སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དྲུག་ཅུ་པ། རྩ་དཀར་གྱི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་དྲུག་ཅུ་པ། རྩ་དཀར་གྱི་ནད་བཅོས་པ།

          དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྩ་དཀར་ནད་ལ་གྱེས་ཚུལ་རྒྱུ་རྐྱེན་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་གྱེས་ཚུལ་ལུས་ཀུན་རྩ་བ་རྩས་སྐྱེད་དེ། །སྲོག་གི་རྩ་བར་གྱུར་པའི་རྩ་རིགས་གཉིས། །སྲོག་རྩ་ལས་བྱུང་སྒལ་པའི་ནད་གཞུང་དུ་ཐང་ཤིང་བསླང་པ་ལྟ་བུ་ཁྲག་འབབ་པས་རྩ་ནག་དུ་གྲགས་ཤིང་དེ་ལས་གྱེན་དུ་གྱེས་པ་དང་། །ཀླད་པ་ལས་བྱུང་ཆུ་རྩ་ལྟ་བུ་རླུང་རྒྱུ་བའི་རྩ་དཀར་ཞེས་པའི་མིང་བཏགས་པ་ཐུར་དུ་ཟུག །ནང་རྩ་དོན་དེ་ལྟར་རྩ་དཀར་ནག་གཉིས་ཀ་དོན་སྣོད་དང་འབྲེལ་ཕྱི་རྩ་ཤ་རུས་རྒྱུས་ཚིགས་སོགས་དང་ཡན་ལག་ཐམས་ཅད་འབྲེལ། །ལུསནང་གི་རྩ་དར་གྱི་དཔྱངས་ཐག་དཔྱངས་པ་ལྟ་བུ་བཅུ་གསུམ་ཡོད་པ་སྟེ། །ཀླད་པའི་རྗེ་ངར་ཞབས་ནས་རྐེའི་ནང་དུ་རྒྱུ་དེ་ལས་རླུང་གི་རྩ་མཚན་ཉིད་འཛིན་པའི་བཞི་གཉིས་སྙིང་དང་གཉིས་རྒྱུ་མར་འབྲེལ། །མཁྲིས་པའི་མཚན་ཉིད་འཛིན་པའི་རྩ་བཞི་གཅིག་གློ་ལ་གཅིག་ལོང་ལ་གཅིག་མཆིན་པ་མཁྲིས་པར་འབྲེལ། །བད་ཀན་གྱི་མཚན་ཉིད་འཛིན་པའི་རྩ་བཞི་གཅིགཕོ་བ་མཆེར་པ་གཅིག་མཁལ་མ་གཅིག་ལྒང་པར་འབྲེལ། །འདུས་པའི་རྩ་གཅིག་བསམ་སེར་འབྲེལ་བ་ཡིན། །བཅུ་གསུམ་པོ་འདི་ཁོང་པ་ནང་གི་རྩ་ཡིན་པའི་ཕྱིར་མི་མངོན་ཞིང་ནང་དུ་དོན་སྣོད་དང་འབྲེལ་བའི་ཕྱིར། །མགོ་སྐྱོན་དང་ཀླད་སྐྱོན་དོན་སྣོད་ལ་འབབ་ཅིང་དྲི་མའི་རྒྱུན་གཉིས་སྡོམ་པ་སོགས་ན་ལུགས་དུ་མ་སྟོན་དོན་སྣོད་དང་ཕྱི་ནང་ཀུན་ཏུ་རྒྱུ་བ་དེ་རྣམས་འབྲེལ་ཞིང་རླུང་རྒྱུ་བའི་རྩ་ཡིན་པའི་གནད་ཀྱིས་སོ། །ཕྱི་རྩ་སྦུ་གུ་ཅན་གཉིས་འཇའ་བྱེད་གཉིས། །རཏྣ་གཉིས་ཏེ་རྩ་རྒྱུད་དྲུག་ཏུ་བཤད།  ཁོང་ལ་སྟོང་པར་ཡོད་པའི་སྦུ་གུ་ཅན་དེ་གཉིས་ཀླད་སྟེང་ལས་བྱུང་ལྟག་པའི་སྡུད་སྒོར་དོན་གཉིས་སུ་གྱེས་ནས། །ཨན་སྟོང་གི་གཡས་གཡོན་ནས་མཚོན་རེ་ཐད་ཀར་ཐུར་དུ་འགྲིམས༌།  ཚིགས་པ་ལྔ་པ་ནས་འདུས་ཏེ་སྒལ་ཚིགས་གཞུང་པའི་རྩ་དང་འབྲེལ། །བཅུ་གཉིས་པ་ནས་བསམ་སེ་དང་བཅུ་བཞི་པ་ནས་མཁལ་མར་འབྲེལ་ལ་དེ་ལས་རྩ་སྣེ་བཞིར་གྱེས  །གཞུག་ཆུང་དང་གཉིས་དཔྱི་ལེབ་ཀྱི་མཚམས་བརྒྱུད་དཔྱི་མིག་ཏུདོན། །བྱིན་པ་དང་བརླའི་ཕྱི་སུལ་ནས་འགྲིམས་ཏེ་སྟེང་པ་ཕྱི་ལོང་གི་བར་རྒྱུད་དེ་སྣེ་མོགུང་མཐེབ་འདི་ནི་སྲེ་ལོང་ཕྱི་ལོང་བར་ན་གཞུང་རྩའི་གནད་ ཅེས་པ་དེའོ། །བརྒྱུད་མཐེའུ་ཆུང་དང་འབྲེལ་ནས་རྐང་མཐིལ་དུ་འགྲོ་བ་སྟེ་འདི་གཉིས་ནི་རྐང་པའི་ཕྱི་ངོས་སུ་འགྲོའོ། །རྐང་པའི་ནང་ངོས་སུ་རྒྱུ་བ་གཉིས་ནི་ཚིགས་པ་བཅུ་བཞི་བ་ནས་གྱེས་ཏེ་དཔྱི་སྟེང་ཁ་གཟར་དུ་དོན། །བརླ་སྒང་རྒྱུད་དེ་པུས་མོའི་ཚིགས་པར་ཐོན་པུས་མོའི་གཉན་གོང་རུས་རྩ་སྒྱེད་བུའི་གནད་ཅེས་པ་དེའོ་ངར་གདོང་ཐུར་བར་འགྲིམས། །པིར་མགོར་མཐེ་བོང་སྤུ་སྐྱེས་རྒྱུས་ལ་པིར་མགོའི་གནད་ཅེས་པ་དེའོ་འབྲེལ་ནས་རྐང་མཐིལ་ལ་སོགས་གོང་འགྲིམས་པ་དང་གུང་འཐེབ་བརྡོངས་མཚམས་གང་སུལ་དང་རྐང་མཐིལ་བྲང་པིར་གཉེར་མའི་འོག་ཏུ་འདུས་ཏེ་སྲེ་ལོང་ཕྱི་ལོང་བར་ན་རྩ་གཅིག་རྐང་མཐིལ་དུ་ཡོད་དོ། །ཞ་བའམ་འཇའ་བར་བྱེད་པ་ཀླད་ཞབས་ནས་ལྟག་ཟུར་སྤུ་འཁྱིལ་གཉིས་སུ་དོན། །ཨན་སྟོང་གཡས་གཡོན་འགྲམ་ནས་གློ་མ་ཚིགས་འགྲམ་གཉིས་དང་འབྲེལ་ལ་དེ་ནི་འོག་ཏུ་བྱང་ཁོག་རྨ་གསོ་བའི་སྐབས། གློ་མ་རྩིབས་ལས་བྱུང་བའི་ཚིགས་འགྲམ་གཉིས་ཞེས་པ་ནས་རྩ་གཉིས་གཞུག་ཆུང་བྱིན་བརླའི་ཕྱི་སུལ་རྒྱུ་ཞེས་གསུངས་པ་དེ་ཡིན་ལ་གཉིས་ནི་ཕྲག་པར་བརྒྱུད་རྒྱབ་ཕྱོགས་སུ་དཔུང་པ་དང་སོག་པའི་མཚམས་སུ་ནུབ  མདུན་ངོས་སུ་དཔུང་འཛུམ་ཚིགས་དམིགས་ནས་ཐོན་ལུག་གཞུག་གི་ཕྱི་མཆན་དུ་དཔུང་པའི་ལུག་གཞུང་ཕྱི་མཆིན་ཆུ་རྩའི་གནད་ཅེས་པ་དེའོ་འགྲིམས་། །ནང་ངོས་གྲུ་མོའི་ཚིགས་བསྐོར་གྱི་གོང་ཟུར་བརྒྱུད་ལག་པའི་མཐེབ་མོར་རྒྱབ་ངོས་ཀྱི་ཚིགས་མགོ་སྤུ་སྐྱེས་འབྲེལ་ནས་ལག་མཐིལ་དུ་འགྲོའོ། །རཏྣ་གཉིས་ཀླད་ཞབས་ནས་རྩེ་མགོ་རྣ་ཤལ་གྱི་འོག་ཏུ་ཐོན་ནས། །སྒྲོག་རུས་ནང་དུ་ནུབ་མཆནའོག་བརྒྱུད་གྲུ་མོའིཚིགས་དང་གཞུ་མཆོག་བར་དུ་དོགས་ལ་ཟི་པི་རི་ཞེས་བྱ་ཞིང་། །གྲུ་མོའི་བར་ན་རླུང་རྩ་རཏྣའི་གནད་ཅེས་པ་དེ་ཡིན།  །དེ་ནས་ལག་པའི་རྒྱབ་ཟུར་ཐུར་བར་འགྲིམས་ནས་ལག་པའི་གུང་སྲིན་མཐེབ་དུ་འབྲེལ་ཏེ་ལག་མཐིལ་དབུས་སུ་འཇང་བྱེད་ཀྱི་སྒོ་དང་འདུས་སོ། །ཡན་ལག་ལ་སོགས་ལུས་ཀྱི་ཕྱི་རུ་ཐོན་པའི་རྩ་ཤ་ཆུ་རུས་ཚིགས་ལ་སོགས་དང་འབྲེལ་བའི་ཕྱིར་འདི་དག་ནི་ཕྱིར་འབུར་བ་དེར་གནད་དུ་བསྟན་ཅིང་ཀུན་ཏུ་འབྲེལ་བ་ལས་ན་ལུགས་སྣ་ཚོགས་དུ་མར་སྟོན་པར་བྱེད་དོ། །སྐྲངས་པ་དང་སྦོས་པ་དང་སྐམས་པ་དང་ཞ་བ་དང་རེངས་པར་བྱེད་པར་འགྱུར་རོ།།

          སྤྱི་དོན་གཉིས་པ་དེ་ལ་རྒྱུ་རྐྱེན་དང་དབྱེ་བ་གཉིས་ལས་དང་པོ་དྲག་ཤུལ་འགྲམས་པའམ། །རིམས་དུག་ཚ་བ་རྩ་ལ་བབས་པ་འམ། །མཚོན་གྱིས་བཅད་བརྡུངས་རླུང་འཁྲུགས་རྩར་ཞུགས་པས། །དེ་ལ་རྩ་དཀར་ནད་དུ་འགྱུར་བ་ཡིན།།

གཉིས་པ་དབྱེ་བ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་སྤྱི་ལ་རྩ་དཀར་ཚ་དང་གྲང་བ་གཉིས། །དེ་ཡང་དུས་ཀྱིས་གསར་དང་རྙིངས་པར་འགྱུར། །གཉིས་པ་བྱེ་བྲག་གནས་དང་འདུ་བའི་ནད་གཞིས་དབྱེ། །དང་པོ་གནས་ནི་མགོ་དང་བྱང་ཁོག་ཡན་ལག་གསུམ། །གཉིས་པ་འདུ་བ་རླུང་མཁྲིས་བད་ཀན་འདུས་པ་བཞི།།

          སྤྱི་དོན་གསུམ་པ་དེ་རྟགས་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་མགོ་སྟོད་ཁ་མིག་ཡོན་པོར་འགྱུར། །མགོ་འཁོར་མྱོས་དང་དྲན་ཉམས་ཙོག་པུར་སྡོད་མི་ཟུག །གཉིད་ཆུང་སྐྱུག་དང་ཁ་ལུགས་དབང་པོ་འཁྲུལ། །གཡའ་ཟ་སྐད་སྒྲ་ཆེར་ཐོས་མི་བཟོད་ཡན་ལག་བཤལ། །བྱང་ཁོག་ལ་སྨྲ་བ་མང་ཞིང་འདར་རྗེས་སྐོམས་བཏུང་བས་ངོམས་པ་མེད། །གཞོགས་གཅིག་བེམ་མམ་ཚོར་བ་དང་བྲལ་སྐྲངས་སམ་སྙམ། །དྲི་ཆུ་བླུགས་སམ་ཡང་ན་བཤང་གཅིའི་རྒྱུན་གཉིས་སྡོམ། །མེ་ལྟར་ཚ་འམ་ཡང་ན་རྡོ་ལྟར་གྲང༌།  །གཞུ་ལྟར་གུག་གམ་ཡང་ན་རྭ་ལྟར་དགྱེ། །ཤིང་ལྟར་རེངས་སམ་ཡང་ན་རྐོ་བ་གྱོང་པ་ལྟར་བསྡུས།  །ངོ་མཚར་ནད་རྟགས་དུ་མ་སྟོན་པར་བྱེད། །ཡན་ལག་བཤལ་སྦྲིད་བེམ་མམ་ཚོར་བ་བྲལ། །གཡོ་སྐམས་ཞ་རེངས་འཁུམས་སམ་རོ་ལྟར་རེངས་ནས་འགུལ་བསྐྱོད་མེད་པར་དྲན་མེད་བོག །མཚོན་འཕྲེད་དུ་ཕོག་ན་གཡས་བཅད་ནའང་གཡོན་བཅད་ན་སྟོད་སྨད་ཕྱོགས་མཚམས་སྣེ་གཉིས་བསྣོལ་བར་སྐྲངས། །འགྲམས་མཚོན་ཚད་བབས་མཁྲིས་ལྡན་ཚ་བར་འགྱུར། །རླུང་དང་བད་ཀན་རྐྱེན་བྱས་གྲང་བར་འགྱུར། །གཉིས་པ་རླུང་ལྡན་འདར་གཡལ་ཁ་སྐོམ་ཤེས་པ་འཁྲུལ། །མཁྲིས་ལྡན་དྲོད་དང་ཚ་བ་ཟུག་གཟེར་ཆེ། །བད་ཀན་ལྡན་པ་དྲོད་ཆུང་གཡོ་ཞིང་སྐྲངས། །འདུས་པའི་མཚན་ཉིད་ཀུན་རྟགས་སྟོན་པར་བྱེད། །སྟོབས་ལྡན་འཆི་ལ་འབྲིང་པོ་བཅོས་པས་འཚོ། །ཚབས་ཆུང་ཡུན་ལོན་རང་བཞིན་འཚོ་བར་འགྱུར།།

          སྤྱི་དོན་གཉིས་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་གསར་དང་རྙིངས་པ་དུས་དང་སྦྱར། །དང་པོ་གསར་དུས་ཚབས་ཆེན་ལག་མཐིལ་དབུས་གཉིས་དང་རྐང་མཐིལ་བྲང་ངའི་གཉེར་མ་གྲོང་མོའི་འོག་གཉིས་ཏེ་མཐིལ་བཞི་ཚིགས་པ་བཅུ་གསུམ་པ་དང་། །ལྟག་ཟུར་གྱི་སྤུ་འཁྱིལ་དང་རྐང་པའི་མཐེ་བོང་སྤུ་སྐྱེས་ཏེ་པིར་མགོ་དང་སོར་མོ་རྐང་ལག་གི་སོར་མོ་ནེའུ་ལེ་ཉི་ཤུ་བསྲེག །ཚ་བ་ཤས་ཆེ་རིན་ཆེན་རྡོ་རྩི་སྔོ། །(གསེར་ཐལ་ཟངས་ཐལ་གཡུ་རྙིང་ཐོག་ལྕགས་ཐལ་བ་བྱུ་རུ་ཉ་སྐྱོགས།  །དཀར་སྨུག་སྦལ་རྒྱལ་དང་མདུང་རྩེ་བཞི་བཟང་དྲུག་ཅུ་གུར་ལི་ཛཱ་སུག་ཀ་གླ་རྩི།  འབྲི་ཏ་ས་འཛིན་ལྕམ་པ་) ཀ་ར་དཀར་སྦྱར་ཆུ་གྲང་འཕུལ་ལ་བཏང༌། །ཡང་ན་(ཉ་ཕྱིས་བཟང་དྲུག་གི་ཝཾ་ཙན་དན་དཀར་དམར་ཨ་ག་རུ་བསེ་རུ་གླ་རྩི་རུ་རྟ་པི་ལིང་ཤིང་ཚ་འབྲས་བུ་ཨ་བར་སྐྱུར་གསུམ་སྡིག་སྲིན་གསེར་བྱེ་ལྕམ་པ་ཟི་ར་གཉིས་འབྲི་ཏ་ས་འཛིན་)བསམ་འཕེལ་ཉེར་ལྔ་ཡིན་ཉི་ཤུ་རྩ་ལྔའི་ཕྱེ་མ་སྦྱར། །ཁ་ཟས་དང་སྐོམ་གསར་བཅུད་ཤ་གསར་མར་གསར་ཡོས་ཐུག་དང་ཞོ་དང་དར་བ་བསྟེན། །སྟོད་སྨད་གར་བབས་རྩེ་ཆུང་དང་ལོང་རྩ་གནས་སྦྱར་རླངས་ཐོན་གཏར། །ཚ་བ་བྲི་ནས་བུར་ཆང་བདུད་རྩི་ཡིན། །གྲང་བ་ཤས་ཆེ་གླ་རྩི་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག །བ་མཁལ་སྨུག་པོ་བཟླུམ་པོ་དེའི་ནང་གི་དཀར་པོ་དེ་རུ་རྟ་ཨ་རུ་བུ་རམ་སྦྱར། །ཨ་རུ་གྲང་བསིངས་ཁུ་བས་འཕུལ་ལ་བཏང།༌།  ཡང་ན་ཨ་རུ་སྨན་ཆེན་དཀར་ནག་སེར་གསུམ་གང་བྱུང་ན་རབ་གཉིས་འབྲིང་གཅིག་ཐ་མ་རིགས་གཅིག་། །གླ་རྩི་རུ་རྟ་ཤུ་དག་དོན་ཁྱུང་ལྔ་ཡིན་དྲི་ཆུས་སྦྲུ། །རིལ་བུ་ལྔ་བདུན་སྲོད་དུས་བསྟེན་ན་བདུད་རྩིར་འགྱུར། །དྲུག་བདུན་དཀར་ནག་མཚམས་བསྲེག་གཏར་མི་བྱ། །ཁ་ཟས་དྲོད་བཅུད་བུར་ཆང་འབའ་སམ་སྨན་མར་སྦྱར། །གཉིས་པ་རྩ་ནད་རྙིངས་པ་བྱེར་ན་བསྡུས་པ་དང་སྦྱངས་པ་བརྟ་བར་བྱ། །དང་པོ་ད་ལིས་བྲེ་ཕྱེད་ཀྱི་ལྕེ་ཕུལ་དོ་ཤིང་མངར་ཕུལ་གང་ཁཎྜ་ལ། །གུར་ཀུམ་སུག་སྨེལ་འབྲི་ཏ་ས་འཛིན་དང༌། །གསེར་བྱེ་ཉི་དགའ་སྦྲང་སྦྱར་ནང་ནུབ་བཏང།། །གླ་རིལ་ཆང་བཙོས་རས་ལ་ཐུམ་བུར་དྲིལ་བས་དུགས་བྱས་པས་རྩ་ནད་སྡུད། །གཉིས་པ་དེ་ནས་བྱང་ཁོག་ནང་རྩར་བབས་ཆེ་ན། །ལྟོ་སྦྱོངས་བཏང་རྗེས་ལ་རྩ་བཤལ་བསྔགས་པ་ཡིན། །མགོ་དང་ཡན་ལག་ཕྱིར་བབས་རྩ་ནས་ཕྱི་རྒྱུད་ལྟར་སྦྱངས། །གསུམ་པ་ཐ་མར་འབྲི་ཏ་ས་འཛིན་བྲེ་ཕྱེད་ཨ་རུ་ར་བཅུ། །ད་ལིས་ཀྱི་ལྕེ་ཤིང་མངར་ཉི་དགའ་ཡི། །སྨན་མར་སྦྲང་རྩི་བུ་རམ་ལྡན་པ་བཏང༌། །ཡང་ན་རྒྱུད་ཕྱི་མའི་འབའ་སམ་སྨན་མར་དྲོད་བཅུད་བསྟེན། །གཉིས་པ་བྱེ་བྲག་མགོར་བབས་ཕྱི་རྩ་གླ་རིལ་ལུམས། །ཨན་སྟོང་ཚིགས་ཡོད་མེད་མཚམས་ནས་མཚོན་རེའི་བར་འགྲམ་དང་སྡུད་སྒོ་སྤུ་འཁྱིལ་བསྲོ། །ནང་རྩར་བབས་ན་རྡོ(འི་རྒྱལ་པོ་གངས་ཐིག་སྤལ་རྒྱལ་མདུད་རྩི་ཅོག་ལ་མ་བཞི་དོམ་མཁྲིས་གུར་ཀུམ་གླ་རྩི་རུ་རྟ་ཨ་རུ་ཨ་བྱག་ཆུ་རྩ་བོང་ང་གསེར་ཐིག་ཚ་ན་ཀ་ར་དང་གྲང་ན་བུ་རམ་གྱི་)སྦྱོར་བ་བསྟེན་པར་བྱ། །རི་བོའི་རྩེ་ལ་སྤྱི་གཙུག་དང་སོར་མོ་ཉི་ཤུ་ལ་གསེར་གྱི་མེ་རྒྱས་གདབ། །ལུས་ཀྱི་ཆ་ཉམས་ཚོར་བ་ཆུང་ཞིང་བྱ་བ་ཉམས་ན་དྲོད་ཤོར་མདུད་གསུམ་སྤྱི་གཙུག་ལྟེ་བ་མཚན་མ་མདོར་བསྲེག་གོ། །གཞོགས་རེངས་ཁ་ལྐུགས་རྩེ་མགོ་གཉིས་དང་སོར་མོ་ཉི་ཤུ་བསྲེག །ཁ་མིག་ཡོ་ན་ལྟག་ཟུར་སྤུ་འཁྱིལ་རྣ་རྒྱབ་ནས་མཚོན་གང་བཅལ་བར་གཡས་ཡོ་ན་གཡོན་དང་གཡོན་ཡོ་ན་གཡས་བར་བསྲེག །དར་རྩ་བསྣད་འགྲམས་མགོ་ལྕི་སྣ་སྦྱོངས་བྱ། །ཚ་བ་རྩ་རྒྱས་རྩེ་ཆུང་གཉིས་གཏར་རྩ་སྦྱོངས་དང་ལྟོ་སྦྱོངས་སྦྲག །རླུང་འཁྲུགས་གུར་ཀུམ་ཤིང་མངར་སྣ་སྨན་བཏང༌། །བྱང་ཁོག་རྩ་ནད་སྤྱི་གཙུག་སྡུད་སྒོ་དང༌། །དྲུག་པ་དཀར་ནག་མཚམས་དང་སྒྲོག་རུས་གཤོང།། །ཨན་སྟོང་ཚིགས་པ་དང་པོ་ནས་མཚོན་གང་བཅལ་བ་འགྲམ་དང་སྐེ་སྟོང་དང་སོག་པའི་མཐིལ་བསྲེག །གསེར་ཟངས་ཐོག་ལྕགས་བྱུ་རུ་ཉ་སྐྱོགས་དང༌། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཙན་དན་དཀར་དམར་ཨ་ག་རུ། །གླ་རྩི་བསེ་རུ་འགྲོན་ཐལ་དོམ་མཁྲིས་དང༌། །རྡོ་དྲེག་ཀ་ར་ཨ་རུའི་ཁུ་བས་འཕུལ། །གླ་རིལ་ལུམས་བྱ་རྙིངས་ནས་རྩ་སྦྱོངས་ལྟོ་སྦྱོངས་སྦྲག །གོང་གི་གསེར་ཟངས་ཐོག་ལྕགས་སོགས་ཀྱི་སྦྱོར་བའི་སྟེང་སྙིང་ལ་ཛཱ་ཏི་རུ་རྟ་ཨ་གར་བསྣན། །གློ་ལ་ཤིང་མངར་རྒུན་འབྲུམ་གླ་སྒང་བསྣན། །མཆིན་པར་ཨུཏྤལ་བྲག་ཞུན་བ་ཤ་ཀ །མཆེར་པར་མ་ནུ་པ་ཏོལ་པི་པི་ལིང༌བསྣན  མཁལ་མར་བཙོད་དང་ཞུ་མཁན་རྒྱ་སྐྱེགས་བསྣན། །ཕོ་བར་མ་ནུ་རྒྱམ་ཚྭ་པ་ཏོ་ལ་བསྣན། །རྒྱུ་ལོང་བོང་བ་ང་དུག་ཉུང་གླ་སྒང་བསྣན། །མཁྲིས་པར་ཏིག་ཏ་དུག་ཉུང་གསེར་མེ་ཏོག་བསྣན། །ལྒང་པར་ལྕམ་པ་རྒྱ་ཚྭ་སྡིག་པ་བསྣན། །དོན་སྣོད་གར་བབས་རང་རང་གི་རྩ་ལ་གཏར་ཞིང་རང་གི་སོར་རང་མོའི་གསང་བསྲེག་པ་ནི་སྙིང་དང་རྒྱུ་མར་མཐེབ་ཆེན་གློ་ལོང་མཛུབ་མོ་མཆིན་མཁྲིས་དགུང་མོ་མཆེར་པ་ཕོ་བར་སྲིན་ལག་མཁལ་མ་བསམ་སེའུ་ལྒང་པར་མཐེའུ་ཆུང་བསྲེག་གོ། །ཡན་ལག་རྩ་དཀར་བྱེར་བསྡུའི་ཁཎྜ་ལ་གོང་གི་རྩ་དཀར་རྙིང་པའི་སྐབས། །ད་ལིས་ཀྱི་ལྕེ་ཤིང་མངར་ཁནྚ་ལ་ཞེས་པའི་སྦྱོར་བ་དེའོ། །ཚ་ན་ག་བུར་གྲང་ན་པི་པི་ལིང༌བསྣན་པ་། །རིལ་བུ་མཐེབ་ཙམ་ར་འོ་སྦྱར་ལ་བཏང༌། །གླ་རིལ་ཕྱི་རྒྱུད་ལྟར་བདུད་རྩི་ལྔ་ཡི་ལུམས་སུ་གཞུག །ཡན་ལག་གང་བབས་རྩ་གཏར་རྙིངས་ནས་རྩ་ནས་ཕྱི་རྒྱུད་ལྟར་སྦྱང༌། །ཤ་སྐམས་པ་ལ་དེ་རྗེས་ཆུ་ཚན་རང་བྱུང་བདུད་རྩི་ལྔ་ལུམས་བྱ། །འབྲས་བུའི་ཨ་བར་སྐྱུར་གསུམ་གྱི་སྨན་མར་ལ་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་སྨན་ལྡན་བསྟེན། །ཆུ་རྒྱུས་བབས་ཚེ་སློ་ལུམས་ཆང་རྒན་བཏུང༌། །རྐང་བཤལ་ཚིགས་པ་བཅུ་བཞི་པ་དང་རྩ་ནག་མཁལ་མའི་ཁ་གཟར་དང༌། །དཔྱི་མིག་པུས་ཚིགས་ཕྱི་ནང་རྐང་མཐིལ་བསྲེག །ལག་བཤལ་སྒྲོག་རུས་གཤོང་དང་འཇའ་བྱེད་གཉིས། །དཔུང་ཚིགས་ཕྱི་ནང་རཏྣ་གཉིས་ལག་མཐིལ་མེས་བསྲེག་བསྲོ། །རླུང་ལྡན་རླུང་གསང་བསྲོ་ཞིང་བཅུད་ཟས་བསྟེན། །མཁྲིས་པར་ལྡན་ན་ཕྱི་རྒྱུད་ལྟར་ལྟོ་སྦྱོངས་དང་རྩ་སྦྱོངས་བཏང༌།  །བད་ཀན་ལྡན་ན་རང་བྱུང་གི་ལ་ཆུ་ཚན་དང་བདུད་རྩི་ལྔ་ལུམས་དུགས་བྱ། །འདུས་པའི་ནད་ལ་རླུང་མཁྲིས་བད་ཀན་གསུམ་ཀུན་དང་འབྲེལ་བར་བཅོས། །གང་ཞིག་རྩ་དཀར་ནད་ཚུལ་མི་ཤེས་པར། །གཟའ་ཕོག་ཟེར་བའི་སྨན་པ་བླུན་པོ་སྟེ། །ཐབས་འདི་ནི་རྩ་དཀར་ཙམ་མ་ཟད་རྨ་རྣམས་ཀུན་གྱི་ལོག་གནོན་དང༌ལོག་གནོན་ཞེས་པ་ནུས་པ་ལ་བལྟོས་ན་གཞན་དེའི་ཉིས་ལོག་གི་ནུས་ལྡན་དང་བྱེད་ལས་ལ་བལྟོས་ན་ནད་དེ་ཚུར་མི་ལོག་པའི་ཁ་གནོེད་ཡིན་ནོ། །རིམས་དང་དུག་དང་བླ་གཉན་གྱི་ནད་ཀྱི་མདེ་ཁ་རྟགས་བཅོས་གང་དགོས་ཀྱིས་ཁ་བསྒྱུར་ཡང་ཡིན་ནོབླ་གཉན་ཞེས་བསྣོན་པ་རྒྱབ་པའི་བརྡ་རྙིང་ཏེ་དོན་ལ་ནད་སྔ་མ་དེ་མ་དྲག་པའི་སྟེང་དུ་སླར་ཡང་ནད་གསར་པ་ཞིག་བྱུང་བའི་མིང་ངོ་། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྩ་དཀར་གྱི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།

 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།