སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བཞི་པ། མོ་ནད་གཙོ་བོ་སྤྱི་བཅོས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་དོན་བཞི་པ། མོ་ནད་གཙོ་བོ་སྤྱི་བཅོས།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །མོ་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།  ཞེས་ཞུས་པ་དང༌།

དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མོ་ནད་གསོ་བའི་སྐབས་ལ་བསླབ་པ་ནི། །སེམས་ཉིད་འདོད་ནས་སྤྲོས་དང་བྲལ་ཡང་བློ་བུར་ལྟར་སྣང་བའི་དྲི་མ་དུག་གསུམ་ནམ་མཁའ་ཀུན་གྱི་གཞིར་བཞག་པ་ལ་འབྱུང་བ་བཞི་ལས་གྲུབ་པའི་ལུས། །སྔོན་ལས་འདོད་ཆགས་སོགས་མྱོང་གྱུར་གྱི་ལས་དབང་གིས་སོ་སོ་སྐྱེ་བོ་ཕོ་མོར་སྣང་བ་ལས། །བསོད་ནམས་དམན་པས་ཟ་མ་མོ་ལུས་ཐོབ་པ་ཡིན་ལ།གཞན་ནི་བྱང་སེམས་གཞན་ངོར་སྤྲུལ་བ་འདུས་པ་རིན་པོ་ཆེའི་ཏོག་ཏུ་སྨན་གྱི་ལྷ་མོ་འོད་འཆང་མ་དང་བདུད་རྩིའི་ལྷ་མོ་གྲུབ་པའི་བློ་གྲོས་མ་སོགས་སྐྱེས་པ་ཡིན་ཡང་བུད་མེད་ཀྱི་གཟུགས་སུ་བསྒྱུར་ནས་རྩི་སྨན་ཐམས་ཅད་འཕེལ་རྒྱས་སུ་འཛད་པར་བཤད། རྡོ་རྗེ་ཐེག་པར་ནི་བུད་མེད་སྒྱུ་མ་མཆོག་ཏུ་གསུངས་པ་སོགས་ནས་སྐབས་ཕྱེད་པར་ཤེས་དགོས་སོ།  །ནུ་མ་མངལ་དང་ཟླ་མཚན་ཁྱད་པར་ལྷག །ལུས་ཟུངས་ཕྱི་མའི་དྭངས་མ་ཁུ་བ་ཁམས་དཀར་དམར་གཉིས་ལས་བུད་མེད་ལ་ནི། །དམར་བའི་སྙིགས་མ་ཟླ་མཚན་དམར་པོ་ལོ་བཅུ་གཉིས་ལོན་ནས་ལྔ་བཅུའི་བར་དུ་འཛག །མངལ་ནང་ཁུ་བ་འཛིན་ཞིང་ཤ་ལུས་སྐྱེད། །དཀར་པོ་ནི་སྙིགས་མ་འོ་མར་གྱུར་ཏེ་ནུ་མ་ལ་རྒྱས་བྱིས་པའི་གསོས་སུ་འགྱུར། །དེ་གཉིས་ལ་སྔོན་ལས་རྣམ་སྨིན་དང་འཕྲལ་རྐྱེན་ཟས་སྤྱོད་གདོན་རྐྱེན་གྱིས། །མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང༌། །སྐྲན་ནད་དགུ་དང་སྲིན་བུའི་ནད་རིགས་གཉིས། །མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་འདིར་དཔེ་རྙིང་རྣམས་དང་འགྲེལ་པ་འདོད་འཇོ་དང་མེས་པོའི་ཞལ་ལུང་རྣམས་མཐུན་པར་རྩ་གཉིས་པ་ཁུངས་བཟང་ཞིང་གྲངས་འགྲིག་པ་འདུག་དང༌། །ཕལ་པའི་ནད་བརྒྱད་བཞི་བཅུ་ཐམ་པར་ཞེས་པ་མ་དག་འགྱུར། །སྐྱེ་བ་དམན་ཕྱིར་བུད་མེད་ལུས་ལ་ལྷག །དེ་ཡང་སྤྱི་དང་བྱེ་བྲག་ཕལ་པ་གསུམ། །མོ་ནད་སྤྱི་ལ་དབྱེ་བ་དེ་ཡི་རྒྱུ། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

 སྤྱི་དོན་དང་པོ་དབྱེ་བ་ཁྲག་ཚབས་རླུང་ཚབས་རྣམ་པ་གཉིས། །སྤྱི་དོན་གཉིས་པ་དེ་རྒྱུ་དང་པོ་ཟླ་མཚན་ལས་བྱུང་ཕྱིར། །དང་པོ་གསར་པའི་དུས་ན་ཁྲག་ཚབས་ཞེས་བྱ་སྟེ། །གཉིས་པ་རྙིངས་ནས་རླུང་དང་བསྡོངས་པས་རླུང་ཚབས་སོ།།

སྤྱི་དོན་གསུམ་པ་དེ་རྟགས་ཁྲག་ཚབས་སྤྱི་ཡི་མཚན་ཉིད་ནི། །རྐེད་སོ་མན་ཆད་རུས་པ་འཁོལ་ཞིང་ན། །རྒྱུ་ཞབས་ཚ་འབྲབ་རོ་རྒྱབ་མཆིན་དྲི་གཟེར། །རྩ་རྣམས་ཚ་འཁྱུག་ཤུ་བ་འབྲུམ་ཕྲན་འོང༌། །མངལ་ཁྲག་འཛག་གམ་འཁྱིལ་དང་རྣག་ཏུ་འགྱུར། །བཞི་བ་རླུང་ཚབས་རུས་པ་འཁོལ་ཞིང་སྙིང་མི་བདེ། །མགོ་འཁོར་མགོ་ཡི་རུས་པ་གྲང་བསིལ་བྱེད། །ལུས་ཀུན་གྲང་ཞིང་ཤ་མཐོང་པགས་པ་སྤྱི་ཡི་བར་དུ་ན། །ཤ་རྣམས་གཡོ་ཞིང་སྦོ་ལ་སྦྲིད་པ་དང༌། །མིག་འགྲིབ་སྨྱོ་འམ་འབོག་གམ་བརྗེད་པ་ངས། །ཆུ་སོ་རྒྱུ་ཞབས་བསྡམ་ཞིང་ཟ་ཁུར་འབབ། །ཟླ་མཚན་མི་ཆོད་རྒྱུན་དུ་འབྱང་བར་བྱེད།།

སྤྱི་དོན་བཞི་བ་བཅོས་པའི་ཐབས་ལ་ཁྲུས་གཤེར་བཅུད་གཤེར་གཉིས། །དེ་ལ་དང་པོ་ཁྲག་ཚབས་ཁྲུས་གཤེར་དག་གིས་བཅོས། །ཁྲུས་གཤེར་ཞེས་པ་བཤལ་སྨན་ཕལ་ཆེར་ས་ཆུའི་ནུས་པ་ལས་འབྱུང་བའི་ཕྱིར་དང་དེ་ཡང་ས་དང་ཆུའི་ནུས་པ་གཙོ་ཆེ་བ་ལ་དགོངས་པ་ཡིན་ནོ།  ལ་ཡང་ལྟོ་གཤེར་རྩ་གཤེར་གཉིས། །དང་པོ་ལྟོ་གཤེར་ལ་ཡང་ཆེན་པོ་ཆུང་ངུ་གཉིས། །གཉིས་པ་རྩ་གཤེར་ནང་དང་ཕྱི་རུ་ཤེས་པར་བྱ། །དང་པོ་ཁྲུས་གཤེར་ཁྲུས་དང་ཕྱི་རྒྱུད་ལྟར་སྣུམ་འཆོས་བྱ། །དངོས་གཞི་ཧ་རི་ཏ་ཀ་ཨ་རུ་མཆུ་སྙུང་ཞིམ་ཤིང་ལྕུམ་སྡོང་པོ་ཅན་གྱི་རྩ་བ་དང༌། འཁྲུངས་དཔེར། ཞིམ་ཤིང་སྡོང་པོ་བསེ་ཟོ་འདྲ། །ལོ་མ་གཡུ་གཤོག་བརྐྱང་པ་འདྲ། །ཐོག་གུ་བྱུ་རུའི་རྔ་ཡབ་འདྲ། །རོ་ནི་སྐྱུར་ལ་ཞུ་རྗེས་མངར། །བད་ཀན་སྨུག་པོའི་ནད་འཇོམས་ཞེས། །སངས་རྒྱས་དྲང་སོང་རྣམས་ཀྱིས་གསུངས། །རྩ་ལྟོ་གཉིས་ཀྱི་སྦྱོངས་རྣམས་ལ། །འདི་བཏང་ནད་རྣམས་ཐམས་ཅད་སེལ། །ཞེས་པ་དེའོ། །དྭ་ཚ་ཤིང་ཚ་ཐུག་པོ་ལ་བྱེད་སོ་སོར་བསྐོལ་ཏེ་གྲང་ནས་བསྲེ། །སྒེ་གཤེར་སྒ་རྒོད་དམར་པོ་ཤིང་ཚ་འོལ་མོ་བྱ་ཤོས་པ་སྟེ་འོལ་མོ་སེ་ཁྲོན་བུ་དང་། །རྒྱམ་ཚྭ་ཏྲི་བྱི་ཏ་དུར་བྱིད་རིགས་གསུམ་ལས་དམར་པོར་ཡན་ལག་བརྒྱད་པར་རྩ་འགྲེལ་དུ་བཤད་རྣམས་ཁ་ཚར་གདབ། །སུམ་ཆ་སྤྲོད་ལ་སློང་བྱེད་དང་སུམ་གཉིས་ཐོ་རངས་སྦྱོང་བྱེད་དེ་ཆ་གཉིས་སུ་བཅད་ལ་བཏང༌། །ཞེས་པའི་ལག་ལེན་རྫོང་འཕྲང་དུ་ཨ་རུ་མཆུ་སྙུང་བཅུ་གཅིག་ཆུ་ཕུལ་དོ་ལ་སུམ་ཆར་གདུ། ལྕུམ་རྩ་སྲང་གཅིག་ཆུ་ཕུལ་གང་ལ་སུམ་ཆར་གདུ། དྭ་ཚ་ཞོ་གང་ཆུ་ཕུལ་གང་ལ་ཁྲག་ཚོད་ཙམ་གདུ། དེ་གསུམ་གྲངས་པ་དང་བསྲེས་ལ་སྒ་དང་ཤིང་རྩ་ཞོ་གཉིས་གཉིས། འོལ་མོ་དང་ཁྲོན་བུ་ཞོ་རེ་རེ། རྒྱ་ཚ་སྲམ་ཙམ།  དུར་བྱིེད་མཛུབ་གང་སོ་སོར་ཞིབ་བཏགས་ཁ་ཚར་དུ་བཏབ་ལ་བཏང་ངོ་ཞེས་འབྱུང་བ་ལྟར་བྱའོ།  །གཉིས་པ་ལྟོ་གཤེར་ཆུང་ངུ་ག་བྷ་བོང་ཀླད་ཙཎྜ་ལི་འོལ་མོའམ་ཐར་ནུ། །ཏྲི་བྱི་ཏ་དུར་བྱིད་དམར་པོ་དང་ཧ་རི་ཏ་ཀ་ཨ་རུ་མཆུ་སྙུང་དང༌། །ཤིང་ཚ་རྒྱམ་ཚྭ་སྒེ་གཤེར་སྒ་རྒོད་དམར་པོ་ཆ་མཉམ་སྟེ། །ཞིབ་བཏགས་ཞིམ་ཤིང་འདི་ལྕུམ་དང་ཐ་དད་སྣང་ཡང་དེང་སང་ལྕུམ་རྩ་སྡོང་པོ་ལ་བྱེད་སྣང་བསྡུས་ཁུར་བཏབ་ལ་བཏང་། །ལྕག་དང་ལོག་གནོན་རྗེས་གཅོད་ཕྱི་རྒྱུད་ཀྱི་སྦྱོད་བྱེད་སྤྱི་དང་མཐུན། །ཟླ་མཚན་འཁྱིལ་དང་མངལ་སྐྲན་བུ་རོ་རྣག །ཁྲག་ཚབས་མ་ལུས་མངལ་སྐྱོན་སྦྱོང་བར་བྱེད། །གཉིས་པ་རྩ་གཤེར་གྱི་སྔོན་འགྲོ་སྒེ་གཤེར་ཐང་བཏང་ཞིང་། །མེ་ཏོག་སྣ་ཚོགས་གྲོག་ཞིང་གྱང་རྙིང་སོགས་ལ་ཆགས་པའི་སྤང་གི་རྣམ་པ་ཅན་འབའ་ཆ་བྱ་བྲ་ཕུག་རོམ་བྲུན་རྣམས། །གང་རུང་ཆང་བཙོས་ན་ས་རྒྱུ་ཞབས་བདུག །ཁྲུས་དང་བསྐུ་མཉེ་བྱས་རྗེས་དང་པོ་ནང་གི་རྩ་གཤེར་ནི་བྱང་པ་ཁྲ་བོ་དང༌། །ས་སྨན་གསེར་གྱི་བྱེ་མ་ཤིང་ཚ་སུག་སྨེལ་དང༌། །དཀར་རྩི་མཆོད་རྟེན་སོགས་ལ་བྱུགས་པའི་ས་དཀར་མཐིང་དངོས་པར་ཤུན་ལོ་བརྒྱད་ཆུ་ལ་བསྐྱོན། །བྱ་ཐབས་ལག་ལེན་ཕྱི་རྒྱུད་ཀྱི་རྩ་སྦྱོང་སྤྱི་དང་མཐུན། །གཉིས་པ་ཕྱི་ཡི་རྩ་གཤེར་ཆེ་འབྲིང་ཆུང་གསུམ་ལས། །དང་པོ་ཆེན་པོ་རྒྱ་ཚྭ་ཤིང་ཚ་ཁ་རུ་ཚྭ། །བསེ་རུ་རྒྱ་རུ་གཙོད་རུ་ཤ་བའི་རུ། །དནྡ་དུར་བྱིད་དེ་བ་དཱ་རུ་ཤུག་སེར་ཤག་ཆུ་རོང་གི་ཤུག་སེར་དང༌། །ད་བྱིད་གངས་སྦལ་བྱ་མ་བྱི་བྱ་ལེབ་ཡིན་ཕ་ལྦང་ལ་བྱེད་པ་ནོར་ཡི་མཇུག་སྒྲོ་ཕབས། །སུག་སྨེལ་རྡོ་དྲེག་ཁང་པའི་དུད་པ་བྱབ་ལ་བུལ་ཏོག་རྣམས། །བུར་སྨུག་སྦྱར་བའི་རིལ་བུ་མངལ་དུ་བསྐྱལ། །གཉིས་པ་འབྲིང་པོ་སུག་སྨེལ་རྒྱ་ཚྭ་ཚ་བ་སྒ་པི་ཕོ་གསུམ། །དནྡ་དུར་བྱིད་ཡ་བཀྵ་ར་ཕབས། །བ་སྤྲུ་ཤུག་པ་ཚེར་མ་ཅན་སྦྲང་དང་བུ་རམ་སྦྱར། །གསུམ་པར་ཆུང་བ་གུར་གུམ་རྒྱ་ཚྭ་སུག་སྨེལ་དང་། །བྱང་པ་དུར་བྱིད་བུལ་ཏོག་བུ་རམ་སྦྱར། །རིལ་བུའམ་ཁུ་བ་མངལ་དུ་གཅེ་འུས་བསྐྱལ་མངའ་བཤལ་འདི་རྣམས་ཀྱི་གཅེའུ་ནི། རྩ་བའི་སྦུབས་ལ་མཐེ་བོང་ཤོང་བ་ལ།  །རྩེ་བུག་སྲན་མ་ཤོང་ཙམ་སོར་བརྒྱད་པ། །ཞེས་བཤད་པ་དེ་ཡིན་ལ་དེ་ནིི་ལྕགས་ཤིང་ལ་བྱ། སྨན་ཁུ་བ་བྱེད་ན་གྲོད་པར་བླུགས་ལ་བསྐྱལ། རིལ་བུ་བྱེད་ན་ནང་ནས་ཕུལ་ལ་མངལ་དུ་བསྐྱལ་ལོ། ། །རྒྱུ་ཞབས་མེ་ཏོག་གྲོག་ཤིང་འབའ་ཆ་བྱ་བྲ་གང་རིགས་ཆང་བཙོས་སམ་སྦང་མ་ཚྭ་བཏབ་བསྲོས་པའི་དུགས་ཀྱིས་བསྲོ་ཞིང་ལག་པས་མཉེ། །ཟུག་ལངས་མི་དངང་འགོར་ན་འཇིགས་མི་དགོས་གཅེ་འུས་དྲང༌། །མངལ་ཁྲག་འཁྱིམས་དང་མངལ་སྐྲན་བུ་རོ་ལུས། །མངལ་ནད་ཁྲག་ཚབས་མ་ལུས་སྦྱོང་བར་བྱེད་རྩ་གཤེར་ཆེ་འབྲིང་ཆུང་གསུམ་གང་བྱེད་ཀྱང་རིལ་བུ་བྱེད་ན་སྨུག་སྦུབས་མཐོ་གང་བ་ཞིག་གི་རྩེ་མོར་རིལ་བུ་བཞག་ལ་སྦུ་གུའི་ནང་ལ་ཡར་ཤིང་ཕྲ་མོ་ཞིག་བཏང་། དེ་རིལ་བུ་ལ་བཙུགས་མངལ་ནང་དུ་མཐོ་གང་སོང་བ་དང་ནང་གི་ཤིང་བུ་དེ་སྔོན་ལ་འདོན། སྨྱུག་སྦུབས་རྗེས་ལ་འདོན་ནོ། །ཚང་ར་རྒྱུ་ཞབས་ལ་དུགས་བྱ། མར་འོང་དུ་མ་འདོད་ན་སྨྱུག་སྦུབས་དེ་མངལ་དུ་བཅུག་ལ་བཙིར། ཡང་གཅེའུར་གྲོད་པ་སྨན་བླུས་གཅེའུ་མཏོང་གང་བཏང་། མཐོ་གང་མ་སོང་ན་མངལ་དུ་མི་སླེབས།  འགྲོ་མ་འདོད་ན་སྨྱུག་མ་ཚིགས་པར་བཅད་ཅིང་རྡོ་ལ་བརྡར་ནས་ཟླུམ་བོར་བྱས་ལ་བུ་སྣོད་ཀྱི་ཁ་བེའུའི་འཕོངས་འདྲ་བ་ཞིག་ཡོད་པ་དེ་ནད་པ་རང་གི་མཛུབ་མོས་འཚོལ་དུ་བཅུག་ལ་སོར་བཞི་བཏང་ནས་སྨྱུག་མའི་མགོ་ལ་མར་བྱུགས་ལ་དེས་མངལ་ཕྱེ། བཟོད་སྨན་བཏང་མངལ་བཤལ་གྱི་ལག་ལེན་ཨི་ཏི་ཞེས་ལག་ལེན་དམར་ཁྲིད་ལས་སོ།  །གཉིས་པ་རླུང་ཚབས་བཅུད་གཤེར་དག་གིས་བཅོས། །དེ་ལ་ཤ་བཅུད་ཆང་བཅུད་སྨན་བཅུད་གསུམ།  དང་པོ་ཤ་བཅུད་སྦྱར་ཐབས་ལུག་ཐུག་སྐྱེས་ནས་ལོ་གསུམ་ལོན་པ་ཚོན་པོ་ཡི། །གློ་མདུད་སྙིང་རྩེ་མཆིན་གྲ་ལྕེ་མཆེར་པ་དང་མཁལ་མ་གཡས་ཚིལ་དང་བཅས་པ་ལྟོ་གྲོད་པ་དང་ཚིལ་གཞང༌ཁ་སྟེ་ཚིལ་ཤུབས་ཀྱི་ཁ  །ལྕེ་རྩ་དང་ཨོལ་གོང་བ་རྨེན་བུ་དཔུང་པ་གཡས་ཀྱི་ནམ་ཚོང་གྲེ་བ་བྲང༌སྟེང་། །ལྟག་པ་གུང་རྩིབ་བཞི་སྒལ་ཚིགས་དང་བཅས་པ་མཇུག་ཐུང་རླིག་པ་གཡས་པ་མིག་གཡས་པ།འབྲག་འཕྲག་ཤ་གཡས་པ་དང་རྐང་བཞག་གཡས་པ་རྐང་ལག་གི་ཉྭ་གཞིའིཤ་རྣམས་ཞིབ་བརྡུངས་ལ། །འབྲི་མར་རྙིང་པ་ཕུལ་དོ་ལུང་རྡོར་བསྐོལ། །ཁོལ་དུས་ཤ་རྣམས་བཏབ་ལ་སྣར་ཙམ་བཙོ། །དེ་ནས་གར་ཆང་ཕུལ་དོ་ཚ་བ་གསུམ། །ཤིང་ཀུན་ཆུ་དང་ཆུ་མ་འདྲེས་པའི་ཁྲག །རིམ་པས་གཅིག་ཁོལ་གཅིག་བླུག་དཀྲུག་ཅིང་བཙོ། །དེ་ཉིད་ལུག་གི་ཤ་བྱིང་པོ་སྤྱི་དང་བསྲེས་ཏེ་ཚ་བ་རྒྱམ་ཚྭར་བྱས། །དུས་སུམ་ཡར་བསྟེན་ཞིང་སྐོམ་དུ་གར་ཆང་བླུད། །ལུས་གྲང་བསེར་བུ་མི་བཏང་རླུང་ཚབས་འདོན། །གཉིས་པ་ཆང་བཅུད་སྦྲང་རྐྱལ་པ་ལངས་ལ་ཚ་བ་གསུམ་མ་ནུ་སུག་སྨེལ་བཏབ་རླུང་དུས་ནས་གཟེ་མ་བསྲེས་པ་ནི་གླུམ་ལ་བུར་ཁུས་བསེངས་ལ་བཏང་བ་དང་བུ་རམ་སྦྲང་བུ་རམ་གསར་པ་མར་ལ་བཏབ་ལ་འོ་དྲོད་ཆ་ཞག་གསུམ་ལ་མནན་ལ་བཏང་གཟེ་མའི་ཆང༌གཟེ་ཆང་ནས་དང་བསྲེས་པའི་གླུལ་ལ་གཟེ་མའི་ཁུ་བས་བསིང་ལ་བཏང་། །མར་ཆང་རུས་བཞུག་རུས་མགོ་རུས་སྒལ་ཚིགས་རུས་པ་སྡུས་ཁུ་ཆང་ལ་བསིངས་ལ་བཏང་ཆང་ཕྱི་རྒྱུད་དུ་གསུངས་པ་བཞིན་ལྔ་ཡིས་རླུང་ཚབས་སེལ། །གསུམ་པ་སྨན་བཅུད་ལ་ནི་ཁྲག་བཅུད་མར་བཅུད་གཉིས། །ཁྲག་བཅུད་སྦྱོར་བ་དུད་འགྲོ་གནག་རྒོད་དང་ལུག་དང་ཤ་བ་ཕོ་གཞོན་ཡི། །ཤ་ཚིལ་ཁྲག་དང་རུས་ཁུ་བསྲེས་པ་ལ། །ཤིང་ཚ་སྲང་གཅིག་བཏབ་བསྐོལ་ཕོག་སྟེ་གྲང་པ་དང༌། །སྨྱུག་ཅུ་གང་ཤུན་ཞོ་གཅིག་ལྕུམ་རྩ་ཞོ་གཅིག་རྒྱམ་ཚྭ་ཐུན་རེ་རེ་ཚ་བ་སྒ་པི་ཕོ་གསུམ། །བཏབ་སྟེ་མ་བམ་པར་བྱས་ཏེ་འཇམ་བསྲོས་ཁྱེའུ་སུས་ཆུང་ཆུང་དུས་མེད་དུ་བསྟེན་པར་བྱ། །ཡང་ན་བོང་ཁྲག་ཆུ་མ་ཕོག་པའི་ནང༌། །ཤིང་ཚ་སུག་སྨེལ་སླེ་ཏྲེས་སྲ་འབྲས་སྲིན་དམར་ལ་བུ་ཀ་ཀ་རུ།། །རྒྱམ་ཚྭ་ལྕུམ་རྩ་བཏབ་དཀྲུགས་ཁོལ་བ་དང༌། །རུས་ཁུ་སྣ་ཚོགས་བླུག་བཙོས་ཁྱེའུ་སུས་ཁྱོར་རེ་བསྟེན། །མར་བཅུད་རྩ་བ་ལྔ་ཡི་སྨན་མར་ལ། །སྦྲང་དང་བུ་རམ་སྡེ་ཚན་ལྟ་བུར་ཁ་ཚར་སྨན་མར་ཚ་སྣ་གསུམ་སླེ་ཏྲེས་བཟང་པོ་གསུམ་ཚ་བ་གསུམ་བཏབ་སྦྱར་འདི་རྒྱུད་ཕྱི་མའི་མཁལ་མའོ་གྲང་ནད་དང་རླུང་ཚབས་སེལ་བའི་སྨན་མར་དེ་ག་ཡིན། །ཐོ་རངས་ཕྱི་དྲོ་བསྟེན་པས་རླུང་ཚབས་འདོན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མོ་ནད་གཙོ་བོ་སྤྱི་བཅོས་ཀྱི་ལེའུ་སྟེ་བདུན་ཅུ་རྩ་བཞི་པའོ།།  །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།