མ་མཁྲིས་ཤས་ཆེ་དང་ནད་ཀྱི་གནས་སྙིང་ག་མན་ལྟེ་བ་ཡན་གྱི་བར་ན་གནས། །དུས་ཚོད་ཉིན་དགུང་དང་མཚན་དགུང་ཟས་ཞུ་དུས་ན་བ་དང༌། །ཁ་ཟས་གོམས་པས་དྲོད་བཅུད་ཡུན་དུ་བསྲིངས་བསྟེན་པས། །ཆུ་ནི་ཁྲག་འཕེལ་བས་མཁྲིས་པ་རྒྱས་དེས་ཚད་པ་བླངས་ཏེ་རྟེན་བརྟེན་པ་གཉིས་ཀ་འཕེལ་བས་དམར་ཅིང་དྲོད་ཀྱིས་ཆུ་ཁམས་བྲི་ནས་གར་བར་བྱས་པས་སྐ་ལ་ཚ་རྣམས་ལུས་ཟུངས་རུལ་ཞིང་དྲི་མ་མནམ་པའིི་ཚ་བ་འཕེལ་བའི་དྲི་དུགས་ཁྲག་མཁྲིས་སྟོབས་སུ་གྱུར་པའི་དངོས་ཀྱིས་ཀུ་ཡ་མཐུག །དེ་བཅུ་ཚོགས་པ་ལ་མཁྲིས་པ་འཕེལ་བའི་རྟགས་བཤད་རྒྱུད་ཀྱི་ལེའུ་བཅུ་གཅིག་པར་མཁྲིས་པ་འཕེལ་བས་ཞེས་པ་ནས་འཁྲུ་བར་བྱེད་ཀྱི་བར་དང་། རྒྱུད་འདི་ཉིད་ཀྱི་ལེའུ་བཅུ་གཉིས་པར་ཚ་བའི་རྩ་ནི་མགྱོགས་རྒྱས་ཞེས་པ་ནས་མེ་དྲོད་འཕེལ་རྟགས་ཡིན་ཞེས་པའི་བར་བྱུང་ན། །རྟགས་དང་ངོ་བོ་གཉིས་ཀ་ཚ་བ་ཡིན། །གོང་གི་རྟགས་བཅུ་པོའི་དེ་ལ་བད་བཤད་རྒྱུད་ཀྱི་ལེའུ་བཅུ་གཅིག་པར་བད་ཀན་འཕེལ་རྟགས་ཞེས་པ་ནས་ཡན་ལག་ལྷོད་ཅེས་པའི་བར་དང་། ཡང་དེ་ཉིད་ལས་བད་ཀན་འཁྲུགས་རྟགས་རྩ་ནི་ཞེས་པ་ནས་ཟོས་ཐོག་ལྡང་ཞེས་པའི་བར་རྫོགས་པར་ཚང་བ་རླུང་བཤད་རྒྱུད་ཀྱི་ལེའུ་བཅུ་གཅིག་པར་དེ་རྟགས་རླུང་འཕེལ་ཞེས་པ་ནས་དབང་པོ་ཉམས་ཞེས་པའི་བར་དང་། ཡང་དེ་ཉིད་ལས་འཁྲུགས་རྟགས་རླུང་གི་རྩ་ནི་ཞེས་པ་ནས་ཞུ་རྗེས་ན་ཞེས་པའི་བར་རྫོགས་པར་ཚང་བ་དེ་ལ་ འཕེལ་བའི་རྟགས་ཡོད་ན། །ཕྱི་རྟགས་གྲང་བར་སྣང་ཡང་ངོ་བོ་བད་ཀན་ཚ་བར་གནས། །རྒྱུད་འདིའི་ལེའུ་བཞི་པར་བད་དང་རྒྱུད་འདིར་ལེའུ་གཉིས་པར་ རླུང་སྐྱེད་པའི་སློང་རྒྱུ་བསྟེན་པ་དང༌། །ངད་ཅན་གྲང་བའི་རླུང་བསེར་བུ་ཅན་ནི་རླུང་གི་གནས་རླན་ཅན་ནི་བད་ཀན་གྱི་གནས་དབྱར་རླུང་གི་དུས་དགུན་བད་ཀན་གྱི་དུས། །ལོ་ལྔ་བཅུ་ཡན་རྒས་པ་རླུང་གི་ན་ཚོད་དང་ལོ་བཅུ་དྲུག་མ་ལོན་བར་བྱིས་པ་བད་ཀན་གྱི་ན་ཚོད་ནད་གཞི་བད་རླུང་ཆེ་བ་དང༌། །རླུང་སྙིང་ག་ཡན་སྟོད་དང་བད་ཀན་ལྟེ་བར་མན་སྨད་ན་གནས་ཤིང་ཉིན་གྱི་སྔ་དྲོ་རླུང་དང་དགོང་མོ་བད་ཀན་ཞག་གི་སྲོད་བད་ཀན་དང་ཐོ་རངས་རླུང་ཐོག་མཐར་ན། །ཟོས་ཐོག་ན་བར་བད་ཀན་རླུང་ཞུ་རྗེས་དུས་ན་ལྡང་བ་དང༌། །བཅུད་མེད་བསིལ་ཟས་རྒྱུན་དུ་བསྟེན་པ་ཡིས། །ཆུ་སྔོ་དྲི་རླངས་ཆུང་ལ་ཀུ་ཡ་སྲབ། །དེ་རྣམས་ཚ་བ་ལ་སླར་བད་རླུང་འཕེལ་བའི་རྟགས་གོང་དུ་བཤད་མ་ཐག་པ་དེ་རྣམས་བྱུང་ན། །རྟགས་དང་ངོ་བོ་གཉིས་ཀ་གྲང་བ་ཡིན། །བད་རླུང་འཕེལ་བའི་རྒྱུ་རྐྱེན་དེ་ལ་མཁྲིས་པ་འཕེལ་བའི་རྟགས་ཡོད་ན། །ཕྱི་རྟགས་ཚ་བར་སྣང་ཡང་ངོ་བོ་གྲང་བར་གནས། །གལ་ཏེ་གོང་གི་རྟགས་དེ་དག་ཐམས་ཅད་ཕན་ཚུན་འདྲེས་གྱུར་ན། །ཚ་བ་དང་གྲང་བ་འདྲེས་པས་ཡིན་པ་ལ་མིན་པ་དང་མིན་པ་ལ་ཡིན་པ་ལྟར་དུ་སྣང་བའི་ནད་སྣ་ཚོགས་པ་འབྱུང་སྟེ། །ཚ་བ་ཡང་གྲང་བ་ལྟ་བུར་སྣང་བ་དང༌། །གྲང་བ་ཡང་ཚ་བ་ལྟར་སྣང་གང་ཡང་རུང༌སྟེ་འཁྲུལ་སོ། །ནད་གཞི་རྟགས་ཀྱི་ལྟར་སྣང་དང་བཅོས་ཐབས་ཀྱི་ལྟར་སྣང་དང་གོམས་འི་ལྟར་སྣང་དང༌། །བཅོས་སྐྱེད་ཀྱི་ལྟར་སྣང་དང་ལྔ་ཡིས་འཁྲུལ་བའི་སོ་མཚམས་བསལ་བར་བྱ་དགོས་ཏེ།། །དེ་ལ་དང་པོ་ནད་གཞི་མིང་གི་ལྟར་སྣང་ནི། །ནད་གཞི་དྭངས་མ་མ་ཞུ་བ་དེ་དང་ཚ་བའི་གླང་ཐབས་བད་ཀན་སྨུག་པོ་དང༌། །ཚ་སྐྲན་དང་ཚ་ཆུ་དང་ཚ་བའི་ཆུ་འགགས་རྣམས་མཚན་ཉིད་མ་ཕྱེད་བར་མིང་གི་ལྟར་སྣང་དང༌། །དྭངས་མ་མ་ཞུ་བ་ལའང་མ་ཞུ་ཚ་གྲང་མ་ཕྱེད་པར་གླང་ཐབས་བད་ཀན་སྐྱ་སྨུག་མ་ཕྱེད་པར་དམུ་ཆུ་དང་ཚ་གྲང་མ་ཕྱེད་པར་སྐྲན་དང༌། །སྐྲན་ཚ་གྲང་མ་ཕྱེད་པར་ཆུ་འགགས་ཞེས་པའི་མིང་ནད་གྲང་བ་ལ་བརྟེན་བྱས་ནས། །དྲོད་ཀྱིས་བཅོས་པས་ཚ་བས་མི་དེ་སྲོག་འདོར། །དབྱིག་དུག་དང་རྡོ་དུག་གྲང་བ་ཡིན་ཡང་དུག་ཅེས་པའི་མིང་ལ་བརྟེན་ནས། །བསིལ་གྱིས་བཅོས་པས་གྲང་བས་སྲོག་འདོར་བྱེད། །རྒྱུ་མཚན་དེ་ཕྱིར་ལྟར་སྣང་མིང་ལ་མི་བརྟེན་པར། །ཚ་གྲང་འཁྲུལ་སོ་རྟགས་ཀྱིས་བསལ་བར་བྱ། །མིང་གི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ་དེ་ཡང་གཉིས་པ་རྟགས་ཁ་ལྕེ་སྐམ་པ་གཟེར་བ་མགོ་ན་བ་མིག་སེར་པ་དྲོད་ཆེ་བ་སོགས་ལ་ངོ་བོ་འགལ་བའི་ལྟར་སྣང་གི་འཁྲུལ་སོ་འབྱུང་སྲིད་དེ། །རླུང་གིས་ཡང་གཡོ་ཁྲག་ཚད་བསྐྱེད་ཁ་དང་ལྕེ་སྐམ་རྩུབ་རླུང་གསང་དུ་གཟེར་འཕོ་བ་དང་། །མི་འགྱུར་བཟོ་ལེ་འཕོ་བའིབད་ཀན་ལྷེན་གཟེར་རམ་སྟོད་གཟེར་ཆེན་པོ་དང༌། །མཁྲིས་པའི་ཚ་བ་རླུང་གིས་བུས་པའི་དྲོང་རླངས་ཀྱིས་མགོ་ནད་དང༌། །མ་ཞུ་པ་དང་དྭངས་སྙིགས་འདྲེས་པསས་མཁྲིས་པའི་ཡུལ་ཕྲོགས་པའི་མིག་སེར་དང༌། །ཚད་པའི་གཞུག་ཏུ་རླུང་གིས་བུས་པའི་སྟོངས་ཚད་རྣམས། །ངོ་བོ་བད་རླུང་ཡིན་པས་གྲང་ཡང་ཕྱི་རྟགས་དེ་རྣམས་ངོ་བོ་གྲང་བ་ཡིན་པར་མ་རྟོགས་པར་ཚ་བར་འཁྲུལ། །རྟགས་ཁ་ལྕེ་སྐམས་པ་གཟེར་བ་མགོ་ན་བ་མིག་སེར་བ་དྲོད་ཆེ་བ་སོགས་ཀྱི་རྗེས་འབྲངས་ནས་ཚ་བ་ངོས་བཟུང་ནས་དེའི་གསོ་བ་ཡང་ལོག་པར་འགྲོ་སྟེ་གཉེན་པོ། །བསིལ་གྱིས་བཅོས་པས་གྲང་བས་སྲོག་འདོར་བྱེད་དོ། །ཕོ་བ་དང་མཁལ་མ་དང་སྙིང་ལ་ཚ་བ་གབ་པ་ནི། །ཕོ་བ་ཟས་འཇུ་བྱེད་པའི་གཞི་ཡིན་པས། །རྒྱུ་མཚན་དེའི་་ཕྱིར་ན་གནས་དེར་ཚ་བའི་ནད་ཞུགས་ན། །མཁྲིས་པ་འཇུ་བྱེད་མེ་དེས་ཀྱང་ལོག་པའི་ལས་བྱེད་པས། །གཟེར་བ་དང་རྫིང་བ་དང་མི་འཇུ་བ་དང་སྒྲེག་པ་སོགས་གྲང་བའི་རྟགས་འབྱུང་བ་དང་། །ཡང་མཁལ་མ་བད་ཀན་ས་ཆུ་གྲང་བའི་གཞི་ཡིན་པས། །དེར་ཚད་ནད་ཞུགས་ཀྱང་དྲོས་ན་ཕན་པ་དང་། །ཆུ་སྲི་བ་དངགྲང་ན་ན་ར་མངོན་པ་སོགས་གྲང་རྟགས་སྟོན་པ་དང་། །ཡང་སྙིང་ནི་རླུང་དང་བད་ཀན་གཞི་ཡིན་པས། །རྒྱུ་མཚན་དེ་ཕྱིར་སྙིང་ལ་ཚ་བ་ཞུགས་ཀྱང་སེམས་འཕྱོ་བ་དང་བརྗེད་ངས་པའང་གཉིད་མེད་ཅིང༌། །སྨྱོ་བ་དང་འབོག་པ་དང་འདར་བ་ལ་སོགས་རླུང་གི་རྟགས་འབྱུང་བས་ན། །ཕོ་བ་དང་མཁལ་མ་དང་སྙིང་གི་ཚ་བ་ཡང་འཕྲལ་དེའི་གྲང་རླུང་དང་འདྲ་བར་སྟོན། །དེར་ནི་ངོ་བོ་ཚ་བ་ཡིན་ཡང་ཕྱི་རྟགས་གྲང་བ་སྟོན་པས་གྲང་བར་འཁྲུལ་ལ་། །དེ་གསུམ་དུ་མ་ཟད་གཞན་ཡང་ཚད་པ་གཉིད་ཡེར་བ་དང་གྲང་མཁྲིས་ཀྱིས་སྐྱུག་པ་དང་ཚད་པ་རུས་ལ་ཞེན་ནས་ཚིགས་ན་བ་དང་། །ཚ་བ་རྕ་པགས་ཞེན་པས་གཡལ་བ་དང་འདར་བ་སྨྱོ་ཞིང་འཆོལ་ལབ་དང་མཆིན་ཚད་ཀྱིས་སྐྱིགས་བུས་བཏབ་པ་རྣམས། །ངོ་བོ་ཚ་བ་ཡིན་ཡང་གྲང་བའི་རྟགས་ལྟར་སྣང༌། །རྟགས་དེ་རྣམས་ལ་བརྟེན་ནས་གྲང་བ་ཡིན་པར་ངོས་བཟུང་ན་གསོ་བ་ལོག་པར་འགྲོ་སྟེ་། །དེ་ལ་དྲོད་ཀྱིས་བཅོས་ན་ཚ་བས་སྲོག་འདོར་བར་བྱེད་དོ། །དེ་ཕྱིར་ལྟར་སྣང་ཙམ་གྱིས་རྟགས་ལ་མི་བརྟེན་པར་རྟགས་ཇི་ལྟ་བ་དང་། །དེ་ཉིད་བཅོས་ཐབས་འཕྲོད་དམ་མི་འཕྲོད་ཀྱིས་འཁྲུལ་སོ་བསལ། །གཉིས་པ་དེ་ཡང་དང་པོ་འཕྲོད་འཕྲོད་འདྲ་ལ་རྗེས་སུ་མི་འཕྲོད་པ་དང༌། །ངོ་བོ་མི་འཕྲོད་འདྲ་ལ་རྗེས་སུ་འཕྲོད་པར་བསལ་བ་ཡི། །བཅོས་སྐྱེད་ལྟར་སྣང་ཞེས་བྱ་འབྱུང་སྲིད་དེ། །གབ་ཚད་སོགས་ངོ་བོ་ཚ་བ་གྲང་བའི་རྟགས་ལྟར་སྣང་བ་ལ། །ངོ་བོ་གཏིང་ཚད་ལ་བསིལ་སྦྱོར་འཕྲོད་ཀྱང་གྲང་བའི་མགོ་ཕུར་ལ་ལོག་པས་འཕྲལ་དུ་མི་འཕྲོད་འདྲ། །ཡང་དེ་ལ་དྲོད་སྦྱོར་ཕུགས་སུ་གཏིང་ཚད་པར་གནོད་ཀྱང་འཕྲལ་དུ་གྲང་བས་འཕྲོད་ལྟར་སྣང༌བ་ཡོད་དོ། །གྲང་བ་ལ་ལྟར་སྣང་ཚ་བའི་རྟགས་ཅན་ཡང་དེ་ལས་ལྡོག་པ་ །དེ་ཡང་སྨན་ནད་འཐབ་པས་དང་པོ་མི་འཕྲོད་འདྲ་ཡང་བར་དུ་ཚ་བ་མི་ཤེས་པ་ལ་ཐབས་ཏེ། །ལྟར་སྣང་རྟགས་ཀྱིས་མགོ་མནན་ནས་འཕྲོད་པ་འདྲ། །ལྟར་སྣང་རྗེས་སུ་འབྲངས་ན་ངོ་བོ་འཕེལ་ཏེ་སྲོག་ལ་རྒོལ། །དེ་ཕྱིར་ལྟར་སྣང་བཅོས་ལ་མི་བརྟེན་པར། །གང་འཕྲོད་གོམས་པ་ཡུན་དུ་བསྲིངས་པས་ཕན་གནོད་རྟོགས་པར་འགྱུར་རོ། །བཞི་བ་དེ་ཡང་ནད་པའི་རང་འདོད་ཀྱིོ་རྟོག་པ་ཞེན་ཕྱོགས་ཀྱིས། །གནོད་ཀྱང་ཕན་ནམ་སྙམ་དུ་རྟོག་པ་དང་། །ཕན་ཀྱང་གནོད་སྙམ་ལྟར་སྣང་འབྱུང་སྲིད་པས། །དེ་ལ་ནད་པའི་ཡིད་རྟོག་ཞེ་འདོད་མ་ཡིན་པར་དོན་ལ་འཕྲོད་པ་དང་མི་འཕྲོད་པ་དག་ལ་། །རྩ་དང་ཆུ་ལ་བཅོས་སྐྱེད་བྱུང་ངམ་མ་བྱུང་དག་གིས་འཁྲུལ་སོ་བསལ། །དེ་ལའང་ལྔ་བ་བཅོས་སྐྱེད་ལྟར་སྣང་བཞི་ཡོད་དེ། །ཕྱི་རྟགས་དང་པོ་དེ་ལས་གཞན་དུ་ལོག་ལ་ནད་ངོ་བོ་མ་ལོག་པ་སྔར་མལ་དུ་གནས་པ་དང༌། །ནད་ངོ་བོ་དང་པོ་དེ་ལས་གཞན་དུ་ལོག་ལ་ཕྱི་རྟགས་མ་ལོག་པ་ལ་དང་པོ་རང་སོར་བསྡད་པ། །རྟགས་དང་ངོ་བོ་གཉིས་ཀ་གཞན་དུ་མ་ལོག་པ་སྔ་ལྟར་དུ་གནས་པ་དང༌། །རྟགས་དང་ངོ་བོ་གཉིས་ཀ་གཞན་དུ་ལོག་པའོ། །དང་པོ་ནད་གཞི་བད་ཀན་ཅན་གྱི་ནད་ཚ་བ་བྱུང་བ་ལ། །སྨན་དཔྱད་ཟས་སྤྱོད་བསིལ་སྦྱོར་གཏུགས་པས་གྲོགས་བད་རླུང་དེ་འཕེལ་བས་ངོ་བོ་མ་ལོག་གཏིང་ཚད་མ་ཐོན་ཀྱང༌། །ཕོ་བའི་མེ་དྲོད་ཤི་ནས་རྩ་དང་ཆུ་སྔོ་ཟས་མི་འཇུ་བ་སོགས་རྟགས་ལོགས་པས་གྲང་རྟགས་སྟོན་པར་བྱེད། །གྲང་བ་ཡུན་རིང་སོང་བའི་རྒན་པོ་གཏིང་ནས་འཁར་ཞིང་ཞེན་བ་ལ། །སྨན་དཔྱད་ཟས་སྤྱོད་མེ་བཞི་ལུས་ལ་ཡུན་དུ་བསྟེན་བྱས་པས། །དྲོད་ཀྱི་རླངས་པས་རྩ་སྦུབས་ཀུན་ཁྱབ་སྟེ། །ཕྱིའི་རྟགས་སུ་མགོ་ན་རྩ་མྱུར་དུ་རྒྱུག་ཆུ་མདོག་དམར་བ་ལ་སོགས་ཚད་རྟགས་ཐམས་ཅད་སྟོན་པ་ཡིན་ནོ། །དེ་ནི་ངོ་བོ་མ་ལོག་པར་གྲང་བར་ལྡན་ན་ཡང་ཕྱིའི་རྟགས་ཀུན་ལོག་ཏེ་ཚ་བར་སྟོན་པ་ཡིན་ནོ། །དེ་ཡང་གྲང་བ་དུས་འདས་ཀྱི་རྒན་པོ་དྲོད་བསྲིངས་པས་ཚ་བ་འདྲ་བ་དང་། །ཚ་བ་དུས་འདས་ཀྱི་རྒན་པོ་བསིལ་བསྲིངས་པས་གྲང་བ་འདྲ་བས་ན། །ལྟར་སྣང་གི་འདྲ་འདྲ་གཉིས་པོ་དེ་ནོར་ནས་ཚ་གྲང་ནོར་ན་ཚ་གྲང་འཁྲུལ་ཉེན་ཡོད་དེ་འཁྲུལ་བའོ། །དེ་ཕྱིར་ལྟར་སྣང་ཕྱིའི་རྟགས་ཀྱིས་གང་རུང་དེ་རེད་ངོ་གླན་གཏིང་གི་ནད་ངོ་བོ་གདོན་དགོས་ཏེ་ཚ་བ་གྲང་བའི་ལྟར་སྣང་ཅན་དེ་ལ་སེ་འབྲུ་ལྔ་པ་བསྐུ་མཉེས་གསུར་དུད་ཙམ་གྱིས་རྟགས་གྲང་བའི་ངོ་བླངས་ནས་གཏིང་ཚད་ལ་བསིལ་འཇམ་བསྟེནགྲང་བ་ཙ་བའི་ལྟར་སྣང་ཅན་ལ་ཅུ་གང་བདེ་བྱེད་འབྲས་ཐུག་ཆག་ཚེ་བསིལ་སར་དལ་བར་སྡོད་པ་ཙམ་གྱིས་རྟགས་ཚ་བའི་ངོ་བླངས་ནས་གཏིང་གི་གྲང་བ་ལ་དྲོད་བཅོས་བསྟེན། གཞན་ཡང་སྟོབས་ཆུང་ན་བྲི་དེ་བཅོས་སྟོབས་མཉམ་ན་ཕྱིང་དྲིལ་ལམ་ལྟག་སྤྲོད་ཀྱིས་བཅོས་སོ། །གཉིས་པ་འོག་འགྲིམས་རྐུན་བུའི་ནད་གྲང་བ་ཚ་བ་རླུང་གསུམ་སྟེ། །དང་པོ་བད་ཀན་གྲང་བའི་ནད་ལ་མེ་བཞི་དྲོད་སྦྱོར་བསྟེན་དྲགས་ན། །གནས་སྐམ་ས་ཚ་གདུང་ཅན་དང་དུས་སྟོན་དཔྱིད་ཚ་བའི་དུས་རང་བཞིན་ཁྲག་མཁྲིས་ཤས་ཆེ་བ་ཚ་བའི་རྐྱེན་དང་ཕྲད་པས། །ཁྲག་མཁྲིས་ཚ་བ་འཕེལ་བའི་རྐྱེན་བྱས་ཏེ། །ངོ་བོ་གྲང་བ་ཚ་བ་ལོག་ཀྱང་ཕྱིའི་རྟགས་གྲང་བའི་འོག་འགྲིམས་ནས་མ་ཚོར་བར་ཚ་བ་རྐུན་བུར་སྐྱེ། །དེ་ལ་ཚ་བ་གྲང་བའི་འོག་འགྲིམས་པ་མ་ཚོར་བ་ད་དུང་དྲོད་སྦྱོར་བསྟེན་པ་ཡིས། །དཔེར་ན་མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ་ལུས་ཟུངས་བསྲེག །དེ་ལ་བྱ་རས་ནམ་ཚོར་དུས་སུ་ཆུ་བཞི་བརྩོན་པར་བྱས་པས་མྱུར་དུ་ཟློག་དགོས་སོ།ཁྲག་མཁྲིས་ཚ་བའི་ནད་ལ་བཅོས་བསིལ་སྦྱོར་བསྟེན་དྲགས་ན། །གནས་རླན་ཅན་དུས་དབྱར་དཔྱིད་ཀྱི་ཐོག་མ་རང་བཞིན་གྲང་རླུང་ཤས་ཆེ་བ་སོགས་གྲང་བའི་རྐྱེན་དང་ཕྲད་ཅིང་བསིལ་སྦྱོར་དང་རྐྱེན་དེ་རྣམས་འདོམས་པས། །ངོ་བོ་ཚ་བ་གྲང་བར་ལོག་ཅིང་བད་ཀན་དང་རླུང་གྲང་བ་འཕེལ་བའི་རྐྱེན་བྱས་ཏེ། །ངོ་བོ་གྲང་བ་ཕྱིའི་རྟགས་ཚ་བའི་འོག་ཏུ་འགྲིམས་ནས་གྲང་བ་རྐུན་བུར་སྐྱེ། །དེ་ལ་གྲང་བ་ཚ་བའི་འོག་ཏུ་འགྲིམས་པའི་མ་ཚོར་བར་ད་དུང་བསིལ་སྦྱོར་བསྟེན་པ་ཡིས། །ཕོ་བའི་མེ་ཤི་སྐྲན་དང་དམུ་ཆུར་འགྱུར། །དེ་ནམ་ཚོར་ལ་སྨན་དཔྱད་ཟས་སྤྱོད་མེ་བཞི་ལ་བརྩོན་པར་བྱས་པས་མྱུར་དུ་ཟློག་དགོས་སོ། །གཞན་ཡང་ཚ་གྲང་ཙམ་དུ་མ་ཟད་རླུང་གི་ངོ་བོ་འགལ་བ་ཡང་ཡོད་དེ་ཚ་བའི་ནད་ལ་བསིལ་ཡུན་དུ་གཏུགས་པས། །གནས་དུས་རང་བཞིན་རླུང་གི་རྐྱེན་དང་ཕྲད་དེ། །ཐོར་བུའི་རླུང་སྐྱེས་ནས་དེའི་ཚ་བའི་ལྷག་མ་བུས། །ལུས་ལ་མེ་བཏང་བ་དང་འདྲ་ཞིང་ཁ་ལྕེ་སྐམ། །དབུགས་ཐུང་རྩ་རྒོད་གཟེར་འབྱུང་སྐོམ་དད་ཆེ། །དེ་ནི་ཕྱིའི་རྟགས་རླུང་གིས་ཚ་བའི་འོག་ཏུ་རྐུན་བུ་ལྟར་འགྲིམས་པ་ཡིན་པས་། །རླུང་གི་ཚ་བའི་འོག་ཏུ་འགྲིམས་པ་མ་ཚོར་བར་རྟགས་ལ་འཁྲུལ་ཞིང་བསིལ་སྦྱོར་བསྟེན་པ་ཡིས། །མེ་ལ་རླུང་བསྐྱོད་བཞིན་དེ་དག་གིས་དྲོ་བའི་བུད་ཤིང་བསྲེག་པ་ལྟར། །དེ་ཕྱིར་རླུང་ལ་ཟས་ཀྱིས་ངོ་གླན་ཚད་ལྷག་གདོན་དཔེར་ན་གཅིག་གི་གཅིག་ལ་གནོད་པ་སྐྱེལ་པར་དེའི་གྲོགས་ཤིག་གིས་ངོ་བླངས་ན་དེའི་ངོས་ཅུང་ཟད་ཅིག་བདེ་བར་འཇོག་ལ་གཞན་ཐབས་དུ་མས་གནོད་པར་བྱེད་པ་ལྟར་ཐོར་བུའི་རླུང་ལ་ཟས་དྲོད་བཅུད་བག་ཙམ་གྱིས་ངོ་བླངས་ནས་གཞན་ཐབས་དུ་མས་ཚད་ལྷག་འདོན་པ་ཡིན་ནོ། །ཕྱིའིརྟགས་དང་བཅོས་ཡུན་བསྲིངས་ཀྱང་ངོ་བོ་གཉིས་ཀ་མ་ལོག་པར་སྔར་ལྟར་བསྡོད་ན། །གཉེན་པོའི་སྦྱོར་བ་དམན་པ་ཡིན་ཅིང་ཡང་ན་སྦྱོར་བ་ཚ་གྲང་ལོག་པ་ཡིན་པས་དམན་ན་བསྐྱེད་ཅིང་གཉེན་པོ་ལོག་ན་བསྒྱུར། །རྟགས་དང་ངོ་བོ་གཉིས་ཀ་ལོག་ན་བཅོས་བསྐྱེད་མི་འབྱུང་བ་དེ་ལ་འཁྲུལ་སོ་མེད། །ཧུབ་ཀྱིས་མདོར་དྲིལ་ན་ནད་གཞིའི་གང་ཡིན་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ། །རྟགས་ཀྱི་ལྟར་སྣང་འཁྲུལ་སོ་གང་བྱུང་ན་བཅོས་ཀྱིས་བསལ། །བཅོས་ཀྱི་ལྟར་སྣང་གི་འཁྲུལ་སོ་གང་བྱུང་ཡང་ཡུན་དུ་གོམས་པས་བསལ། །གོམས་པའི་ལྟར་སྣང་འཁྲུལ་སོ་གང་བྱུང་ཡང་བཅོས་སྐྱེད་ཀྱིས་བསལ། །བཅོས་སྐྱེད་ཀྱི་ལྟར་སྣང་གི་འཁྲུལ་སོ་གང་བྱུང་ཆུ་ཡིས་བསལ། །ཆུ་མདོག་ལ་ལྟར་སྣང་གི་འཁྲུལ་སོ་ཚ་གྲང་གང་ཡིན་ཀུ་ཡས་སྲབ་ཐུག་གི་བསལ། །ཚུལ་དེ་ལྟ་བུ་ལ་ནོར་བ་ནམ་ཡང་འབྱུང་མི་སྲིད། །དེ་དག་ལྟར་སྣང་ལྔ་ཕྲུགས་ཞེས་བྱ་བ་སྟེ། །འཁྲུལ་པ་མེད་པའི་རྟགས་ཚ་གྲང་གི་འཁྲུལ་སོའི་གནད་ཀྱི་གལ་པོ་ཆེའི་མདོ་འགག་ཡིན་ནོ། །དེ་ལྟར་བཤད་པ་བསླབས་ཤིང་སློབ་དཔོན་མཁས་པའི་གསུང་གི་མན་ངག་ལྡན་པས་རྟོགས་པར་འགྱུར་གྱི། །སྨན་པ་ཐབས་ཀྱི་དཀྱུས་ཙམ་འཛིན་པ་རྣམས་ཀྱིས་ནི་ནམ་ཡང་ཤེས་མི་འགྱུར།  །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོའི་ལེའུ་སྟེ་བཅུ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:56 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།