སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>

ལེའུ་བཅུ་གཉིས་པ། སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

དེ་ལ་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ཡན་ལག་སྔོ་སྦྱོར་སྡེ་རུ་གསུངས་པ་འདི།། བདག་ཅག་འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་སྐད་ཅེས་ཞུས་ཏེ། སྟོན་པས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལ་སོགས་ཉན་པའི་འཁོར་རྣམས་ཉོན།། ཡན་ལག་གསུམ་པ་སྔོ་ཡི་སྦྱོར་བ་འདི།། མཐའ་འཁོབ་གནས་སུ་སྐྱེ་བའི་སྨན་པ་ལ།། ཡུལ་སྨན་མེད་ན་ཐག་རིང་སྨན་མི་སྙེད(རྙེད)།། ནད་ལ་སྨན་ཡིག་ཀློག་པས་ག་ལ་ཕན།། དཔེར་ན་གོ་མཚོན་མེད་པའི་དཔའ་བོ་འདྲ།། མཐའ་འཁོབ་སྨན་པ་སྨན་པའི་ཡི་དགས་(དྭགས་)ཡིན།། གལ་ཏེ་བཟང་དྲུག་ལ་སོགས་ཐག་རིང་བཟང་སྨན་རྣམས།། དབུལ་པོའི་ནད་པ་རྣམས་ཀྱིས་མི་ཁུག་ཅིང་།། སྨན་མོད་བྱམས་སེམས་ཆུང་བས་ནོར་ངོ་བྱེད།། དབུལ་པོའི་མི་ལ་བཟང་སྨན་ཁོས་མི་གཏོང་།། ནོར་མེད་དབུལ་པོའི་ནད་པ་ཀུན་དོན་དང་།། མཐའ་འཁོབ་སྨན་པ་ཀུན་གྱི་དོན་བྱེད་དུ།། སྣང་ཚད་རྩི་ཤིང་སྨན་དུ་སྟོན་པར་བྱ།། མཐའ་འཁོབ་སྨན་པ་ཀུན་གྱི་དོན་བྱེད་དུ།། སྣང་ཚད་རྩི་ཤིང་སྨན་དུ་སྟོན་པར་བྱ།། ཐུག་འཕྲད་ནད་གསོད་མེ་ལ་ཆུ་བཏབ་འདྲ།། འཕྲལ་དུ་བཏུས་པས་ནུས་པ་མ་ཡལ་བ།། ཡུན་རིང་སྨན་གྱི་ནུས་སང་རྣོ་མེད་པ།། སྣང་ཚད་རྩི་ཤིང་སྨན་དུ་སྟོན་པར་བྱ།། ཐག་རིང་འོང་བའི་བཟང་སྨན་ཀུན་ལས་འཕགས།། ཟད་མེད་རིན་པོ་ཆེ་ཡི་གཏེར་དང་འདྲ།། རྩི་ཤིང་སྔོ་མི་སྐྱེ་བའི་ཡུལ་མེད་པས།། འདི་ལ་དོན་ཆད་རྣམ་པ་བདུན་ཡིན་ཏེ།། སྐྱེ་ས་བཏུ་ལུགས་དུག་འདོན་སྐལ་(སྐམ་)ལུགས་དང་།། སྤང་བླང་འཇམ་སྡེབ་སྦྱོར་ཏེ་སྡེ་བདུན་བསྟན།། སྔོ་སྦྱོར་འདི་ཡི་མན་ངག་གཅེས་པ་ཡིན།། དང་པོ་སྐྱེ་ས་རི་རྒྱལ་གཙང་མ་སྟེ།། གངས་བྲག་བྱིན་ཆེ་བཀྲ་ཤིས་ཉམས་དགའ་བས།། བསིལ་དྲོད་སྙོམས་དང་གྲུབ་ཐོབ་ཞབས་ཀྱིས་བཅག། ཉི་ཟླའི་མདངས་ལེན་ས་གཞི་གཤིན་སར་བཏུས།། གཉིས་པ་བཏུ་དུས་ལོ་འབྲས་རྩ་བ་ནི།། དུས་ཚོད་གསུམ་ལ་བཏུ་བ་མན་ངག་སྟེ།། དང་པོ་རུས་ནད་སྨད་ནས་བསིབ་(གསོ་)བྱེད་སྡོང་པོ་ཡིན།། རྩི་སྐམ་རྩ་བ་འདུས་པས་སྟོན་ཀ་འམ།། ཡང་ན་ལོ་མ་འབུལ་(འབུས་)ཁ་དཔྱིད་དུ་(དུས་)བཏུ་བ་ཡིན།། རྩ་རྒྱུད་ཤ་ཡི་ནད་རྣམས་ལོ་མས་སེལ།། ལོ་རྒྱས་རྒན་དུ་མ་སོང་དབྱར་དུ་བཏུའ(བཏུ)། །དོན་སྙིང་མགོ་བོའི་ནད་རྣམས་འབྲས་བུའི་(བུས་)སེལ།། རྩི་རྒྱས་སད་ཀྱིས་མ་ཁྱེར་སྟོན་ཀ་བཏུའ(བཏུ)།། ལྤགས་(པགས་)པ་ནང་གྲོལ་ལྟོ་ནད་ཤུན་པས་སེལ།། མེ་ཏོག་ཁ་འབུས་དབྱར་དཔྱིད་མཚམས་སུ་བཏུའ(བཏུ)།། བཤལ་སྨན་ནུས་པ་གཏིང་འགྲོ་རྒུན་(དགུན་)མཚམས་སུ།། སྐྱུག་སྨན་ནུས་(པ་)གྱེན་གྱུ་(རྒྱུ་)རྒུན་(དགུན་)དཔྱིད་མཚམས།། བརྩོན་འགྲུས་ལྡན་པའི་རྩོལ་བས་བཏུ་བ་སྟེ།། ཁྱེད་(ཁྱད་)པར་ཟླ་བ་ཡར་ངོའི་དུས་བཟང་ལ།། གཙང་མའི་བུ་ཚ་བུ་མོ་ཁྲུས་བྱས་ནས།། ཁ་ནས་སྨན་འཛབ་བརྗོད་ཅིང་གྱེན་འགྲོ་ནས།། རྩ་བ་བཏུ་ནས་ཡལ་ག་སྡོང་པོ་བཅས།། ལོ་མའི་བཅུད་ལ་ཞོ་དང་མྱུ་གུ་བཅས།། མེ་ཏོག་འབྲས་བུ་རྩེ་མོ་ཁ་འབུས་དུས་སུ་བཏུས།། ཤུན་པ་བར་ཤུན་ཚིལ་དང་བཅས་པ་ཀུན།། སྙིང་པོ་ཅི་དང་ནུས་པ་ཡིན་པས་ན།། བོང་བ་བཞིན་དུ་ལྷག་མ་མེད་པར་བཏུ།། གསུམ་པ་དུག་ཡོད་བསད་པར་བྱ་བ་ནི།། རྩ་བ་རྐང་དུག་སྡོང་པོ་ཚིག་(ཚིགས་)པའི་དུག། ཡལ་ག་ལོ་མའི་དུག་ལ་མེ་ཏོག་དགོས་(གོས་)ཀྱི་དུག འབྲས་བུ་རུས་དུག་ཞོ་རྐང་ཚིམ་(ཚི་)ཡི་དུག། ཀོག་(སྐོགས་)པ་ལྤག་(པགས་)དུག་ཤུན་པ་ཤའི་དུག། ནང་ཤུན་ཤ་གདན་དུག་ཏུ་ཡོད་པ་ནི།། སྤྱིར་ན་རིན་ཆེན་གཡའ་དོར་ཕྲལ་ནས་གསལ་བ་བཞིན།། དུག་ཕྲལ་སྨན་ནི་འཇམ་ཞིང་ཞུ་རྗེས་བཟང་།། ངད་ཕྲལ་སྐམ་ལེན་འཇམ་སྦྱོར་མཁས་པར་དགོས།། བཞི་པ་སྐམ་ལུགས་དེ་ལྟར་བཏུས་བའི་སྨན།། བསིལ་གྱི་སྨན་རྣམས་གྲབ་(གྲིབ་)མ་ལྷག་པས་སྐེམ།། དྲོད་ཀྱི་སྨན་རྣམས་མེ་དང་ཉི་མས་སྐེམ།། རུལ་སུམ་མ་ཤོར་མེ་ཉིས་མ་ཚིགས་(ཚིག་)པ།། སྨེ་མནོལ་མ་སོང་དུད་པས་མ་བཟུང་བར།། རོ་དང་ནུས་པ་ལྡན་པ་ཡོན་ཏན་ཆེ།། ལྔ་པ་སྤང་དང་བླང་ཚུལ་བསྟན་པ་ནི།། སྔོ་སྨན་ཡིན་པས་ནུས་པ་ཡལ་སླ་བས།། ལོ་རེ་བཞིན་དུ་གསར་བསྐྱལ་རྙིང་པ་འཕོ།། དྲུག་པ་འཇམ་སྡེབ་འདི་ལ་གསུམ་ཡོད་དེ།། སྦྱོར་བ་འཇམ་དང་ཁ་འཛིན་གཉེན་པོ་གསུམ།། དང་པོ་སྦྱོར་བས་འཇམ་བཙལ་སྡེབ་པ་ནི།། ཚ་གྲང་རིགས་མཐུན་སོ་སོར་མང་སྡེབ་པས།། རྩུབ་པའི་རིགས་རྣམས་འཇམ་པས་ཞི་བ་ཡིན།། གཉིས་པ་ཁ་འཛིན་འཇམ་བཙལ་གསུམ་ཡོད་དེ།། གཉིས་པ་ཁ་འཛིན་འཇམ་བཙལ་གསུམ་ཡོད་དེ།། ཕོ་བའི་སྨན་ལ་སེལ་(སེ་)འབྲུ་སྡེབ་ན་འཇམ།། དོན་ལ་བཟང་དྲུག་སྣོད་ལ་པི་པི་ལིང་།། གང་ལ་གཏོང་བའི་སྔོ་སྨན་དེ་(དང་)བསྡེབ།། ཁ་འཛིན་ཆ་ཡིས་བཏང་ན་འཇམ་པ་ཡིན།། གསུམ་པ་གཉེན་པོས་འཇམ་སྡེབ་མ་མཁས་ན།། སྔོ་སྨན་རྣོ་ལ་ཟུར་རྩུབ་གཅན་ཁྱི་འདྲ།།  རླུང་བསྐྱེད་ཕོ་བའི་དྲོད་གསོད་ལུས་ཟུངས་སྐེམས།། དེས་ན་རླུང་ཤས་ཅན་ལ་བུ་རམ་སྡེབས།། ཕོ་བའི་དྲོད་གསོ་སེ་འབྲུ་སྨན་ནག་དང་།། ལུས་ཟུང་(ཟུངས་)བསྐྱེད་བྱེད་ཨ་རུ་གསེར་མདོག་གསུམ།། དེ་རྣམས་སྡེབ་ནས་ཁན་དྷ་(ཁཎྡ་)བྱས་ན་མཆོག། ཕྱེ་མ་འམ་ནི་ལག་ལེན་གང་བདེར་སྤྱོད།། བདུན་པ་སྦྱོར་སྡེ་འདི་ལ་རྣམ་པ་གཉིས་ཡོད་དེ།། ཚ་སེལ་གྲང་སེལ་རྣམ་པ་གཉིས་ཡིན་ཏེ།། བསིལ་དྲོད་མ་འདྲེས་འཇམ་སྦྱོར་མཐུན་སྡེབ་ནས།། རོ་དང་ནུས་པ་ཞུ་རྗེས་མཐུན་པར་སྦྱར།། དང་པོ་ཚ་སེལ་འདི་ལ་རྣམ་པ་གཉིས་ཡིན་ཏེ།། ཐུན་མོང་སྤྱི་འཇོམ་(འཇོམས་)ཁ་བསྒྱར་(བསྒྱུུར་)གང་འགྲོ་ལ།། དང་པོ་ཐུན་མོངས་(མོང་)རྗེ་བློན་དྲུག་པ་ནི།། རྒྱལ་པོ་ཟླ་བསིལ་གཡའ་སྐྱེས་ནག་པོ་ཡིས།། ཚད་པ་མཁྲིས་པ་འཇོམས་པའི་བདུད་རྩི་ཡིན།། བཙུན་མོ་རེ་སྐོན་ཁྲག་ཚད་བྱ་ར་འབྱེད།། སྲས་བུ་སྲོ་ལོ་འཇིབ་རྩིས་མཆིན་ཚད་གནོན།། བློན་པོ་སྒང་ཐོག་པར་པ་ཏ་ཡིས་འཁྲུག་(འཁྲུགས་)ཚད་སེལ།། དམག་དཔོན་ཏིག་ཏ་ལྤང་རྩི་ཡིས།། ཚ་བ་གསར་རྙིང་གང་ཡང་འཇོམས་ཤིང་གསོད།། ཧོང་ལེན་བ་ཤ་ཀ་ནི་འབང་(འབངས་)ཡིན་ཏེ།། དཔོན་བློན་སྡེང་(བསྡེབས་)བྱེད་དོན་ཚད་མ་ལུས་སེལ།། བློན་འབང་(འབངས་)དྲུག་གིས་ཚ་རིགས་ཁ་བསྒྱུར་ཕྱིར།། ཐུན་ལོགས་(ལོག་)བསྡུས་ལ་དམག་མི་ཐུན་རེ་ཟེར།། དམག་མི་བསིལ་བའི་སྔོ་སྨན་གང་འདུས་སྦྱར།། འདི་རྣམས་མགྱོགས་པ་གང་(གངས་)ཆུའི་རྟ་ཡིས་ཕུལ།། གབ་ཚད་སོ་མ་ཡིན་ན་བསྡུས་ཐང་བཏང་།། རྒྱས་ཚད་ཡིན་ན་བསྡུས་ཐང་བསྐོལ་གྲང་སྨན།། སྟོངས་ཚད་ཡིན་ན་འབྲིང་པོའི་ཆང་དང་སྦྱར།། སྙིང་(རྙིངས་)ཚད་ཡིན་ན་བཀོལ་(བསྐོལ་)གྲང་བྱས་ནས་བཏང་།། གཉིས་པ་ཁ་བསྒྱུར་སྔོ་སྦྱོར་བདུན་པ་ནི།། དང་པོ་གཙོ་བོ་གཞི་བཟུང་སྨན་བཞི་ནི།། འཁྱུག་(འཁྲུགས་)ཚད་དོན་ཚད་སེལ་བྱེད་ཧོང་ལེན་དང་།། དུག་ཚད་རྙིང་ཚད་སེལ་བྱེད་སྤང་རྩི་སྐོན།། ཁྲག་ཚད་རྩ་ཚད་སེལ་བྱེད་ཁྱི་ལྕེ་བ།། རྒྱལ་པོ་བཞི་ཡིན་ཐུན་ལོག་གཉིས་སྡེབས་(བསྡེབས་)བསྡུ།། བློན་པོ་སྤུན་མང་ཁ་སྒྱུར་ཉེར་ཅིག་(གཅིག་)ནི།། རྣམ་པ་ཁྲག་རྐང་འབམ་པོ་མྱུ་གུ་ཤིང་།། སྡེབས་(བསྡེབས་)ནས་ཡན་ལག་ཆུ་འཐུང་(འཐུད་)ཚད་པ་གཅོག། རྒུ་དྲུས་སྤང་ཚན་སྦུ་རུ་དར་ཡ་ཀན།། ཁྲག་སྐེམ་རྩ་འཐུད་བྱང་ཁོག་ཚད་པ་སེལ།། སྟག་ཤ་ཕུར་ཐལ་འགྲོན་བུའི་ཐལ་བ་ཡིས།། ཁོག་སྟོད་རྣག་ཁྲག་ཆུ་སེར་སྐེམ་པར་བྱེད།། ཨ་བྱག་སྲོལ་གོང་སྟབ་སེང་མགོ་ཆག་སེལ།། པུས་དཀར་(པུཥྐར་)ལུག་ཆུང་ཁུར་རྩས་སྨུག་པོ་སེལ།། ཨ་བྱག་དུག་པུས་ར་དུག་སྤྲུ་རྩས་གཉེན་(གཉན་)གཟེར་འཇོམས།། གཅིག་ཐུབ་སྟག་ཤ་འཛིན་པ་མིང་ཅན་གག་ལྷོག་སེལ།། གཡེར་ཤིང་བཙོད་དང་སྲན་མས་འབྲུམ་ནག་སེལ།། བཙོད་དང་བོང་ང་གང་ཆུང་ཚད་འཁྲུག་(འཁྲུགས་)སེལ།། སྒང་ཐོག་བྱེའུ་འོ་མ་བུས་ཤ་དུག་སེལ།། བོང་ང་དཀར་དང་ཧ་བོ་རེ་རལ་སྦྱར་དུག་སེལ།། སྲོ་ལོ་སྒང་ཐོག་བོང་བ་(ང་)དཀར་པོས་ཚད་མཁྲིས་འཇོམས།། སྟབ་སེང་རྟ་པགས་(ལྤགས་)རི་ཚོས་འགྲམས་ཚད་སེལ།། སྤང་རྩི་སྔོ་སྤྲིན་སྐྲ་བཟང་རིམ་(རིམས་)ཚད་སེལ།། བཙོད་དང་འབྲི་མོག་ལུག་ཆུང་ཁྲག་ཚད་སེལ།། རྩ་མཁྲིས་བོང་ང་སྐྱེར་པས་མཁྲིས་ཚད་སེལ།། སྙ་ལོ་ཁུར་རྩ་འཇིབ་རྩིས་ཕོ་ཚད་སེལ།། སྙ་ལོ་བོང་ང་བཙོད་ཀྱིས་རྒྱུ་ཚད་སེལ།། ཡུང་བ་དེ་བ་སྐྱེར་པས་ཤ་ཚད་སེལ།། ལུག་རུ་བྲག་སྤོས་སྙི་བས་རྙིང་(རྙིངས་)ཚད་སེལ།། སྟབ་སེང་སེ་རྒོད་གང་ཆུང་རུས་ཚད་སེལ།། རྒྱལ་པོ་བཞི་ནི་རྩ་བ་གཞི་མ་ལ།། ཐང་དང་ཕྱེ་མ་གང་བྱེད་བློན་པོས་བསྒྱུར།། ཕོ་བ་མེ་དྲོད་ཆེ་ན་ཕྱེ་ལ་(མ་)བྱེད།། ཕོ་བས་ཟས་འདུལ་ཆུང་བ་ཐང་བྱས་ཆོག། ཕྱེད་མ་བྱེད་ན་ཀ་རས་ཁ་བླང་གཅེས།། གཉིས་པ་གྲང་སེལ་སྔོ་སྨན་བཅུ་བཞི་ནི།། རྒྱལ་པོ་ཅོང་ཞི་རྒོད་བཏུལ་གཞི་བཟུང་ནས།། དེ་ལ་ལི་སུག་སྒོག་པ་པི་པི་ལིང་།། དེ་ཡི་ཁ་བསྒྱུར་ཕོ་བའི་མེ་དྲོད་བསྐྱེད།། སྲན་མ་ཕབ་(ཕབས་)དང་བུལ་ཏོག་ཙམ་(རྩམ་)པ་འཇུ།། ལྕེ་ཚ་ཟ་(ཟྭ་)འབྲུམ་འཇིའ་(འཇིབ་)བུས་མ་ཞུ་འཇུ།། ཟེ་ཚ་གོ་ཐལ་སྲུབ་ཀ་སྐྲན་འདྲིལ་བཤིག། བྲེ་ག་རྒོ་(རྒོད་)ཀྲོང་རྩིའུས་གློ་ནད་སེལ།། ལྕ་བ་ར་མཉེ་བ་སྤྲུས་སྐྱ་སྦབ་(རྦབ་)འཇོམས།། ལྕེ་ཚ་སྲུབ་ཁ་(ཀ་)འགྲོན་བུས་དམུ་རྫིང་སྐེམ།། མཛེ་ཚ་བ་སྤྲུ་པ་ཡག་མངལ་འབྲས་བཤིག། ཟིལ་(ཟེ་)ཚ་བྱི་ཟུང་(བཟུང་)བ་སྤྲུས་གྲང་སྐྲན་བཤིག། སེ་རྒོད་འཇིབ་རྩི་དྲོད་སྨན་མཆིན་ནད་སེལ།། ལྕ་བ་དབྱི་མོང་བ་སྤྲུ་མཁལ་ནད་སེལ།། གཟེ་མ་སྤ་འབྲུམ་ར་མཉེ་ཆུ་སེར་སེལ།། ར་མཉེ་ཉེར་(ཉེ་)ཤིང་ཤ་རུས་གྲང་རྣག་གཅོད།། ཀུན་ལ་བུར་ཀར་ཆུ་ཡི་རྟ་སྦྱར་ཕུལ།། གཞན་ཡང་ཉེར་(ཉེ་)ཤིང་རམ་ཉེ་(ར་མཉེ་)བ་སྤུ་(སྤྲུ་)དང་།། ལྕ་བ་ལི་སུག་ཅོང་(ཞི་)རྒོད་དུ་(བཏུལ་)དྲུག། རྩ་བ་དྲུག་དང་འབྲས་བུ་བཞི་དེ་བཞི།། ར་དུག་པ་ཡི་མེ་ཏོག་ཚ་གསུམ་ནི།། སྟར་བུ་གཟེ་མ་ལྕམ་པ་ཐང་ཕྲོམ་བཞི།། བུལ་ཏོག་ཟེ་ཚ་ཅོང་ཞི་བྱ་ཐལ་རྣམས།། དེ་ཡི་མིང་ནི་རྩལ་(རྩ་)བ་དྲུག་དང་ལོ་མ་ལྔ།། མེ་ཏོག་གཅིག་དང་འབྲས་བུ་རྣམ་པ་བཞི།། ཚ་བ་གསུམ་དང་ཐལ་བ་གཉིས་ཡིན་ཏེ།། བུ་རམ་རྟ་ལ་ཆུ་ཚན་ཕུལ་བྱས་ན།། གྲང་བའི་ནད་རིགས་ཀུན་ལ་རྩི་རུ་ཆེ།། གྲང་སེལ་སྤྱི་འཇོམས་བཅོ་ལྔ་ཞེས་བྱའོ།། ཚ་གྲང་གཉིས་ཀ་སྡོམ་(བསྡོམས་)པའི་སྔོ་སྨན་ལ།། སྤྱི་ཡི་སྦྱོར་སྡེ་སུམ་ཅུ་རྩ་དྲུག་ཡོད།། དེ་ལྟར་རྩ་བ་ལྔ་དང་ཡན་ལག་བཞི་སྟེ་དགུ།། འདུ་བ་འཇོམས་པ་ཞི་བྱེད་སྡེ་ཡིན་པ།། དཔྱད་བུ་ལ་སོགས་འཁོར་རྣམས་ཀུན་གྱིས་ཟུངས།། ཞེས་གསུངས་སོ།།

གསོ་བའི་སྨན་འབུམ་དཀར་པོ་ལས་སྔོ་སྨན་འབུམ་གྱི་སྦྱོར་སྡེ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།། །།                                                                                          



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:53 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།