སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་དྲུག་པ། རིལ་བུའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་དྲུག་པ། རིལ་བུའི་སྡེ་ཚན་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། གསུམ་པ་རི་ལུའི་སྡེ་རུ་གསུངས་པ་དེ།། བདག་ཆགས་(ཅག་)འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་སྐད་དཔྱད་བུས་ཞུས་པས། སྟོན་པས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ལ་སོགས་ཉན་པའི་འཁོར་རྣམས་ཀུན།། རི་ལུའི་སྦྱོར་སྡེ་རྣམ་པ་གཉིས་ཡིན་ཏེ།། ཚ་བ་སེལ་བའི་བསིལ་སྦྱོར་རིལ་བུ་དང་།། གྲང་བ་སེལ་བའི་དྲོད་སྦྱོར་གཉིས་སུ་བསྟན།། དང་པོ་ཚ་སེལ་སྨན་ཆེན་རྔུལ་(དངུལ་)ཆུ་ལ(ནི)།། སྤྱི་རུ་རྒྱུག་པའི་གཙོ་བོ་ཡིན་གྱིས་སྟོན།། སྒོས་ཀྱི་ཚ་བའི་རི་ལུ་བྱེད་ན་ཡང་།། ནད་སྨན་གང་འཕྲོད་རི་ལུ་དྲིལ་དུ་བཏུབ།། གྲང་སེལ་སྤྱི་འཇོམས་འཐོར་བུ་སེལ་བྱེད་གཉིས།། དང་པོ་སྤྱི་འཇོམས་ཁ་བསྒྱུར་དགུ་ཡོད་དེ།། དང་པོ་སྤྱི་འཇོམ་(འཇོམས་)གཙོ་བོ་ཧ་ལ་ནག་པོ་དང་།། གླ་རྩི་རུ་རྟ་ཆུ་དག་ཨ་རུ་ར།། སྙིང་ལ་བོང་ང་ཁྲག་ལ་གླ་རྩི་དང་།། རུས་པར་རུ་རྟ་ཆུ་རྒྱུས་ཆུ་དག་དང་།། ཤ་ལ་ཨ་རུ་ར་ཡིས་ནད་སེལ་བས།། ཚད་དུ་སྦྱར་བ་དྲི་ཆུས་རིལ་བུའི་(བུར་)དྲིལ།། འདུ་བ་ལྔ་འཇོམས་ཁྱུང་གི་རི་ལུ་འདི།། ནམ་གྱི་སྲོད་ལ་ལྔ་བདུན་དགུ་རིམ་བཏང་།། གག་ལྷོག་གཟིར་(གཟེར་)གསུམ་གཉན་སྲིན་གླང་ཐབ་(ཐབས་)དང་།། ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག། རྩ་བ་དེ་ལྔ་གཞི་རུ་བཞག་བྱས་ནས།། ཛཱ་ཏི་བཏག་(བཏབ་)ན་སྙིང་རླུང་སེལ་བར་བྱེད།། ཁ་རུ་ཚ་བཏག་(བཏབ་)ཕོ་བའི་མེ་དྲོད་གསོའ(གསོ)།། མགྲོན་(འགྲོན་)ཐལ་བཏག་(བཏབ་)ན་སྐྲན་དང་འགྲིལ་(འདྲིལ་)རྣམས་བཤིགས།། གུ་ཁུལ་(གུལ་)བཏག་(བཏབ་)ན་གག་ལྷོག་ས་ནད་འཇོམས།། ཤིང་ཀུན་བཏག་(བཏབ་)ན་གྲང་བའི་རླུང་ནད་སེལ།། ཤ་རུའི་ཐལ་བཏག་(བཏབ་)དམུ་རྫིང་རྒྱ་མཚོ་སྐེམ།། ད་ལི་(ལིས་)བཏག་(བཏབ་)པས་བད་ཀན་སྐྱ་རྦབ་སེལ།། བྱི་ཏང་ཀ་བཏག་(བཏབ་)སྲིན་ནད་མ་ལུས་སེལ།། འཐོར་བུའི་གྲང་སེལ་རིལ་བུ་བཅུ་གཉིས་ནི།། རྒྱམ་ཚ་རྒྱ་ཚ་ལྕེ་མྱང་ཁ་རུ་ཚ།། ར་(རྭ་)ཚ་དང་ནི་ཤིང་ཚ་ཙབས་རུ་ཚ།། ཐལ་ཚ་ཡ་བག་ཤ་ར་(ཡ་བཀྵར་)མཛེ་ཚ་དང་།། འབྲས་བུ་གསུམ་དང་ཚ་བ་གསུམ་པོ་ནི།། ཐུན་ཕྱེད་བསྙོམས་ནས་རི་ལུར་དྲིལ་བྱས་ནས།། ལྷེན་འགྲོལ་ཁྲག་སྐྲན་འདུལ་བར་ཐེ་ཚོམ་མེད།། སུག་སྨེ་(སྨེལ་)ཨ་རུ་ར་དང་ཚ་བ་གསུམ།། ཟི་རུ་གཡེར་མ་འུ་སུ་ཁ་རུ་ཚ།། ཏིག་ཏ་གོ་སྙོད་ཤིང་མཚོའི་ཚ་(ཚྭ་)དང་།། བུ་རམ་རི་ལུ་དྲིལ་བས་མ་ཞུ་ལྷེན་སྐྲན་འཇོམས།། བྱ་རྒོད་གོ་བོ་ལ་སོགས་ཤ་ཟན་བྱ།། སྤྱང་ཁུ་གྲུམ་པ་ལ་སོགས་དབྱི་གསའ་དང་།། གྲེ་བ་ཨོལ་གོང་སྣ་ཚོགས་འཚོགས་(ཚོགས་)ཚད་དང་།། རྐྱང་འབྲོང་ལ་སོགས་རི་དགས་(དྭགས་)རྒོད་ཀྱི་ཤ། ཚྭ་སྨ་གསུམ་དང་བཟང་དྲུག་ཚ་བ་ལྔ།། ལ་ཕུད་གོ་སྙོད་ཟི་ར་ནག་པོ་དང་།། བུ་རམ་དྲིལ་བ་ཟ་བྱེད་རིལ་བུ་ཟེར།། ཚ་སྐྲན་གྲང་སྐྲན་ཐམས་ཅད་འདུལ་བར་ངེས།། འཇམ་འབྲས་སྲ་འབྲས་བསིལ་གསུམ་ཨ་རུ་ར།། ལ་ཕུད་པི་པི་ལིང་དང་འཛའ་(ཛཱ་)ཏི་དང་།། ཨུ་དཔལ་(ཨུཏྤལ་)བཙོད་དང་བཅའ་ལྒ་ཙི་ཏྲ་ཀ། མོན་ཇ་(ཆ་)ར་དང་ད་ཏྲིག་ཀ་པེད་དང་།། སེ་འབྲུ་དགུ་བསྙམས་བུ་རམ་རི་ལུ་དྲིལ།། འབྲས་འདུལ་བཅོ་ལྔ་པ་ཡི་རིལ་བུ་ཟེར།། འབྲས་ཀྱི་རིགས་དང་བད་རླུང་རྒྱས་པ་དང་།། ཚ་གྲང་འཁྲུག་(འཁྲུགས་)དང་གསར་སྙིང་(རྙིང་)ཚ་གྲང་སེལ།། ད་ལིས་དབྱི་མོང་ན་(ནཱ་)ག་པུས་པ་(པུཥྤ་)དང་།། གྷན་དྷ་པ་ཏྲ་(གནྷ་བྷ་དྲ་)གེ་སར་པུ་ཤེལ་ཙེ།། ཡ་བག་ཤ་ར་(བཀྵར་)ད་ཚ་བཟང་པོ་གསུམ།། མར་ཆང་གང་ཡིན་ཅིག་གིས་རི་ལུར་འདྲིལ།། ད་ལི་(ལིས་)འཇུ་བྱེད་རིལ་ལུ་(བུ་)བྱ་བ་ཡིན།། བད་ཀན་སྐྱ་རྦབ་བཤིགས་ནས་མ་ཞུ་འཇུ།། གུར་གུམ་མ་ནུ་ཀ་པེད་དབྱི་(བྱི་)ཏང་ཀ། པ་ཏྲ་སྦྲང་སྦྱར་གུར་གུམ་བད་འདུལ་ཟེར།། སྐྱ་རྦབ་ཤ་སེར་མཆིན་ནད་གྲང་སྦོས་འཇོམས།། ད་ལི་(ལིས་)དབྱིའ་(དབྱི་)མོང་ཕོ་བ་རིལ་དང་ལྒ།། པུ་ཤེལ་བྱི་ཚེར་དྲི་བཟང་བཞི་སྦྱར་ནས།། བུ་རམ་དྲིལ་བས་ད་ལི་(ལིས་)སྐྲན་འདུལ་ཟེར།། དབུགས་མི་བདེ་ནས་ལུད་པ་འགོག་དཀའ་དང་།། མཆིན་སྐྲན་གཞང་འབྲུམ་རྩ་འགགས་སེལ་བར་བྱེད།། ཚ་བ་ལྔ་པོ་བུ་རམ་རི་ལུ་དྲིལ།། རླུང་གཟེར་ཡི་ག་འཆུས་པ་འཇོམས་དང་སེལ།། སུག་སྨེ་(སྨེལ་)ཤིང་མངར་རྒྱམ་ཚ་ཙི་ཏྲ་ཀ། ལྕེ་མྱང་ཁ་རུ་ཚ་དང་ཚ་བ་གསུམ།། བུ་རམ་དྲིལ་བས་གྲང་སྐྲན་གྲང་འགྲིབ་སེལ།། སེ་འབྲུ་བཅའ་ལྒ་སྨན་ནག་བུ་རམ་སྦྱར།། མ་ཇུ་(ཞུ་)འཇོམས་དང་སྐྱུག་ནད་སེལ་བར་བྱེད།། དུར་ཐོད་ཤ་རུ་མགྲོན་(འགྲོན་)བུ་སྤན་(སྤེན་)ཐལ་གསུམ།། ཨ་རུ་ར་ཡིས་དམུ་ཆུ་སྐེམ་པར་བྱེད།། དབྱི་མོང་སྡིག་སྲིན་སུག་སྨེ་(སྨེལ་)ཚ་བ་གསུམ།། རྒྱ་ཚ་སྦྲང་གིས་དྲིལ་ནས་རི་ལུ་དང་།། ཕོ་བའི་མེ་དྲོད་ཤོར་དང་གྲང་བའི་ནད།། མཁལ་རྐེད་དཔྱི་མིག་གཟེར་དང་ཆུ་འཛག་སེལ།། ཟི་ར་བཅའ་ལྒ་རྒྱ་(ཚ་)བྱི་ཏང་ཀ། ཤིང་ཀུན་སྦྲང་དང་སྦྱར་བས་སོ་སྲིན་སེལ།། ཡུན་རིང་པའི་བར་གཏེམ་(གཏིམ་)ངར་ཐིམ་གཅེས།། སྤྱི་འཇོམས་ཅིག་(གཅིག་)དང་ཁ་སྒྱུར་བརྒྱད་དང་དགུ།། འཐོར་བུའུ་གྲང་སེལ་རིལ་ལུ་(བུ་)བཅུ་གཉིས་དང་།། ཀུན་ཏུ་དྲིལ་བས་སྦྱོར་སྡེ་ཉི་ཤུ་གཅིག། གྲང་སེལ་རི་ལུའི་གྲངས་སུ་ཤེས་པར་གྱིས།། སྤྱིར་ཡང་རིལ་ལུ་(བུ་)ལག་ལེན་བྱ་ཐབས་ནི།། གཙོ་བོ་ཐུན་བསྐྱེད་མ་ནོར་ཐུན་སྡེབ་ནས།། དང་པོ་ཞིབ་བཏག་(བཏགས་)དེ་ནས་ནེམ་པའི་རླན།། རྟ་ལ་བསྐྱོན་ནས་ཡུན་བསྲིང་འདམ་འཐག་བྱ།། སྐ་སླ་རན་ནས་རིལ་ལུ་(བུ་)དྲིལ་བཏུབ་དུས།། རུལ་སུམ་མ་ཤོར་གྲིབ་སྐམ་ལེགས་བྱས་ནས།། ནུས་པ་སང་དགོས་པར་བུར་དམ་དུ་བརྡེག། དུག་སྦྱོར་ཚད་ནི་བྲ་བའི་རིལ་ཞིབ་ཙམ།། སྨན་སྦྱོར་ཐམས་ཅད་སྲན་མ་འབྲིང་པོ་ཙམ།། འཇམས་(འཇམ་)སྦྱོར་ཐམས་ཅད་ལུག་གི་རིལ་མ་ཙམ།། ཟས་སྦྱོར་ཚད་ནི་ཕུག་རོན་སྒོང་(སྒོ་)ངའི་ཚད།། ཆེ་བ་མུར་ཅིང་ཆུང་བ་ཐམས་ཅད་མྱིད།། སྨན་ཤུལ་སྤྱོད་ལམ་གཟབ་པ་ཕྱེད་ཡིན་ནོ།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བའི་སྨན་འབུམ་དཀར་པོ་ལས་རིལ་བུའི་སྦྱོར་སྡེ་བསྟན་པའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།




 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:32 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།