སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་དོན་གཅིག་པ། བྱིས་པ་ཉེར་སྤྱོད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །བྱིས་པ་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌། 

སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག བྱིས་པ་གསོ་བ་ཉེར་སྤྱོད་དེའི་ནད་དང༌། །གདོན་གསོ་བ་དང་གསུམ་དུ་ཤེས་པར་བྱ། །ཉེར་སྤྱོད་དང་པོ་བར་དང་ཐ་མ་གསུམ།།

སྤྱི་དོན་དང་པོ་ཉེར་སྤྱོད་བཙས་དུས་ཤིས་དང་མི་ཤིས་བརྟག །བཀྲ་ཤིས་བརྗོད་ཅིང་ལྟེ་བ་བཅད་པ་དང༌། །རྟེན་འབྲེལ་བྱ་ཞིང་ནུ་མ་བསྣུན་ཐབས་བསྟེན། །དང་པོ་ཤིས་རྟགས་མགོ་གཞུག་མ་ལོག་པར་ལུགས་འབྱུང་སྐྱེས་དང་གན་རྐྱལ་བྱུང༌། །ལྟེ་བ་སྟོད་དཀྲིས་ངུ་སྐད་དྲག་པོ་སྒྲོག  །སྤྱི་བོ་རིང་ལ་མགོ་སྲ་མཚོགས་མ་ཆུང༌གསུང་རབ་སྤྱི་ནས་དཔྲལ་བའི་དབྱེས་ཆེ་མ་སྣའི་གཟེངས་མཐོ་བ་ཞེས་སོགས་འབྱུང་། །སྐྲ་མཚམས་མཐོ་ལ་ཤ་གཙང་རྣ་བ་གཤོག །ཁ་ལྕེས་ནུ་མ་དྲག་འཇིབ་བག་ཙམ་དལ་འདར་ཞིང་དངང་། །དེ་འདྲ་གསོ་སླ་མི་ནོར་བཀྲ་ཤིས་འགྱུར། །གཉིས་པ་གོ་ལྡོག་གོང་གི་ལྟས་བཟང་པོ་དེ་རྣམས་ལས་གོ་ལྡོག་པ་དང་སོ་དང་བཅས་ཏེ་སྐྱེས་པ་གསོ་བར་བཀྲ་མི་ཤིས་པས་ངན་པར་བཤད༌།  གསུམ་པ་སྐྱེས་མ་ཐག་ཏུ་བཀྲ་ཤིས་ཚིག་འདི་རྣ་བར་བརྗོད། །བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང༌། །མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག །དེ་སྐད་བརྗོད་དེ་བཞི་པ་ལྟེ་བ་སོར་བཞིར་བལ་སྐུད་ཀྱིས་བཅིང༌ཡན་ལག་བརྒྱད་པར། བདེ་བར་གྱུར་ནས་ལྟེ་བ་ནི། །སོ་བཞིའི་འོག་ཏུ་སྲས་བུས་བཅིངས། །དེ་ཡི་འོག་ཏུ་བཅད་ནས་ནི། །ལྟེ་བ་ལ་ནི་བསྟོད་དེ་བཞག །དེ་འོག་ལྟེ་བ་རུ་རྟ་ནི། །ཏིལ་མམར་གྱིས་ནི་བསྐུ་བར་བྱ། །ཞེས་གསུངས་སོ།  །ཁྲག་མ་ཐིགས་པར་བཅད་ལ་པང་དུ་བླང༌། །སྤོས་ཆུ་དྲོ་འཇམ་ལུས་ཀུན་དག་པར་བཀྲུ་དོག་གསལ་བར་འགྱུར། །ལྕེ་ཡི་ཐོག་ཏུ་གུར་ཀུམ་ཧྲིའཿཡིག་བྲི་གསུང་གི་ས་བོན་བྲིས་པས་ལྕེ་བདེ་ཞིང་སྨྲ་མཁས་པར་འགྱུར་རོ། །གླ་རྩིའི་ཆུ་བླུད་ས་བདག་ཐུབ་སྦྲང་མར་སྦྱར་བ་བྱིན་ཡན་ལག་བརྒྱད་པརདེ་ནས་མཛུབ་མོ་གཡས་པ་ནི། །བཀྲུས་པའི་རྐན་ནི་བཏེག་ནས་ཀྱང་། །མགོ་བོར་རས་བལ་སྣུམ་ཅན་གཡོག །བློ་དང་ཚེ་དང་སྟོབས་བསྐྱེད་ཕྱིར། །ཤུ་དག་སྲན་མ་བི་ཤ་ཡི། །ཤ་རུ་པུཥྤའི་ལྡེ་གུ་ནི། །སྔགས་བཏབ་པར་ནི་ནན་ཙམ་སྦྱིན་ཞེས་སོ།  །ཟླ་ཟེར་དུ། ཤུ་དག་ གླ་རྩི། ཨ་རུ་ར། གསེར་བྱེ། ཡུངས་དཀར་རྣམས་སྦྲང་ངམ་མར་སྦྱུར་སྦྱིན་ཞེས་གསུངས་སོ། ལྔ་པ་དེ་ནས་མ་ཡི་ནུ་ཞོ་བསྣུན་པར་བྱ། ནུ་ཞོ་སྐམས་ན་རིགས་བཟང་ནད་མེད་ཅིང། །བུ་ལ་སྲོག་སྐྱོབ་བུ་མ་ཤི་བའི་ནུ་མ་བླུད་ཡན་ལག་བརྒྱད་པར་། མ་ཉིད་ཀྱིས་ནི་ནུ་ཞོ་བླུད། །དེ་ཡི་ལུས་འཕེལ་བྱེད་པ་ཡིན། །དེ་འོག་མ་མ་ཤིན་ཏུ་བྱམས། །སྐྱོན་མེད་འཁྲིག་པ་སྤང་བ་དང་། །རིགས་དང་དེ་བཞིན་རང་བཞིན་མཉམ། །ནད་མེད་ལང་ཚོ་དར་ལ་བབ། །བུ་མ་ཤི་ཞིང་རྐམ་ཆགས་མེད། །གཉིས་ཀྱི་འོ་མ་བླུད་པར་བྱ། །ཞེས་སོ།། སྐབས་སུ་རུ་རྟ་མར་སྦྱར་ལྟེ་བར་བསྐུ།།

སྤྱི་དོན་གཉིས་པ་དེ་ནས་བར་གྱི་བྱ་བ་བརྒྱད་ནི་ཞག་གསུམ་ནས།  །ལྷ་གསོལ་གཏའ་གཟུགས་སྲུང་བའི་ཆོ་ག་བྱ། །ཟླ་ཕུད་བཏང་ཞིང་དགེ་ཞིང་ཤིས་པའི་མིང་གདགས་རྣ་བ་དབུག  །ཟས་དང་སྤྱོད་ལམ་བཅའ་རྫིས་ལེགས་བསྐྱང་བྱ། །དང་པོ་འགོ་ཞིང་བསྟེན་ནམ་བསྒྲུབས་པ་ཡི། །ལྷ་ལ་གསོལ་མཆོད་བྱ་ཞིང་རང་ལ་འགོ་བའི་ལྷའི་རྟེན་གཟུགས། །མདོ་དབུ་མའི་སློབ་དཔོན་སྤྱན་དྲང་ཕོ་ལ་སྲོག་མདའ་དང་མོ་ལ་སྲོག་འཕང་ལ་གནས་པའི་ཕྱིར་བཅའ། །སྟེང་ཐོག་ཏུ་གནམ་གཏའ་བར་ཁང་དུ་བར་གཏའ་ས་འམ་འོག་ཁང་འགྲམས་དུ་ས་གཏའ་སྒོ་གཏའ་སྒོ་ལ་གཟུག །གཙང་མའི་གོས་ལ་གདོན་འཇོམས་པར་ཤུ་དག་གུ་གུལ་དང༌། །ཡུངས་དཀར་དུ་བས་བདུགས་ལ་བུ་ལ་བསྐོན། །ལག་པ་གཉིས་དང་མགུལ་དུ་སྔགས་སྐུད་དང་ཤུ་དག་གདགས། ཡན་ལག་བརྒྱད་པར། མཆོག་ཏུ་རྟག་པར་ཤུ་དག་ནི། །ལག་གཉིས་མགུལ་དང་སྤྱི་བོར་བཏགས། །དེས་ནི་ཚེ་དང་ཡིད་གཞུང་དྲན། །བདེ་བ་སྐྱེད་བྱེད་གདོན་ལས་བསྲུང་། །ཞེས་སོ། །བཙས་པའི་ཟླ་བ་དུས་ཚིགས་མ་འཕྱུགས་པར་གཏོར་མ་དང་བཤོས་བུ་ལྷ་ལ་འབུལ་གདོན་ལ་ཆུང་གླུད་བཏང༌། །བཙས་སྐར་ནབས་སོ་སྐྱེས་ལྟ་བུ་ལྷ་ཚངས་བྱིན་ལྟ་བུ་འམ་ཉེ་དུ་ལས་དྲས་པའི་ཆགས་པ་མངོན་དགའི་སྲས་ཟླ་བ་ལ་མངོན་དགའ་ལྟ་བུ།། །ལྷ་དབང་ཚེ་རིང་ལྟ་བུ་སྙན་ཞིང་ཤིས་པའི་མིང་བཀྲ་ཤིས་དོན་གྲུབ་ལྟ་བུ་ནི་ཕ་མ་ཉེ་དུ་ཐམས་ཅད་ཁ་འཆམ་པ་སྟེ་བགྲོད་པས་གདགས། །སྲི་འུ་ཡིན་ན་སྲི་ཐར་ཚེ་རིང་ལྟ་བུ་ཐར་ཐར་ཟླ་བ་རེ་རེ་སྟག་ཐར་གླང་ཐར་སོགས་མིང་སྤོ། །ཟླ་བ་བརྒྱད་ན་རྣ་བ་དབུག་པར་བྱ། །རྣ་ཤལ་མཐེ་བོས་ལེགས་མཉེ་དཀྱིལ་སྲབ་ཉི་འོད་གསལ་པར། །རྒྱ་ཁབ་ཟབ་སྐུད་ཕུག་ལ་སྣུམ་གྱིས་བྱུག །ཁྱེའུ་ཡིན་ན་སྔོན་ལ་རྣ་བ་གཡས་ལ་བུ་མོ་ཡིན་ན་གཡོན་པ་དབུག །ཟས་སུ་བུར་སྦྲང་ཞུན་མར་རྒྱུན་དུ་བསྟེན། །སྐབས་སུ་ལུག་གམ་གཡག་གི་ཤ་ཤ་ཚོད་མར་སྦྱར་ཤ་ནད་སེལ། །ཨ་རུ་ར་དང་ཤིང་ཀུན་ཚ་བ་སྒ་པི་ཕོ་གསུམ། །ཤུ་དག་པ་ཏྲ་གུ་ཡུ་ལྕེ་མྱང་ཚྭ་རྣམས་དང༌། །ར་དཀར་འོ་མ་མར་བསྐོལ་དབྱངས་ཅན་མར་འདི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་གནས་པ་ཚངས་པའི་བུ་མོ་ཚེ་དང་ཚིག་སྙན་རྩོལ་ནུས་པ་དཔེར་མཛད་པས་ཉི་མ་ལྷོ་ཕྱོགས་ན་གནས་པ་ཕ་མ་འཛོམ་ཞིང་རིགས་བཟང་བའི་བུ་མོའི་ལག་ནས་བྱུང་བའི་མར་ཡིན་དགོས་སོ། །བློ་འཕེལ་དྲན་གསལ་ངག་ཚིག་སྙན་ཕྱིར་བསྟེན། །ཡུངས་དཀར་ཤུ་དག་རྒྱམ་ཚྭ་པི་པི་ལིང༌། །རུ་རྟ་བ་སྤྲུ་མར་བསྐོལ་སྨན་མར་གྱིས། །ཚེ་འཕེལ་སྟོབས་བསྐྱེད་གདོན་རྣམས་འཇོམས་ཕྱིར་བསྟེན། །སྤྱོད་ལམ་མིག་ལ་ཉི་མའི་ཟེར་མི་བཏང༌། །མིག་མི་གསལ་བས་རྐང་མཐིལ་མཚོགས་མ་མི་བསྲེག་སྣ་འགགས་པས་གྲང་མི་གཞུག །ལུས་ཡོན་པོར་མི་ཟུང་ལུས་སྒུར་པོར་འགྲོ་བ་དང་མཆིན་པར་སྐྱོན་འོིང་བསླང་བ་སྔས་པ་མིན། །མེ་དང་བྱ་གཅན་འགོ་ནད་འཇིགས་སྐྲག་གདོན་འཇུག་པས་བསྲུང༌། །སྐབས་སུ་བསྐུ་མཉེ་ཉི་མས་རན་པར་བསྲོ།།

སྤྱི་དོན་གསུམ་པ་ཐ་མའི་བྱ་བ་གཉིས་ནི་སོ་སྐྱེའི་ནད་བསལ་ཞིང༌། །གཏའ་བཀྲོལ་བྱ་ཞིང་གཏང་རག་བཏང་བའོ། །རྨ་བྱའི་སྤྱི་བོར་མདོངས་སྒྲོ་སྐྱེ་བ་དང༌། །བྱིས་པ་རྣམས་ལ་སེའུ་སྐྱེ་བའི་ཚེ། །ལུས་ཀུན་མི་ན་བ་ནི་གཅིག་ཀྱང་མེད། །དེ་དུས་སྦྲང་རྩི་ཨ་བྱག་གུར་གུམ་སྐྱུ་རུ་རའི། །ལྡེ་གུས་རྙིལ་བྱུག་མྱུར་དུ་སོ་སྐྱེ་འགྱུར། །ཨ་བྱག་ཡན་ལག་བརྒྱད་པར། ཙད་དང་སེང་ཕྲོམ་ད་ད་ཀ  །ཤུ་དག་ན་ཊ་ཐ་ལ་གཉིས། །ཧ་དེ་ཆེ་ཆུང་གཉིས་དང་ནི། ཨུད་ན་སིལ་ཐ་གཞོན་ནུ་རྣམས། །རས་བལ་ས་བོན་བཅས་པ་དག། །ཆུར་བསྐོལ་བ་དང་མར་དང་ནི། །ཐལ་ཚན་ཞོ་ཁ་ཆུར་བསྐོལ་བས། །སོ་སྐྱེ་ལས་བྱུགས་སྣ་ཚོགས་ནད། །འདི་ཡིས་མྱུར་དུ་འཇོམས་བྱེད་ཅེས། །འོད་སྲུང་རྒན་པོས་བཤད་པ་ཡིན། །ཞེས་འབྱུང་ངོ་། སེང་ཕྲོམ་བ་ལེ་ཧ་ལོའི་རྩ་བ་ཨ་བ་སེ་ཡུངས་དཀར། །རྒྱ་སྲན་འདི་མུ་ག་ཞེས་བྱ་བ་སྟེ་སྲན་ཟླུམ་དཀར་པོ་ཡིན་ལ། འདི་ཉིད་དང་སྲན་དཀར་མཱ་ཤ་ཞེས་པའི་དབྱིབས་མཁལ་མ་ཞོ་ཤ་འདྲ་བ་ཁ་དོག་དཀར་བོ་ཅན་འཇམ་དཀར་བློ་འཕེལ་བསྒྲུབ་པའི་རྫས་དེ་མ་འཁྲུལ་བར་དགོས་པ་ཡོད་དོ། བཙོད་ཁུ་མར་དང་ཞོ་ཁ་ཆུ་ལ་ལས་དར་བ་དང་ལ་ལས་ཞོའི་སྟེང་གི་ཆུ་ཡིན་ཟེར། །བསྡུས་པའི་མར་ནང་ཡ་བཀྵ་ར་ས་སྨན་བག་ཕྱེ་འདྲ་བ་བཏབ། །སོ་སྐྱེ་ལས་བྱུང་ནད་ཀུན་འཇོམས་པར་བྱེད། །གནའ་ལ་དང་པོ་རང་ནས་བཀྲ་མི་ཤིས་པ་ཡ་སོ་སྐྱེས་སམ་སོ་བཅས་སྐྱེས། །ཞི་བའི་སྦྱིན་སྲེག་བྱ་ཞིང་སྐེམ་བྱེད་ཀྱི་གདོན་གཞོན་ནུ་གདོང་དྲུག་བཅོས་པར་བྱ། །བྱིས་པ་ཟླ་ངོ་བཅུ་གཉིས་ལོན་པ་དང༌། །ལྷ་ལ་གཏང་རག་བཏང་ཞིང་གཏའ་རྣམས་དགྲོལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱིས་པ་ཉེར་སྤྱོད་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་གཅིག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།