སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བརྒྱད་པ། སྨྱོ་བྱེད་ཀྱི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་དོན་བརྒྱད་པ། སྨྱོ་བྱེད་ཀྱི་གདོན་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྣམ་ཤེས་སྨྱོ་བྱེད་ནད་ལ་རྒྱུ་རྐྱེན་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་སྙིང་སྟོབས་ཞན་ལ་མྱ་ངན་དང༌། །ཡིད་མི་བདེ་དང་སེམས་ལས་ཆེས་པ་དང༌། །ཟས་སྤྱོད་མི་འཕྲོད་གདོན་གྱིས་རྐྱེན་བྱས་ཏེ། །ཉེས་པ་འཁྲུགས་པས་རྣམ་ཤེས་རྒྱུ་གནས་ཞུགས་སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་ན་རྩའི་རྒྱལ་པོ་ཨ་ཝ་དྷུ་ཏི་རྟ་རྔ་ཙམ་ཞིག་གནས། དེའི་ཕྱོགས་བཞི་སྟེང་འོག་དྲུག་ན་རྩ་སྟོང་པར་སྟོང་དང་དྲུག་ཏུ་གནས་ཏེ། དེ་ལ་རྣམ་ཤེས་ཚོགས་དྲུག་རྒྱུ་བ་སྣང་སྟེ་ནང་དུ་ནད་དང་རྟེན་ཞུགས་པས་དྲན་པས་ཉམས་ཏེ་ཤིང་རྟ་འཁོར་ལོ་བསྒྱུར་བར་བྱེད་པ་བཞིན་དུ་བྱ་བ་ཅི་དགར་བྱེད་དོ། །ཡིད་ཀྱི་ལམ་ལོག་པར་ཞུགས་པས་དྲན་པ་ཉམས་ཏེ་ཡན་ལག་བརྒྱད་པར། །འདི་ཡིས་སྙིང་སྟོབས་ཞན་པ་ཡི། །སྙིང་གི་ནད་ལ་གནོད་བྱེད་དེ། །བློ་ནི་དྲི་མ་ཅན་བྱས་ཏེ། །ཡིད་རྒྱུ་བ་ཡི་ལམ་བཀག་པས། །སྨྱོ་བྱེད་དག་ནི་སྐྱེད་པར་བྱེད། །དེ་ཡི་བློ་དང་རྣམ་ཤེས་དང་། །དྲན་པ་འཁྲུལ་ཞིང་ལུས་ཀྱི་ནི། །བདེ་དང་སྡུག་བསྔལ་ལས་ཉམས་ཏེ། །ཤིང་རྟ་ཁ་ལོ་བསྒྱུར་བ་ནི། །ཡོད་པ་མྱུར་བ་སོགས་པ་སྟེ། །ཀུན་ལ་བསམ་པ་མེད་པར་བྱེད། །ཅེས་སོ། །སྨྱོ་བར་འགྱུར།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་དང༌། །ནོར་དང་ཆུང་མ་སོགས་ཉམས་པས་ཡིད་གདུང་དྲག་པོ་དང་དུག་གདོན་ལས་གྱུར་བར་བདུན་དུ་བཤད།།

སྤྱི་དོན་གསུམ་པ་དེ་རྟགས་དང་པོ་རླུང་གྱུར་ཤ་སྐམས་ལྦུ་བར་སྐྱུག །མང་དུ་སྨྲ་ཞིང་ངུ་འབྲོས་བྱེད་པ་དང༌། །མིག་སྤྲིན་དམར་ལ་ཁ་ཟས་ཞུ་ནས་ལྡང༌། །གཉིས་པ་མཁྲིས་གྱུར་མི་ལ་ཁྲོ་བརྡེག་ཟས་སྤྱོད་བསིལ་འདོད་མིག་ཆུ་སེར། །མེ་དང་སྐར་མ་མིག་སྔར་ཟས་ཞུ་དུས་མཐོང་བར་བྱེད། །གསུམ་པ་བད་ཀན་རློན་ཞིང་སྨྲ་ཉུང་ཡི་ག་འཆུ། །གཉིད་ཆེ་སྣབས་དང་ཁ་ཆུ་མང་དུ་འཛག །བཞི་བ་འདུས་པ་ལས་ནི་ཀུན་རྟགས་སྟོན་པར་བྱེད། །ལྔ་བ་ཡིད་གདུང་བའི་རྒྱུ་ནི་དྲན་རྐྱེན་སོགས་ཀྱིས་དེའི་དུས་ལྡང་སེམས་མི་བདེ། །དྲུག་པ་དུག་གིས་མདངས་ཉམས་སྟོབས་ཆུང་སེམས་འཁྲུལ་བྱེད། །བདུན་པ་གདོན་གྱུར་གང་གནོད་སྤྱོད་པར་འགྱུར་བའོ།།

སྤྱི་དོན་བཞི་བ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་ཡིད་འཇུག་བུ་གའི་ལམ་ནད་ཀྱིས་འགགས་པ་བསལ་བའི་ཕྱིར། །རླུང་ལ་བསྐུ་མཉེ་དང་བདུད་རྩི་ལྔ་དང་རུས་སྣའི་ལུམས་བྱ་མཁྲིས་པ་ལ་སྐྱུགས་དང་བད་ཀན་ལ་ཁྲུས་དང་ཁྲག་ལ་གཏར་བས་ཉེས་གང་ཡང་ཤས་ཆེ་བ་དེའི་གཉེན་པོ་སྦྱང་། །དགེ་བའི་སྨན་མར་ནི་འབྲས་བུ་ཨ་བར་སྐྱུར་གསུམ་དང་ཧ་རེ་ཎུ་ཀ་མ་ནུ་ཏ་ཀམ་སྟེ་མ་ནུའི་རིགས་མཐེ་བོང་ཙམ་མདོག་དམར་པོ་ཁོང་སྤུ་ཡོད་པ་རྟའི་ནུ་མ་འདྲ་བ་དེའོ་དང༌། །སྒྲོན་ཤིང་དང་ཐལ་ཏྲེས་བ་སྤྲུ་ཡུང་སྐྱེར་པརྞི་ཀ་པརྞྀ་ཞེས་པ་ལོ་མའི་སྐད་དོད་ཡིན་ལ་བི་པརྞྀ་ཞེས་འབྱུང་བ་ཤིང་མངར་གྱི་ལོ་མ་དང་སྡོང་པོ་གཉིས་ལ་སྐབས་འདིར་གཟུང་ཞེས་འབྱུང་ངོ་གཉིས། །སྔོ་རྒྱ་སྤོས་རུ་རྟ་སྟག་ཚེར་ཀཎྜ་ཀ་རཱི་པྲི་ཡངྐུ། །ནཱ་ག་གེ་སར་ད་ལིས་དོང་ག་བཙོད། །སེ་འབྲུ་བྱི་ཏང་ག་དང་ཀ་ཀོ་ལ། །དབྱི་མོང་ཨུཏྤལ་ཙན་དན་དཀར་པོ་ཞོ་གཉིས་ཤུག་པ་དེ་བ་དཱ་རུ་ཞོ་རེ་རྣམས། །འོ་མ་དང་མར་རྙིང་པར་སྦྱར་བ་ནི་དགེ་བའི་སྨན་མར་གྱི་སྦྱོར་བ་ཞེས་བྱ་སྟེ། །རོ་ཙ་བུ་བསྐྱེད་ལུས་རྒྱས་སྨྱོ་བྱེད་འཇོམས། དེ་རྗེས་བསྡིགས་པས་སྐྲགས་ཏེ་ཡིད་ལམ་ལོག་པ་ནས་ཐོན་ཏེ། རང་གནས་སུ་འཇུག་པ་སྲིད་དེ། ཡན་ལག་བརྒྱད་པར། ལུས་ཀྱི་སྡུག་བསྔལ་འཇིགས་པའམ། །སྲོག་གི་འཇིགས་པ་རབ་འཛིན་པས། །དེ་ཕྱིར་ཀུན་ཏུ་འཁྲུལ་བ་ཡིས། །ཉེ་བར་ཞི་བར་ཉིད་དུ་འགྱུར་ཞེས་སོ། །ཁྱད་པར་དང་པོ་རླུང་ལས་གྱུར་ལ་ཕྱི་རྒྱུད་ལྟར་འཇམ་རྩི་དང་སྣུམ་ཆོས་བྱ། །བཙན་དུག་སྨན་མར་ནི་བོང་ང་ནག་པོ་ཞོ་གཅིག་ཁྲམ་ཁྲུམ་དུ་བརྡུང་བ་ཞག་གཅིག་ཆང་དུ་སྦངས་ལ་སྐམ་ནས་ཞིབ་པར་བཏགས་པ་དང་། །ཨ་རུ་ཤ་ཆེན་དྲུག་འགྱུར་ཕྱེ་མ་ཆང་ཉིས་འགྱུར་གྱིས་འདམ་བཏགས་བྱས་ནས་སྐམས་པ་ཆུ་ལ་བྲེ་གསུམ་དུ་བསྡུས།  དེའི་འོ་མ་དང་མར་ལ་བསྐོལ་བ་སྨན་མར་སྤྱི་ལྟར་བྱས་ནས་ཁ་ཚར་བཟང་དྲུག་དང་བུ་རམ་བཏབ་སྟེ་ཆའི་བསྐྱེད་ལ་ལྟོ་སྟོང་བསྟེན་དང་པོ་ཨ་རུ་ར་ཙམ་བཏང་དེ་ནས་ཇེ་ཆེར་བཏང་། །ཐབས་འདི་དང་མི་ལྡན་ན་དུས་གཅིག་ལ་བཏང་ན་ཚེ་ཡི་བར་ཆོད་འགྱུར།  །ཡང་ན་རྒྱུད་ཕྱི་མའི་བྱ་ཁྱུང་ལྔ་པ་དང་ཛཱ་ཏི་ཆ་མཉམ། །རིལ་བུ་བྱས་ཏེ་གཅིག་གཉིས་གསུམ་བསྐྱེད་བསྟེན་རྫོང་འཕྲང་དུ། ཡང་ན་བཙན་དུག་བོང་ང་ཞོ་ཕྱེད་ལ་ཨ་རུ་ར་ཞོ་གཉིས་སུར་དཀར་ཞོ་བཞི་ཤིང་ཀུན་རྒྱམ་ཚ་ཐུན་རེ་རྣམས་རིལ་བུ་ལ་བྲིད་ལ་བཏང་ཞེས་སོ། །ཛཱ་ཏིའི་སྨ་མར་དང་རུས་ཆེན་ཏེ་མི་རུས་སྨན་མར་ཚུལ་བཞིན་བྱས་པ་དང༌། །ལོ་ཤ་ལོ་མར་མིའི་ཤ་ཆེན་གར་ཆང་བུ་རམ་སྦྱར་བ་བསྟེན། །ཨ་རུ་ཚ་བ་སྒ་པི་ཕོ་གསུམ་དང་ཙི་ཏྲ་ཀ །འུ་སུ་ལ་ལ་ཕུད་དང་ཁ་རུ་ཚྭ། །རྒྱམ་ཚྭ་བུ་རམ་སྦྱར་བའི་ཕྱེ་མ་བསྟེན། །རླུང་གསང་ཚིགས་པ་དྲུག་བདུན་སྙིང་སྟོད་དང་སྙིང་སྨད་རྣམས་སུ་མེ་དང་ཐུར་མ་བྱ། །གཉིས་པ་མཁྲིས་གྱུར་དནྡ་དུར་བྱིད་གསེར་གྱི་མེ་ཏོག །ཨ་རུ་ར་དང་པི་པི་ལིང་གིས་སྦྱང༌། །ཏིག་ཏ་མ་ནུ་རུ་རྟ་བ་ཤ་ཀ །ཧོང་ལེན་གུར་ཀུམ་སྐྱུ་རུའི་ཕྱེ་མ་བཏང༌། །སྙིང་རྩ་སྣོད་ཀ་དང་ལོང་རྩ་གཏར་ཞིང་ཕྱི་རྒྱུད་ལྟར་ཏིག་ཏའི་སྨན་མར་སྦྱར། །ཟས་སུ་ལུག་ཤ་རྔ་བྲན་བ་ལང་རྟོལ་ཤ་གསར་བསྟེན། །གསུམ་པ་བད་ཀན་ལས་གྱུར་སྤྱང་ཚེར་སྒེ་གཤེར་པོ་སྒ་རྒོད་དམར་པོ་སོ་ཆ། །བ་ཡི་འོ་མར་སྦྱར་ལ་སྐྱུག་ཏུ་གཞུག །རྩུབ་པའི་ཟས་སྐམ་སའི་འབྲུ་རྙིང་སྦྲང་རྩི་གཡག་རྒོད་དང་གཅན་གཟན་དང་ཆུར་གནས་ཀྱི་ཤ་སོགས་དང་སྨན་མེ་ཐུར་ཚིགས་པ་གསུམ་པ་དང་མྱོས་བྱེད་གསང་སོགས་བསྟེན་པ་དང་། །བཞི་བ་འདུས་པ་ལ་ནི་ཀུན་གྱི་གསོ་བ་སྦྱར་བར་བྱ། །ལྔ་བ་ཡིད་མྱ་ངན་གྱིས་གདུངས་པ་ལ་ནི་མི་རྟག་པ་དང་ལས་རྒྱུ་འབྲས་ཀྱི་ཆོས་བཤད་ཆོས་ནོར་སྦྱིན་པ་དང་གཏམ་སྙན་པ་དང་སེམས་དགའ་བའི་གྲོགས་ཀྱིས་དེ་སེམས་གསོ། །དྲུག་པ་དུག་ལ་དཔའ་བོ་སེར་པོ་འདི་ལ་དཔའ་བོ་དཀར་སེར་དཔའ་རྒོད་དང་གསུམ་ལས་སེར་པོ་སྟེ་འཁྲུངས་དཔེར། དཔའ་བོ་སེར་པོ་ཞེས་བྱ་བ། །ས་གཞིར་འབོལ་བའི་ས་ལ་སྐྱེ། །ལོ་མ་སྡོང་པོ་བ་སྤྲུ་འདྲ། །མེ་ཏོག་སེར་ལ་ཅུང་བ་སྟེ། རྩ་བ་ཁོང་སྟོང་ཁ་དོག་སེར། རོ་ནི་ཁལ་བསིལ་བ་ཡིན། །རང་གི་ནུས་པས་དུག་རྣམས་འཇོམས། ཞེ་གསུངས་ལ་དངོས་ནི་དོར་པོ་ཙཱ་རི་སོགས་སུ་སྐྱེས་པ་འདི་བཟང་བར་འདུག་བོང་ང་དཀར་པོ་དམར་རྩད་ལྷོ་མོན་ནས་འོང་པ་སུ་མེ་སྨན་ཞེས་པ་དེ་ལ་དཀར་སེར་དམར་གསུམ་ཡོད་པ་ལས་སྐབས་འདིར་སེར་པོ་ལ་བྱ།། །རེ་རལ་རྒྱལ་བློན་བཙུན་མོ་གསུམ་ཡོདཔ་ལས་འདིར་བློན་པོ་རེ་རེལ་བྲག་ལ་སྐྱེས་པ་དེ་ཉིད་བྱའོ་ཡུང་བ་སེར་པོ་དྲི་ཆུའི་རིལ་བུ་བསྟེན། །བདུན་པ་གདོན་གྱུར་བྱི་ལ་ར་ཐུག་འུག་པ་ཝ།  །གཅིན་རྟུག་མཁྲིས་སེན་སྤུ་ལྤགས་སྤོས་སྦྱར་བདུག་འདིའི་གདོན་རྒྱལ་པོ་ཤས་ཆེ་བས་དེའི་བཅོས་ཀྱང་བྱའོ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨྱོ་བྱེད་ཀྱི་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།