སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་གཅིག་པ། གཅོང་ཆེན་ཟད་བྱེད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་བཅུ་གཅིག་པ། གཅོང་ཆེན་ཟད་བྱེད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གློ་གཅོང་ཆེན་པོ་ཟད་བྱེད་རྒྱས་པར་བཤད་པ་དང་མདོར་བསྟན་པ་གཉིས་ལས་དང་པོ་རྒྱུ་དང་ནི། །དབྱེ་བ་རྟགས་དང་དེ་ཡི་བཅོས་ཐབས་བཞི། །

སྤྱི་དོན་དང་པོ་རྒྱུ་ནི་བཤང་གཅི་ཕྱེན་དབུགས་བཀག་པ་དང༌། །དྭངས་མ་ལ་སོགས་ལུས་ཟུངས་ཀྱི་སྣུམ་ཟད་པ་དང༌། །དྲག་ཤུལ་ལས་དང་ཟས་སྐོམ་མི་མཐུན་བསྟེན་པ་ཡིས། །རླུང་མཁྲིས་བད་ཀན་ཉེས་པ་གསུམ་ག་འཁྲུགས་གྱུར་ཏེ། །ལུས་ཀུན་ལ་ཁྱབ་ཅིང་རླུང་གིས་བུ་ག་བྱེ་བད་ཀན་གྱིས་བཀག་ཏེ་འཁྲུག་པ་དང༌། །མེ་དྲོད་ཉམས་པས་ཟས་གང་ཟོས་དྭངས་མ་མ་སྨིན་ཏེ། །ཟས་སྐོམ་ཐམས་ཅད་དྲི་མར་གྱུར་པས་ལུས་ཟུངས་ཕལ་ཆེར་ཟད་པར་བྱེད། །དེ་ཕྱིར་གཅོང་ཆེན་ཟད་བྱེད་ལུས་ཟུངས་སྨིན་པས་ཟད་པར་བྱེད་ཅེས་བྱར་བཤད།།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་རྣམ་གསུམ་སྟེ། །གཅོང་ཆེན་ནད་ཀྱི་བླ་གཉན་བླ་གཉན་ནི་བརྡ་རྙིང་པ་སྟེ་སྐད་གསར་བཅད་ལ་སྣོན་མ་ཡིན་ལ་དོན་དུ་ནད་གཅིག་མ་དྲག་པའི་སྟེང་སླར་ནད་གཞན་གྱི་སྣོན་མ་བྱུང་བའོ་དྲུག་ཏུ་བཤད།།

སྤྱི་དོན་གསུམ་པ་དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟགས་དང་པོ་བར་དང་ཐ་མ་གསུམ། །དང་པོ་སྔར་ཚུལ་ཆམ་འདེབས་སྦྲིད་པ་མང༌། །ཁ་མངལ་ཉམ་སྟོབས་ཞན་ལ་མེ་དྲོད་ཆུང༌། །ཟོས་ཀྱང་སྟོབས་མེད་སྙིང་འཕར་དང་ག་ཞན། །སྐྱུག་འདོད་རྐང་བོལ་གདོང་སྐྲངས་མིག་མདངས་དཀར། །བུད་མེད་ཆང་དང་ཤ་ལ་ཤིན་ཏུ་སྲེད།   །མགོ་དང་རྐང་པ་ཉི་མ་ཕོག་པས་མི་བཟོད་གོས་ཀྱིས་འགེབས་པར་བྱེད།   །ཟས་སྐོམ་བཟའ་བཏུང་དུས་གདོང་དང་ལུས་པོ་ལ་རྔུལ་འདུ་སྐྲ་དང་སེན་མོ་རིང༌། །རྨི་ལམ་ངན་པ་མི་བཟང་བ་སྡིག་པ་སྦལ་སྦྲུལ་གཅན་གཟན་སྤྲེའུ་ཕྱེ་མ་ལེབ་བྱ་ཡིས་རང་མ་ནན་པ་ཕུབ་མའི་ཕུང་པོ་ལ་འཛེག་པས་ཆུ་ཀླུང་སྟོང་པ། གྲོང་སྟོང་པ་སྐར་མདའ་ལྷུང་བ་རི་རྙིལ་བ་སྣ་ཚོགས་མཐོང་བར་འགྱུར། །དེ་རྗེས་བར་དུ་གཅོང་ཆེན་སྟོད་ན་གནས། །ཆམ་འདེབས་ལུད་པ་མང་ལ་འགུལ་ན་དབུགས་མི་བདེ། །ཕྲག་པ་དང་མགོའི་སྤྱི་བོ་ན་སྐད་འགག་ཅིང་འཛེར་ཡི་ག་འཆུ། །སྨད་དུ་གནས་ན་ཕོ་བ་རྒྱུ་ལོང་འབབ། །སྐྱུག་ཅིང་ཡང་ན་འཁྲུ་འམ་རྟུག་སྐམ་ནད་དུ་འགྱུར། །བར་ན་གནས་ན་རྩིབ་ལོགས་གཟེར་ཟུག་བྱེད། །ཚིགས་གཞིར་གནས་ན་རིམས་ནད་ཀྱིས་འདེབས་པ་སྟེ། །དེ་ལྟར་གཅོང་ཆེན་ནད་ཚུལ་བཅུ་གཅིག་ལྡན། །གཉིས་པ་བྱེ་བྲག་རླུང་གྱུར་ཀླད་པ་རྩིབ་ལོགས་ན། །ཡན་ལག་ན་འགྱུར་སྐད་འགགས་མགུལ་པ་རྟུག་པའི་སུབ་པ་སྙམ་བྱེད། །མཁྲིས་གྱུར་རྐང་ལག་ཕྲག་པ་ཚ་བ་དང༌། །ཚད་པས་ཁྲག་ཏུ་འཁྲུ་སྐྱུག་ཁ་དྲི་སྣ་འགོ་ལུས་རིམས་ཀྱིས་ཐེབས་པ་དང་འདྲ་བར་ན། །བད་ཀན་ལུས་ལྕི་སྐྱུགས་ཅིང་འགུལ་ན་དབུགས་མི་བདེ་ཡི་ག་འཆུ། །མཆིལ་སྣབས་མང་ལ་སྐད་འགག་ཆམ་འདེབས་མེ་དྲོད་ཉམས། །གཅོང་ཆེན་གནོད་པ་མ་ཞུ་འཁྲུ་དང་སྐྱུག །ཆམ་པ་ལུད་པ་སྐད་འགགས་ཡི་ག་འཆུ། །དེ་དག་གཅོང་ཆེན་ནད་ཀྱི་བླ་གཉན་སྣོན་པོ་ཡིན།།

 སྤྱི་དོན་བཞི་པབཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །ཤའུ་འཇམ་རྕི་གྱིས་བལྟ་བར་སྤྱི་བཅོས་དང་པོ་རུས་རྙིང་གི་སྣུམ་འཆོས་དུགས་བུ་ག་དག་ཅིང་བུ་ག་སྐེམས་པོ་རྒྱས་པར་བྱ་བའི་ཕྱིར་འོ་མ་མམ་ཆུའམ་རུས་པའི་ཁུ་བའམ་བདུད་རྩིའི་ཆུ་ལུམས་བྱས་ལ། །སོ་བྱ་འོ་མ་དེ་འོག་སྨན་ཆུ་སྤྱིས་སྦྱར་བས་ཕོ་བའི་བད་ཀན་རློན་དུ་སྐྱུག་པ་གཞུག །དུར་བྱིད་དོང་ག་ཀ་ར་མར་སྦྱར་སྦྱང༌། །དེ་རྗེས་དྲོད་སྐྱེད་སྨན་དང་ཟས་སྐོམ་བཏང༌། །ཡིད་དུ་འོང་ཞིང་ཟས་སྐོམ་རླུང་འཇོམས་ལ་བད་ཀན་མི་སྐྱེ་བ་ཡང་བ་བསྟེན། །འབྲུ་རྙིང་ར་ཡི་འོ་མ་ཤ་ཁུ་མར། །སྤྱང་ཀི་བྱ་རྒོད་སྦྲུལ་དང་བོང་བུའི་ཤ །ཤ་ཟའི་གཅན་གཟན་རྩལ་མཐུས་ཟ་བའི་ཤ་ཉིད་གསང་བྱིན་ཟུངས་འཕེལ་མཆོག །ཤེས་ན་སྐྱུག་ཅིང་སྤོང་བས་སྟོབས་མི་སྐྱེ། །ཕྱི་རྒྱུད་ལྟར་རྒྱུན་དུ་འཇམ་རྩི་བཏང་ཞིང་ལུག་ཤ་ཆང་བུར་མར་བསྟེན། །གཉིས་པ་བྱེ་བྲག་རླུང་གྱུར་གཅན་གཟན་གསའ་སྤྱང་འཕར་བ་གཡི་སོགས་ཆུར་གནས་ཤ །མར་དུ་བརྔོས་པའི་ཁུ་བ་སྤོད་སྒ་སེ་འབྲུ་གོ་སྙོད་བྲན་བཏང་བར་བྱ། །ར་ཤ་མར་དུ་བཙོས་པའི་ཁུ་བ་དེ། །པི་པི་ལིང་ངམ་སྒ་འམ་སེ་འབྲུ་འམ། །ནས་ཐུག་དང་སྦྱར་གནོད་པ་སྔར་བཤད་པའི་བླ་གཉན་གྱི་ནད་དྲུག་སེལ་བྱེད། །མཁྲིས་གྱུར་ཆང་བླུད་འུ་སུ་སྒ་ཐང་སྙིང་ངོམས་པར་བཏང༌། །ཤིང་མངར་དུག་ཉུང་བྱ་ཀྲི་ཀནྡྷ་ཀ་རི་རྒུན་འབྲུམ་དང༌། །མ་ནུ་ཟུར་པ་ཨུཏྤལ་བྱི་ཚེར་བ། །གཟེ་མ་བ་ལ་ཧ་ལོའི་རྩ་བ་གོ་སྙོད་པི་པི་ལིང༌། །ཀྱི་ལྕེའི་སྨན་མར་གཅོང་ནད་སེལ་བར་བྱེད། །བད་ཀན་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང་ཡ་བཀྵ། །ལྡེ་གུའི་སྨན་མར་གཅོང་ནད་དམུ་སྐྲན་འཇོམས། །ཁྱད་པར་ཆང་རྙིང་ནར་སོན་བསིངས་པའི་དྭངས་མ་བླུད་མཆོག་ཏུ་བད་ཀན་རྩ་སྦུབས་འགགས་པ་སྦྱོང་བ་བསྔགས། །གཉིས་པ་མདོར་བསྟན་པ་མདོར་ན་གཅོང་ཆེན་མེ་དྲོད་ཉམས་པ་ཡི། །འཁྲུ་བ་ལུས་ཟུངས་འཇོམས་ཕྱིར་བསྲུང་བ་གཅེས། །འདི་དུས་བཤང་བ་དག་ལ་བརྟེན་པས་ན། །རྒྱ་ནད་ཚ་འཁྲུའི་གསོ་བའི་སྐབས་སུ་བཤད་པའི་སྨན་རྣམས་བསྟེན་དགོས་པས་དེའི་གསོ་བའི་ཐབས་འདིེར་སྦྱར་བར་བྱ་སྟེ་འཕྲུལ་ཤེས་པར་བྱའོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅོང་ཆེན་ཟད་བྱེད་བཅོས་པའི་ལེའུ་སྟེ་བཅུ་གཅིག་པའོ། །དེ་ལྟར་ལེའུ་དྲུག་ནི་ཁོང་ནད་གསོ་བའི་སྐབས་ཏེ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།