སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་དྲུག་པ། མོ་ནད་ཕལ་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་དོན་དྲུག་པ། མོ་ནད་ཕལ་པ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག མོ་ནད་ཕལ་པ་མཚན་མའི་ནད་དང་ནི། །བུ་མ་ཕྱིན་དང་མགོ་མཇུག་ལོག་པ་དང༌། །རོག་མ་ཕྱིན་དང་སྣོད་ལུག་ཁྲག་མ་ཆོད། །ནད་གཞུག་ལས་དང་དུག་ཐབས་གྱུར་པ་བརྒྱད། །དང་པོ་མངལ་ཆགས་ཟླ་བ་ལོན་པ་དང༌། །ཕོ་མོ་གཉིས་ཀྱི་མཚན་མ་དོད་པའི་དུས། །ཕ་དང་མ་ལ་ཆགས་དང་ཞེ་སྡང་སྐྱེ། །དེ་དུས་མཚན་མའི་ནང་དུ་ཉིང་ལོ་ཞེས་པ་མངལ་ཆགས་ནས་ཟླ་བ་བཞི་ཡི་དུས་སུ་བུར་འགྱུར་ན་མ་ལ་ཆགས་ཤིང་ཕ་ལ་སྡང་། བུ་མོ་འགྱུར་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བའི་སྣང་བ་འབྱུང་སྟེ་དེ་ཉིད་ལ་ནི་བློ་ལངས་པ་ཞེས་པའི་ཐ་སྙད་བཏགས་པའོ་འབྱུང་། །སྒྱིད་སྐྱུར་ཚིག་པ་ཟ་ལ་མཆི་མ་མང༌། །དང་ག་མི་བདེ་ཟས་སྐོམ་སྣ་ཚོགས་འདོད། །སྟོང་སྐྱུགས་བྱེད་ཅིང་སྔར་གྱི་ནད་གཞི་གར་ཡོད་ལྡང༌། །འདི་ལ་ཉིན་གཉིད་མི་ལོག་གྲང་མི་བྱ། །གང་འདོད་ཟས་བྱིན་རྟ་བོང་བྱ་ཤ་སྤང༌། །དྲག་དལ་མི་བྱ་སྐམ་སར་རན་ཙམ་བཅག །ནད་གཞི་གང་ལངས་དེ་ཡི་གཉེན་པོ་བསྟེན། །གཉིས་པ་བུ་མ་ཕྱིན་ལ་གསོན་པོ་དང་གཤིན་པོ་གཉིས། །གསོན་པོ་ནལ་བུ་དབྱུང་དང་བཙར་མ་འདོད། །ནལ་བུ་གདོན་ཐབས་སྨན་གཉིས་འོམ་བུ་སུམ་གཉིས་དང་ཁྲོན་བུ་སུམ་ཆ་གསུམ་འོལ་མོ་སེ་དཱ་བ་ཐང་ཕྲོམ་དཀར་པོ་གསུམ་གྱི་རྩ་བ་དང་ལྔ་རྒྱ་ཚ་རྒྱ་རུ་རྒྱ་སྐྱེགས་རི་བོང་རིལ་མ་དངུལ་ཆུ་རྣམས་བཞི་སྟེ་རེ་རེ། །ནུབ་མོ་གཅིག་ལྟོ་དགུག་ཉིན་གུང་ལ་གསེར་མ་དང་ལྕམ་པ་གཡེར་མས་རྩ་ཁ་ཕྱེ་ལ་ཐོ་རངས་སྨན་དེ་རྣམས་ཆང་སྦྱར་བཏང༌། །ཐུན་གྲངས་དང་དེའི་ཡུན་མངལ་ཆགས་ནས་ཟླ་བ་དུ་སོང་གི་གྲངས་དང་མཉམ་པའི་དང་སྦྱར་ལ་བུ་རྩ་ཕྱི་ལོང་གཉིས་གཏར་ཞག་གཅིག་ལྟོ་བཀུག། །ཟླ་བདུན་མན་ཆད་ཀྱི་ནལ་བུ་ཐོན་པར་ངེས་པ་ཡིན་ཟླ་བ་བརྒྱད་ཀྱི་སྣེ་ཟིན་ན་དེ་ཡན་ཆད་མི་ཐོན་ནོ། །བཙར་མ་འདོད་ལ་ཕྱི་ནང་བར་དང་གསུམ། །དང་པོ་ནང་གི་བུ་སྣོད་ནས་མ་འགྱུར་ན། །ཕོ་ཡི་རྨོངས་སྤུ་དང་མོ་ཡི་སྤྱི་བོའི་སྐྲ་གཉིས། །བསྲེགས་ཐལ་རྒྱ་རུ་གཙོད་རུ་བསེ་རུ་གསུམ། །ཞིབ་བཏགས་ཆང་སྦྱར་བཏང་ལ་བྱི་ཁུང་ཤར་ལྟའི་སའི་ཡང་ན་བྱི་ཁུང་ཁ་ཤར་དུ་ལྟས་པའི་ས་ཆང་གི་བྲན་པའི་དུགས་ཀྱིས་བདུག །ཡང་ན་ཡུ་མོ་མདེ་འབྱིན་རྒྱ་རུ་མདའ་རྒྱུས་འོལ་མོ་གསུམ། །ཆང་སྦྱར་བཏང་ལ་བྱི་ཁུང་ཁ་ཤར་ལྟའི་སའི་དུགས་ཀྱིས་བདུག །ཡང་ན་སྦྲང་མར་རྒྱ་རུ་སྦྱར་ལ་བཏང༌། །ཡང་ན་ལྷ་དང་ཡི་དྭགས་གཏོར་མས་མཆོད། །སྨྲ་བཅད་སྔགས་སྟོང་ཞུན་མར་བཏབ་བཏང་བྱིན། །ཨོཾ་གྲེང་གྲེང་མཧཱ་གྲེང་བཛྲ་རྗེ་སེ་སརྦ་བྱི་དེ་སྭཱཧཱ། །བར་གྱི་རུས་པའི་མིག་ནས་མ་ཐོན་ན། །མཚོགས་མ་བརྟོལ་ལ་མཛུབ་མོས་དྲག་ཏུ་འཐེན། །ཐོན་དཀའ་སེན་མོ་བྲེགས་ལ་ཆང་གིས་བཀྲུ། །ཆ་བྱད་ཟླ་གམ་རྒྱབ་འདྲས་གསིལ་དེ་ཆ་བྱད་ཟླ་ཚེས་འདྲ་བའི་སྒུར་པོ་དེ་ལྟག་པ་དང་སྟོང་ཁ་ངོས་སོ་ཡོད་པ་གཤམ་དུ་མཛུབ་མོ་ཤོང་ཙམ་གྱི་ཨ་ལོང་བཏགས་པ་དེས་མཐེ་བོང་ལ་ཀོ་བ་མཐུག་པོའི་དྲས་བསྟན་གྱོན་ལ་བུ་ཆུང་གི་ལུས་དུམ་བུར་བཏབ་ལ་དབྱུང༌། །ཕྱི་ཡི་ཤ་ལྤགས་མིག་ནས་མ་ཐོན་ན། །སྣམ་བུས་རྐེད་པ་བཅིངས་ལ་མ་དེ་སྒའི་སྟེང་དུ་བཞག་ལ་ཕྲག་པ་གཉིས་ནས་མནན། །གཉིས་པ་ཤི་རོ་མ་ཐོན་མདའ་རྒྱུས་རྒྱ་ཚྭ་དང༌། །རྒྱ་རུ་གཙོད་རུ་ཧྲིབ་ཙམ་བསྲེགས་པ་ཆང་སྦྱར་དུགས་ཀྱིས་བདུག །ཡང་ན་དུར་བྱིད་ཡུ་མོ་མདེ་འབྱིན་བྱ་མ་བྱི་སྲེ་བའམ་རུས་པ། །རྒྱ་རུ་བུར་ཆང་སྦྱར་ལ་བཏང་བར་བྱ། །ཡང་ན་རྒྱ་ཚྭ་དུར་བྱིད་ཤ་རུའི་ཐལ། །བ་སྤྲུ་ཆང་སྦྱར་སྦང་སྐམ་དུགས་ཀྱིས་བདུག །ཡང་ན་རྒྱ་ཚྭ་བཏབ་པའི་ཁྱི་རླིག་ཚ་བ་ཐུག་པ་བཏང༌། །དུར་བྱིད་རྒྱ་རུ་རྒྱ་ཚྭ་མར་དང་སྦྱར། །མངལ་དུ་བཏང་སྟེ་ཕྱིང་པའི་སྣུམ་དུགས་བྱ་ཞེས་རྫོང་འཕྲང་དུ། ཕྱིང་པ་སྣུམ་ལྡན་གྱི་སྟེང་དུ་རྡོ་བསྲེགས་ནས་མོ་མཚན་ལ་དུགས་ཅེས་འབྱུང་། །གསུམ་པ་མགོ་མཇུག་མ་ལོག་ནས་རྐང་པ་དང་རྐེད་པ་སྔོན་ནས་འོང་ན་གམ་རྐེད་པ་དང་མཇིང་པ་སྐེ་ལྟེབས། །འཕོངས་རྐུབ་ཚོས་ནས་འོང་ན་མའི་རྐང་པ་བཏེག་ལ་སྤྲུག །མཛུབ་མོས་ཡར་འཕུལ་ཏེ་ཕུ་དུང་ཁྱོ་དེའི་གོས་ཀྱི་ཕུ་དུང་གཡས་པས་ཕོངས་སུ་བརྡེག །གོང་གི་སྔགས་ལ་མཇུག་ནས་ཡར་འབྲུ་ལོག་བྱས་ཏེ་བཟླས་པའི་སྔགས་
ཆུ་མའི་
ཁོང་དུ་བཏང༌། །བཞི་བ་བུ་རོག་མ་ཕྱིན་ན་རི་བོང་རིལ་མ་དང༌། །རྒྱ་ཚྭ་རྒྱ་རུ་ཁྱོ་དེའི་རྨོང་སྤུའི་གཞོབ་ཆང་སྦྱར་བཏང།༌།  ཡང་ན་རྨོངས་སྤུའི་དོད་དུ་སྔགས་སམ་ཁྱི་རླིག་སྦྱོར་བས་ཀྱང་བཡ་རོག་ངེས་པར་ཐོན། །ལྔ་བ་བུ་སྣོད་ལུག་ན་ཆུ་འཇམ་འོ་མས་བཀྲུ། །ཕྱི་ནང་སློག་ལ་མཛུབ་མོས་སླེབ་ཚད་བསྡིགས། །གཡེར་མས་ཨིག་ཏུ་བཅུག་པས་ཚུད་པར་ངེས་རྫོང་འཕྲང་དུ། གཡེར་མ་ཁེམ་གང་ཆང་གིས་ཕུལ་ནས་བཏང་བས་ཨིག་པ་འབྱུང་དེས་ངེས་པར་དུ་ནང་དུ་འགྲོ་ཞེས་འབྱུང་། །མ་ཚུད་ཕྱིང་པའི་ཡོག་ཐོད་ནར་མོ་མཐོ་གང་ཙམ་ཕྲུ་མས་དྲིལ། །དེ་ལ་རྒྱ་ཚྭ་གླན་ཏེ་ཕུགས་སུ་བསྐྱལ། །རྐང་པ་བཏེག་ལ་བསིག་ཅིང་མཚན་ཁར་ཆིངས་པ་སྣུམ་ལྡན་བསྲོས་པས་བདུག །འཕོངས་སྟོད་ཉལ་ཏེ་འགྲོ་འདུག་ལངས་པ་སྤང་ལག་ལེན་དམར་ཁྲིད་དུཡོག་མགོ་རྟུལ་བོ་མཛུབ་མོ་ལས་སྦོམ་ཙམ་མཐོ་རེ་ཡོད་པ་ཞིག་ལ་ཕྲུ་མ་སྦང་པས་ཉིས་རིམ་སུམ་རིམ་དྲིལ་ལ་དེ་ལ་མར་བྱུག རྒྱ་ཚ་བཏབ་པའི་བུ་རམ་གྱི་རིལ་བུ་དྲིལ་བ་གཅིག་མགོ་ལ་བཀབ་ལ་བུ་སྣོད་ལུག་པའི་རྩེ་བ་ལང་གི་སྣ་འདྲ་བ་དེའི་དཀྱིལ་དུ་བཙུགས་ནས་དལ་བུས་ཕུལ་བས་བང་རིམ་ཕྱི་ནང་ལོག་པ་བཞིན་དུ་འགྲོ། གཏིང་དུ་མ་བྱུང་ན་ནང་དུ་སླེས་པའི་རྟགས་ཡིན་པས་ཡོག་མགོ་ཕྱིར་འདོན། མཚན་མར་ཕྱིང་པ་སྣུམ་ལྡན་ལ་དྲོད་དུགས་བྱ། མི་བཙིར་བར་འཕོང་སྟོད་ལ་ཉལ་ལོ། བུ་སྣོད་འཇུག་པའི་ལག་ལེན་ཨི་སྟེ་ཞེས་སོ། །དྲུག་པ་ཁྲག་ཤོར་བུར་ཆང་ཀ་ར་ཆང་སྦྱར་བླུད། །མ་ཆོད་རྩ་ཁུ་བྱུག་བདུད་རྩི་རྫིང་བུར། སྡུམ་བུ་བྱང་ཆུབ་ཅེས་ཀྱང་བྱ། །ཀུ་ཤུ་སཱ་ལུ་ཞེས་ཀྱང་བྱ། །འཇའ་ཚོན་མྱུ་གུ་ཞེས་ཀྱང་བྱ། །སྐྱེ་ས་ལྷོ་བལ་རོང་དུ་སྐྱེ། །འོ་མ་དྲེས་མ་གཞོན་ནུ་འདྲ། །མེ་ཏོག་མཆོང་གི་བུམ་པ་འདྲ།་།རྩ་བ་གསེར་གྱི་བསྐོར་རྩེ་འདྲ། །རང་གི་ནུས་པས་རྩ་ཁ་དབྱེ། །ཆུ་འགགས་རྡེ་ནད་མ་ལུས་སེལ། །མེ་ཏོག་མངར་གསུམ་སྦྱར་བ་ཡིས། བཅུད་ལེན་ཡོན་ཏན་མ་ལུས་འབྱུང་། །ཞེས་གསུངས་པ་དེ་ཡིན་ལ། འདི་མ་རྙེད་ན་ཁུ་བྱུག་གི་རྫི་ཐོག་ཟེར་བ་དེས་ཚབ་རུང་བར་བཤད། ལ་ལ་དབྱར་རྩ་དགུན་འབུ་ལ་རྩ་ཁུ་བྱུག་བྱེད་པར་གནང་ཡང་ཆེས་ནོངས་པར་སེམས་སོ། དང་ཆང་སྦྱར་བཏང༌། །ཡང་ན་ནས་ཚིག་ཁུ་བར་སྦྲང་རྩི་དང༌། །དོམ་མཁྲིས་མིའི་སྐྲ་གཞོབ་བཏབ་ནས་བཏང་བས་ཆོད། །ཡང་ན་དོམ་མཁྲིས་ཤིང་ཚ་བཏབ་ལ་བཏང༌། །ཡང་ན་གོང་མོའི་སྒྲོ་གཞོབ་སྦྲང་རྩི་དང༌། །བལ་པོའི་ཤེལ་ཀ་རའི་སྐོགས་པ་སྔོ་དྭངས་སྲབ་མོ་ཞིག་འོང་བ་དེའི་ཐལ་བ་སྦྱངས་ལ་བཏང༌། །རྐང་ལག་གི་ཉྭ་གཞི་དང་རོ་སྨད་ཆུས་བསྒྲང་བཅུ་དྲུག་བསྲེག །བསྐུ་མཉེ་གསུར་བདུག་བུར་ཆང་རུས་ཁུ་བསྟེན། །བདུན་པ་བཙས་རྗེས་ནད་ལྷག་འདྲིལ་ནས་ཟུག་སྐྱེས་ན།  བྱི་ཁུང་ཤར་ལྟའི་སའི་དུགས་བྱ་གཡེར་མ་ཆང་སྦྱར་བཏང༌། །སྦྲང་དང་ཆང་སྦྱར་བུར་ཆང་མང་དུ་བཏང༌།  །དེས་མ་ཞི་ན་ཆང་ཞིམ་པོའི་སྦང་མ་སྟེ་གླུམ་ཚྭ་བཏབ་ནས་བསྲོས་པས་བདུག །དེ་རྗེས་ལོང་རྩ་གཏར་ལ་མངལ་བཤལ་བྱ། །འགྱིངས་རྗེས་ཤེ་རུལ་ཆུ་སེར་ཁྲག་རྣག་བྱུང་བ་ན། །འཇིགས་པ་མི་དགོས་མངལ་བཤལ་བྱས་པས་ཐོན། །བརྒྱད་པ་མོ་ནད་དུག་ཐབས་བཙས་རྗེས་ཤ་མར་རྙིང༌། །ཉིན་གཉིད་དྲག་ཤུལ་རྐྱེན་གྱིས་མཁྲིས་ཚད་སྐྱེད།  །རྩ་རྒྱུད་ཕྲ་མགྱོགས་ཤེད་མེད་སྐོམ་དད་ཆེ། །རོ་སྟོད་གཟེར་ཕྲན་འཕོ་ཞིང་ལུད་པ་དམར། །དེ་ལ་ཁ་ཟས་བསིལ་དྲོད་སྤེལ་ལ་བཏང༌། །རུ་ཐུང་སྣོད་ཀ་མཁྲིས་རྩ་ལོང་རྩ་གཏར། །ཨ་རུ་ལྕུམ་རྩ་དུར་བྱིད་ཐང་གིས་སྦྱང༌། །ཡང་ན་སྟབ་སེང་ཏིག་ཏའི་ཐང་བཏང་ག་བུར་བདུན་པ་རམ་རྒྱུད་ཕྱི་མར། བདུན་པ་ག་བུར་ཙན་དན་དཀར་པོ་དང་། །ཞེས་པ་ནསཏིག་ཏ་ཀ་ར་དཀར་པོའི་བཞི་འགྱུར་སྦྱར། །ཞེས་པའི་བར་དེ་ཡིན་པར་གསེར་མཆན་དུ་བཤད།  །ཕྱི་རྒྱུད་ཀྱི་མཁྲིས་ཚད་སེལ་བའི་གུར་ཀུམ་བདུན་འི་སྟེང་དོམ་མཁྲིས་བསྣན་ལ་བཏང༌། །སྨན་དང་ཟས་གཉིས་བསིལ་དྲོད་སྨན་དྲོད་སྨན་བཏང་དུས་ཟས་བསིལ་བ་དང་སྨན་བསིལ་སྨན་བཏང་དུས་ཟས་དྲོད་བ་བཏང་བ་བསིལ་དྲོད་བསྣོལ་བྱས་ཏེ།  །ཚ་གྲང་སྤེལ་བཅོས་ཟས་སྐོམ་བཅུད་བཏང་ལ་སྔ་བར་དབབ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མོ་ནད་ཕལ་པ་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་དྲུག་པའོ།  །དེ་ལྟར་ལེའུ་གསུམ་ནི་མོ་ནད་གསོ་བའི་སྐབས་ཏེ་བཅུ་པའོ།། དེ་ལྟར་ལེའུ་གསུམ་སྐབས་གཅིག་ནི་མོ་ནད་གསོ་བའི་ཡན་ལག་སྟེ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།