སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་དང་པོ། གླེང་གཞི་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.08.2011
རྩ་རྒྱུད། >> ལེའུ་དང་པོ། གླེང་གཞི་བསྟན་པ།

༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་བ་མེས་པོའི་ཞལ་ལུང་ཞེས་བྱ་བ་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་རྣམ་བཤད་བཞུགས་སོ།།

དང་པོ། ཀླད་ཀྱི་དོན།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། 

༄༅། །ཨོཾ་ཨ་ཐཱ། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ཡང་སྙིང་དམ་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་འགྲེལ་བ་མེས་པོའི་ཞལ་ལུང་ཞེས་བྱ་བ་ལས། དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་རྣམ་བཤད། དྲན་པ་ཙམ་གྱིས་འདོད་དོན་བདེ་བླག་ཏུ་སྒྲུབ་པ་གུ་ཎ་ནཱ་ཐའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།།

རང་བཞིན་དྲི་མེད་རྒྱལ་བའི་སྙིང་པོ་སྟོན་དུས་མཚན་མོའི་ཀུན་གསལ་བདེ་ལྡན་སུམ་རྩེན་གྱི་ནི་དགའ་ཚལ་ན། །ཟག་པ་མེད་པའི་དགེ་ལེགས་སྣ་ཚོགས་འོད་བཟང་འཛིན་པའི་ལྷ་དང་ལྷ་མོའི་སར་སྐྱེས་འབུམ་གྱིས་ཡོངས་སུ་གཏམས། །ལེགས་བཤད་ཟད་མེད་ཡི་གེའི་གཏམ་གྱི་བསིལ་བའི་འོད་རབ་རྣམ་པ་ཀུན་ལྡན་ཆུ་སྐྱེས་ཚོགས་ནི་དར་བ་ལས། །ཀུན་དགའི་གཏེར་གྱུར་བློ་གྲོས་མཚུངས་མེད་སྟོན་དང་དཔྱིད་ཀྱི་ཐིག་ལེའི་བྱེད་པོ་གང་ཡིན་དེ་ལ་གུས་ཕྱག་འཚལ། །ཁམས་ནི་ཡོངས་སུ་དག་པ་ལས། །རྒྱལ་མཚན་རྩེར་སོན་བཻ་ཌཱུརྱ། །གསོལ་མ་བཏབ་ཀྱང་འདོད་པའི་དོན། །སྩོལ་མཛད་སྨན་གྱི་བླ་མར་འདུད། །གང་དེའི་ཞལ་གྱི་གྲོལ་བའི་ཕུང་པོ་ལས། །ཉེ་བར་འོངས་པའི་ཟབ་གནད་མུ་ཏིག་གི །འཕྲེང་བས་སྐལ་བཟང་མགྲིན་པ་མཛེས་བྱེད་པ། །རྒྱན་མཆོག་དམ་པའི་ཆོས་ལ་བདག་ཕྱག་འཚལ། །དེ་འདྲ་དོ་ཤལ་མང་པོས་བརྗིད་གྱུར་པས། །ས་ལ་བརླིང་བའི་འགྲོས་ཀྱི་གོམ་ཚུགས་ཅན། །ཆགས་བྲལ་ངུར་སྨྲིག་འཆང་བའི་ལུས་ཕྲ་མ། །བསྟན་པ་དམ་དུ་འཛིན་མཁས་རྣམས་ལ་འདུད། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་ག་བུར་བསིལ་བའི་ཐིག་ལེས་བྲན་པའི་ལྗོངས་འདིར་འགྲོ་ལ་སྣང་བའི་སྣང་རིག་གཟུགས་ཅན་གཡུ་ཐོག་པ། །སྙན་གྲགས་ཕུད་སྒྲ་ཆེས་ཆེར་སྒྲོག་པའི་བསོད་ནམས་ཀླུ་དབང་སྟོང་གིས་རབ་གང་ཡོན་ཏན་རིན་ཅེན་དཔག་ཏུ་མེད་པའི་གཏེར་ཆེན་པོ། །དགེ་ལེགས་པད་དཀར་བྱེ་བས་བསྐྱེད་པའི་དྲི་བསུང་མངར་པོས་གདུལ་བྱ་ངང་པའི་རྒྱལ་པོ་དང་ནི་རྐང་པ་དྲུག་པ་རིང་ནས་སྡུད། །ལེགས་བཤད་ཆུ་ཀླུང་འབུམ་ཕྲག་དུ་མ་ཕྱོགས་བརྒྱར་འགྱེད་པའི་ཡན་ལག་བརྒྱད་ཀྱི་སེམས་ལྡན་སེམས་མེད་ཀུན་བཟང་མཛད་པོས་བདག་སྐྱོངས་ཤིག །ལྷ་གཅིག་ཡེ་ཤེས་མ་དྲོས་མཚོ་ཆེན་དེའི། །རིག་བྱེད་ཆུ་གཏེར་བཞི་ག་འཛིན་བཟོད་པ། །འདི་ན་ལྟོ་བར་འཛམ་གླིང་མངལ་ཁུར་ཅན། །རོ་ལྡན་འཚོ་བྱེད་གྲུབ་པ་ལས་གཞན་སུ། །དེ་ཡིས་ད་དུང་རིང་དུ་སྐྱོངས་ཤིག་ཁྱོད་ཀྱི་འབངས་སུ་དམ་ཚིག་བཅས་བའི་ལྟོང་ཀ་བདག །རིག་གནས་མང་པོའི་ཁམས་ནི་དག་པས་ཨ་མྲིའི་དྲི་ལྡན་ལྷོ་ཕྱོགས་བསེར་བུ་ལྡང་བ་ན། །སྦྲང་མའི་ཚོགས་དང་ལང་ཚོ་ལྡན་པའི་དགའ་སྟོན་སླད་དུ་ཆུ་སྐྱེས་ཚལ་ནི་ཡིད་བཞིན་དུ། །རྒྱས་པར་འདོད་ན་འབད་པ་མེད་པར་མྱུར་དུ་འགྲུབ་པའི་དངོས་གྲུབ་དག་ནི་མཛད་དུ་གསོལ། །འཐབ་བྲལ་ལྷ་ཡི་ཡུལ་ནས་མ་འོངས་ཤིང༌། །ཆུ་གཏེར་ཆེན་པོ་དག་ཀྱང་མ་བསྲུབས་པར། །བསིལ་བའི་ལྗོངས་འདིར་བདུད་རྩིས་རབ་གང་བའི། །འཆི་མེད་བུམ་པ་རྒྱུད་བཞི་ཞེས་པ་བྱུང༌། །འོན་ཀྱང་བ་ཀུ་ལ་ཡི་དོག་པ་བཞིན། །སྐལ་བཟང་ལུས་ཕྲ་ཁ་དྲི་ཞིམ་ལྡན་མ། །མ་གཏོགས་ཀུན་གྱི་སྤྱོད་ཡུལ་མ་གྱུར་པས། །དེང་སང་འདི་ན་ཊཱི་ཀས་མཛེས་མ་ཡིན། །དེ་ཕྱིར་དུས་མིན་འཆི་བ་བཟློག་པའི་སླད། །བདུད་རྩིའི་བུམ་པ་ཕྱག་རྒྱས་རྒྱས་བཏབ་པ། །ལྷུག་པར་བཀྲོལ་ནས་དེང་འདིར་སྦྱིན་འདོད་ཀྱི། ལྷ་རིས་མིན་པ་མཐའ་དག་འདིར་འདུས་ཤིག །འཆི་མེད་སྦྱོར་བ་ཤེས་པའི་འདུན་ས་རུ། །གློ་བུར་སྲོག་ལ་ཉེན་རྣམས་གསོ་བའི་ཕྱིར། །སྨན་པ་གཞན་ནས་འཚོལ་བར་རྩོམ་བྱེད་པ། །དེ་འདྲ་གཤིན་རྗེས་བྱིན་གྱིས་བརླབས་པར་ཟད། །ཀྭ་ཡེ་ཚུར་ཤོག་སྐལ་བཟང་བློ་གྲོས་ཅན། །འགའ་ཞིག་ཡོད་ན་བདུད་རྩི་སྙིང་པོ་འདི། །ཅི་དགར་འཐུངས་ལ་རིས་མེད་བྱིན་ཞིག་དང༌། །སྤྱད་པས་འཛད་པའི་དངོས་པོ་ག་ལ་ཡིན། །

ཞེས་ཚིགས་སུ་བཅད་པས་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་བཀོད་ནས། འདིར་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ཟབ་གནད་བདུད་རྩི་སྙིང་པོ་ལྟ་བུར་བསྡུས་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞི་ཞེས་སྙན་གྲགས་ཀྱི་ཡི་གེས་གངས་ཅན་གྱི་ཁོར་ཡུག་མ་ལུས་པ་ཁྱབ་པ་འདི་དག །སྨན་པར་ཁས་ལེན་པ་ཐམས་ཅད་ཀྱིས་ཉམས་སུ་བླང་བྱའི་གཙོ་བོ་ཡིན་པས་སློབ་དཔོན་དུ་བཞེད་པ་རྣམས་ཀྱིས་རང་བཟོས་མ་བསླད་པར་དགོངས་དོན་ཇི་ལྟ་བར་འཆད་པ་དང༌། གཞན་གྱིས་མ་རྟོགས་ལོག་རྟོག་ཐེ་ཚོམ་དང་བཅས་པ་ལ་བརྒལ་ཞིང་བརྟག་པ་དང༌། ཡིད་ཆེས་ཤིང་ཁུངས་བཙུན་པའི་ལུང་རིགས་འཐད་པ་དང་ལྡན་པའི་རྒྱས་འགྲེལ་རྩོམ་པ་ལ་སོགས་པའི་སྒོ་ནས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ཞིག་དགོས་རྒྱུ་ཡིན་ནའང༌། དེ་ལྟ་བུའི་སྒོ་ནས་ཚུལ་བཞིན་དུ་ཉམས་སུ་ལེན་པ་ལྟ་ཞོག །མཁས་པའི་བྱ་བ་སྣ་རེ་ཙམ་ལ་བརྟེན་ནས་སྲོལ་འཛིན་པ་དག་ཀྱང་མ་བྱུང་བའི་དོན་གྱིས་དེང་སང་གི་དུས་ན་གཞུང་ལུགས་ཆེན་པོ་ཚོང་འདུས་ཀྱི་འོ་མ་བཞིན་དུ་དོན་དང་དོན་མ་ཡིན་པ་ཆ་མཉམ་དུ་འདྲེས་པར་གྱུར་ཅིང༌། འགྲེལ་བ་རྩོམ་པར་འདོད་པ་རྣམས་ཀྱིས་ཀྱང་གཞུང་རང་ཉིད་ལ་མ་བརྟག་པར་བབ་ཅོལ་དུ་འཆད་པ་དང༌། དེ་ལྟར་བཤད་པས་ཚིག་དང་དོན་ལག་ཏུ་ལེན་བྱ་འགལ་བ་ལྟག་སྤྲོད་དུ་བྱེད་པ་དང༌། འགའ་ཞིག་གིས་རང་བཟོ་མང་དུ་བྱས་པ་ལ་དེའི་ཁྱད་ཆོས་ཞེས་ངོ་མཚར་དུ་འཛིན་པ་དང༌། རྒྱུ་དེ་རྣམ་ཀྱིས་ནད་ཀྱི་འཕེལ་འགྲིབ། རྒྱུ་རྐྱེན། དབྱེ་བ། སྨན་གྱི་རོ་ནུས། ངོ་བོ་ངོས་འཛིན། མཐོང་བ་བརྒྱུད་པའི་ལག་ལེན་རྣམས་འཁྲུལ་པ་འབའ་ཞིག་ལ་སྤྱོད་ཅིང༌། དེའི་དོན་གྱིས་གཞུང་ནས་བཤད་པའི་སྨན་རྣམས་ནི་མི་ཟབ་ལ། མན་ངག་གཞན་ནས་བྱུང་བ་རྣམས་ཟབ་པོ་ཞེས་གསོ་དཔྱད་གཞན་ནས་འཚོལ་བ་སྟེ། དེ་ལྟར་ལོག་པའི་བྱ་བ་སྣ་ཚོགས་པས་རང་གཞན་ཐམས་ཅད་ཉམས་པར་བྱེད་པ་ལ་བརྩོན་པ་འབའ་ཞིག་ཏུ་མཐོང་བས་ཡིད་ལྷག་པར་འབྱུང་ཞིང༌། གསོ་བ་རིག་པའི་བསྟན་པ་ཁོ་ན་ལ་ཉེ་བར་བསམས་ནས་མ་དག་པའི་རང་བཞིན་སུན་དབྱུང་བ་དང༌། དགོངས་གཞི་དགོས་པ། དངོས་བསྟན་ཤུགས་བསྟན། སྤྱིར་བཏང་དམིགས་བསལ། ཚིག་དང་དོན་མ་ལུས་པ་སོ་སོར་གསལ་ཞིང་རྟོགས་སླ་བར་ལུང་རིགས་མྱོང་བ་རྣམ་པར་དག་པའི་སྒོ་ནས་གཏན་ལ་འབེབས་པའི་རྒྱས་འགྲེལ་འདི་ལྟར་རྩོམ་པ་ལ་ཞུགས་པ་ཡིན་ནོ། །དེ་ཡང་མདོ་སྟུག་པོ་བཀོད་པར། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་བཞིན་གཞུང་དོན་དང་གཞན་གྱི་ལུགས་ལ་བརྟགས་ཤིང་དཔྱད་པའི་སྒོ་ནས་བླང་དོར་མ་ནོར་བས་མི་འཐད་པའི་ཆ་འདོར་ཞིང་སུན་དབྱུང་བ་དང༌། འཐད་པ་ལ་སྒྲུབ་བྱེད་འགོད་པ་དང༌། དེ་ལ་རྩོད་པ་ལྟར་སྣང་སྤང་བ་སྟེ། དེ་ལྟར་དགག་གཞག་སྤང་གསུམ་གྱི་སྒོ་ནས་འགྲེལ་དགོས་ཤིང༌། དེ་ཡང་ལུང་རིགས་ཡིད་ཆེས་ཤིང་ཁུངས་དང་རྒྱུ་མཚན་རྣམ་པར་དག་པ་ལ་བརྟེན་ནས་འཆད་པར་འདོད་དོ། །

དགོས་སོགས་ཆོས་བཞི་བཤད་པ།

འདི་ལ་གཉིས། གཞུང་གི་སྤྱི་དོན་དང༌། ཚིག་སོ་སོ་བའི་དོན་ཏོ། །དང་པོ་ནི། རྟོག་དཔྱོད་དང་ལྡན་པ་རྣམས་གཞུང་འདི་ཉིད་ལ་བདེ་བླག་ཏུ་འཇུག་པའི་ཆེད་དུ་དགོས་པ་སོགས་ཆོས་བཞི་ཐོག་མར་འཆད་པར་འདོད་པ་ལས། ཚིག་རྣམས་ནི་ཅིག་ཅར་དུ་བརྗོད་པ་མེད་པའི་ཕྱིར་རིམ་པ་བཞིན་དུ་བཤད་པར་བྱའོ། །དེ་ཡང་དབྱིག་གཉེན་ཞབས་ཀྱིས། མདོ་དོན་ཆེ་བ་ཉིད་ཐོས་ནས། ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ཡིས་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པ་དང༌། ཁ་ཆེ་པཎྜི་ཏ་ཆེན་པོ་ཟླ་བ་ལ་མངོན་པར་དགའ་བས་ཀྱང༌། བསྟན་བཅོས་དག་ནི་ཐམས་ཅད་དང༌། །ལས་ནི་ཅི་ཡང་རུང་བ་ཡི། །ཇི་སྲིད་དགོས་པ་མ་སྨྲས་པ། །དེ་སྲིད་དུ་ནི་སུ་ཞིག་འཛིན། །ཞེས་གསུངས་པ་ལྟར་ཐོག་མར་དགོས་པ། །དེ་ནས་ཉིད་དགོས། དེ་ནས་བརྗོད་བྱ་དང་འབྲེལ་བ་ཡང་བརྗོད་པར་བྱའོ། །

འདི་ལ་གསུམ། དགོས་སོགས་ཆོས་བཞི་པོ་བཀོད་པའི་དགོས་པ། མ་བཀོད་ན་ཉེས་པ་ཡོད་ཚུལ། དགོས་སོགས་སོ་སོའི་དོན་བཤད་པའོ། །དང་པོ་ནི་སློབ་དཔོན་ཞི་བ་འཚོས། བསྟན་བཅོས་ནི་བརྩམ་པར་བྱ་བ་མ་ཡིན་ཏེ། དགོས་པ་སོགས་བཞི་མེད་པའི་ཕྱིར། བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་བཞིན་ཞེས་ཁ་ཅིག་རྩོམ་པའི་བྱ་བ་ལ་འགོག་པར་འདོད་པའི་ལོག་རྟོག་བཟློག་པར་བྱེད་པ་ནི་བསྟན་བཅོས་ཀྱི་དགོས་པའོ། །དེས་ན་གང་དགོས་པ་སོགས་བཞི་དང་ལྡན་པ་ནི་མཁས་པས་བརྩམ་པར་བྱ་བ་ཡིན་ཏེ། དཔེར་ན་གསོ་བ་རིག་པའི་བསྟན་བཅོས་བཞིན། བསྟན་བཅོས་འདི་ཡང་དགོས་པ་སོགས་བཞི་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ་ཞེས་གསུངས་སོ། །ཡང་སློབ་དཔོན་ཆོས་མཆོག་གིས། ངག་གང་གི་ཐོག་མར་དགོས་པ་སོགས་བཞི་མཐོང་བས་ཤས་ཆེར་འཛིན་པའི་ཐེ་ཚོམ་སྐྱེས་ནས་བསྟན་བཅོས་ལ་འཇུག་པར་འདོད་དེ། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་བཤད་དོ། །ཡང་བྲམ་ཟེ་བདེ་བྱེད་དགའ་བས། བསྟན་བཅོས་ཀྱི་སྐབས་སྔོན་དུ་བྱས་ནས་བསྟན་བཅོས་འགོད་པ་ནི་གཞུང་མཛེས་པར་བྱ་བའི་ཕྱིར་ཏེ། གློ་བུར་དུ་གཞུང་རྩོམ་པ་ལ་ཞུགས་ན་མི་མཛེས་པའི་ཕྱིར་རོ། །ཞེས་བཀོད་པ་བཞིན་དུ་འདིར་ཡང་རིག་པར་བྱ་དགོས་སོ།།

གཉིས་པ་དགོས་སོགས་མ་བཀོད་ན་ཉེས་པ་ཡོད་པར་བཤད་པ་ནི། དགོས་པའི་ངག་མ་བཀོད་ན་བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་ལྟར་དགོས་པ་དང་མི་ལྡན་པ་ཞིག་གམ་སྙམ་པ་དང༌། ཉིང་དགོས་ཀྱི་ངག་མ་བཀོད་ན་སར་སིག་པས་མ་བག་མར་ལེན་པའི་བསྟན་བཅོས་ལྟར་དགོས་པ་གྱ་ནོམ་པ་མེད་དམ་སྙམ་པ་དང༌། བརྗོད་བྱའི་ངག་མ་བཀོད་ན་སེའུ་བཅུ་པའི་ངག་ལྟར་བརྗོད་བྱ་མེད་པ་ཞིག་གམ་སྙམ་པ་དང༌། འབྲེལ་བའི་ངག་མ་བཀོད་ན་མཐོ་རིས་ཀྱི་ཐབས་སུ་སྲོག་གཅོད་པའི་མཆོད་སྦྱིན་ལྟར་འབྲེལ་བ་ཕྱིན་ཅི་ལོག་པ་ཞིག་ཡིན་ནམ་སྙམ་པ་ལ་སོགས་པའི་དོགས་པ་སྐྱེ་བར་འགྱུར་བ་དག་དགག་པའི་ཕྱིར་ངེས་པར་དགོས་སོགས་འགོད་དགོས་པ་ཡིན་ནོ། །

གསུམ་པ་དགོས་སོགས་སོ་སོའི་དོན་བཤད་པ་ལའང་གསུམ། ངག་ཐམས་ཅད་ལ་ཡོད་པའི་དགོས་སོགས། ཆོས་བཞི་པོ་རང་ཉིད་ལ་ཡོད་པའི་དགོས་སོགས། གཞུང་གི་ལུས་ལ་ཡོད་པའི་དགོས་སོགས་བཤད་པའོ། །དང་པོ་ནི། རང་རང་གི་ངག་དེ་ལས་དོན་རྟོགས་པ་ནི་དགོས་པ། དེ་ལས་དོན་གཞན་འགྲུབ་པ་ནི་ཉིང་དགོས། ངག་དེས་བསྟན་པར་བྱ་བ་ནི་བརྗོད་བྱ། ངག་དང་དོན་གཉིས་དེ་བྱུང་དུ་འབྲེལ་བ་ནི་འབྲེལ་བའོ། །

གཉིས་པ་ཆོས་བཞི་པོ་རང་ཉིད་ལ་ཡོད་པའི་དགོས་སོགས་ནི། ངག་རང་ཉིད་ལས་དགོས་སོགས་ཀྱི་དོན་རྟོགས་པ་ནི་དགོས་པ་དང༌། དགོས་པ་དེ་ཤེས་ནས་གཞུང་ལ་འཇུག་པ་ནི་ཉིང་དགོས་དང༌། དགོས་པ་སོགས་བཞི་པོ་ནི་ངག་དེ་ཉིད་ཀྱི་བརྗོད་བྱ་དང༌། དོན་རྟོགས་པ་ངག་ལས་བྱུང་ཞིང་གཞུང་ལ་འཇུག་པ་དོན་རྟོགས་པ་ལས་བྱུང་བ་ནི་འབྲེལ་བ་ཡིན་ནོ། །

གསུམ་པ་གཞུང་གི་ལུས་ལ་ཡོད་པའི་དགོས་སོགས་བཤད་པ་ལ་གཉིས། གཞུང་བཤད་པ་དང༌། དེ་ལ་དགོས་སོགས་སྦྱར་ཏེ་བཤད་པའོ། །དང་པོ་ལ་བཞི། གཞུང་ཚད། གཞུང་གི་ངོ་བོ། གཞུང་གི་དབྱེ་བ། གཞུང་གི་ངེས་ཚིག་བཤད་པའོ། །དང་པོ་ནི། ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་སྟོན་པའི་མིང་གྲུབ། མིང་དུ་མ་འདུས་པ་ལས་དོན་གྱི་ཁྱད་པར་སྟོན་པའི་ཚིག་འབྲུ། ཚིག་དུ་མ་འདུས་པ་ལས་སྐྱེས་བུ་འཇུག་ལྡོག་བྱེད་པའི་གཞི་དོན་གཅིག་སྟོན་པའི་ངག་གྲུབ། ངག་དུ་མ་འདུས་པ་ལས་འཇུག་ལྡོག་བྱ་བའི་དོན་དུ་མ་སྟོན་པའི་ལེའུ་འམ་རབ་བྱེད་གྲུབ། དེ་དུ་མ་འདུས་པ་ལས་བསྟན་བཅོས་ཀྱི་ལུས་གྲུབ་བོ། །ཞེས་པ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་གསུངས་པ་བཞིན། གཞུང་འདིའི་ཚད་ནི། དུམ་བུ་བཞི། ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ཡིན་ནོ། །

གཉིས་པ་གཞུང་གི་ངོ་བོ་ནི། བྱེ་བྲག་ཏུ་སྨྲ་བས་སྒྲ་སྤྱིའི་འཕྲེང་བ་མི་ལྡན་པའི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ལ་འདོད་ཅིང༌། མདོ་སྡེ་པས། སྒྲ་རང་གི་མཚན་ཉིད་གཞུང་ཚད་དང་མཉམ་པའི་གཟུགས་ཀྱི་ཕུང་པོས་བསྡུས་པ་ལ་འདོད་ལ། སེམས་ཙམ་པ་རྣམས་ནི། སྒྲ་རྗོད་བྱེད་ཚིག་གི་རྣམ་པ་ཅན་གྱི་ཡིད་ཤེས་གཞུང་ཚད་དང་མཉམ་པའི་རྣམ་ཤེས་ཀྱི་ཕུང་པོ་སེམས་བྱུང་དང་བཅས་པས་བསྡུས་པར་འདོད་དོ། །

གསུམ་པ་དབྱེ་བ་ནི། སྤྱིར་གསོ་བར་བྱ་བའི་ཡུལ་ལ་ཡན་ལག་བརྒྱད་དུ་བྱས་ནས་གསོ་བར་བྱེད་པའི་ཐབས་ཇི་སྙེད་པ་ཡིན་ཡང༌། འདིར་ནང་གསེས་ཀྱི་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་དང༌། མན་ངག་གི་རྒྱུད་དང༌། ཕྱི་མའི་རྒྱུད་དེ་བཞིའོ། །བཞི་པ་ངེས་ཚིག་ནི་འོག་ཏུ་མཚན་དོན་གྱི་སྐབས་སུ་བཤད་པར་བྱའོ། །

གཉིས་པ་གཞུང་དེ་ལས་དགོས་སོགས་སྦྱར་ཏེ་བཤད་པ་ནི། གཞུང་ལུགས་ཆེན་པོ་འདི་ཉིད་ཀྱི་ཚིག་ལ་སྦྱངས་པས། དེའི་དོན་ནད་དང་སྨན་ཀྱི་རྗེས་སུ་འགྲོ་ལྡོག་ཚུལ་བཞིན་དུ་ཤེས་པར་འགྱུར་ལ། དེ་ཉིད་ཤེས་བཞིན་དུ་ཉམས་སུ་བླངས་པས་ལུས་ཅན་རྣམས་མི་ན་བར་གནས་ཤིང་ན་བ་གསོས་པ་དགོས་པ་དང༌། དེ་ལྟར་གཞན་ལ་མང་དུ་ཕན་བཏགས་པས་རང་ཉིད་ལ་རྙེད་པ་དང་བཀུར་སྟི་དང་སྙན་གྲགས་ཕུན་སུམ་ཚོགས་ཤིང༌། སྐྱེ་བ་ཕྱི་མ་ལྷ་དང་མིའི་གོ་འཕང་ལ་བརྟེན་ནས་རིང་པོར་མི་ཐོགས་པར་ཐམས་ཅད་མཁྱེན་པའི་གནས་སུ་བགྲོད་པ་ནི་ཉིང་དགོས་དང༌། གཞུང་འདི་ཉིད་ཀྱི་ཚིག་གིས་བསྟན་པར་བྱ་བའི་དོན་ཡན་ལག་བརྒྱད་ནི་བརྗོད་བྱ་དང༌། བརྗོད་བྱའི་དོན་ཤེས་པ་ངག་ལས་བྱུང་ཞིང་དོན་ཤེས་པས་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བ་ནི་འབྲེལ་བའོ། །ཡང་ན་རྣམ་བཤད་རིག་པར། གང་ཞིག་བདག་པས་བློ་དམན་ཞིང༌། །མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་དང་བཅས། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་བཞིན། དགོས་དོན། བསྡུས་དོན། ཚིག་དོན། མཚམས་སྦྱོར། བརྒལ་ཞིང་བརྟགས་པའི་ལན་དང་བཅས་པའི་སྒོ་ནས་བཤད་པར་བྱའོ། །དེ་ཡང་འགྲེལ་པ་ཟླ་བའི་འོད་ཟེར་དུ། །གང་ཕྱིར་འབྲེལ་བ་བརྗོད་པ་ཡིས། །ཉན་པ་པོ་ཡི་འཇུག་པ་འགྲུབ། །དེ་བས་བསྟན་བཅོས་ཐམས་ཅད་ལ། །འབྲེལ་བ་དང་པོར་བརྗོད་པར་བྱ། །ཞེས་གསུངས་པ་བཞིན་དགོས་པ་ལ་སོགས་པའི་ཐོག་མར་འབྲེལ་བ་ཉིད་བཤད་པར་བྱའོ། །གལ་ཏེ་འབྲེལ་བ་དང་པོར་མ་བཀོད་ན་རྟོད་དཔྱོད་དང་ལྡན་པ་རྣམས་བདེ་བླག་ཏུ་འཇུག་པ་མི་སྤྲོ་བར་ལྡོག་སྲིད་པའི་ཕྱིར་རོ། །དེ་ན་ཐོག་མར་འབྲེལ་བ་བཤད་པ་ལ་གཉིས། གཞུང་གི་ལུས་སྤྱིའི་འབྲེལ་བ་དང༌། བྱེ་བྲག་ཏུ་དུམ་བུ་སོ་སོའི་འབྲེལ་བ་བཤད་པའོ། །

དང་པོ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་པ་ནི་གཞུང་འདིའི་སྤྱི་མིང་ཡིན་ལ། རྒྱུད་བཞི་ཞེས་པ་ནི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་དོན་གྱི་གནད་བསྡུས་པ་ས་བོན་ལྟ་བུར་སྟོན་པ་ལ་རྩ་བའི་རྒྱུད་ཅེས་པ་དང༌། དེ་དག་གི་དོན་མ་ལུས་པའི་རང་བཞིན་རྒྱས་པར་ཡལ་འདབ་ཀྱི་ཚུལ་དུ་བཤད་པ་ལ་བཤད་པའི་རྒྱུད་ཅེས་པ་དང༌། དེ་རྣམས་ཀྱི་གྲུབ་དོན་ལག་ཏུ་བླང་བྱའི་རིམ་པ་ཤིན་ཏུ་རྒྱས་པ་མེ་ཏོག་གི་ཚུལ་དུ་བཤད་པ་ལ་མན་ངག་གི་རྒྱུད་ཅེས་པ་དང༌། དེའི་ཡང་ཟབ་གནད་རྟོགས་སླ་ཞིང་རྒྱས་བསྡུས་འཚམ་པ་འབྲས་བུའི་ཚུལ་དུ་ཐ་མར་བཤད་པ་ལ་ཕྱི་མའི་རྒྱུད་ཅེས་པའི་ཐ་སྙད་འབྱུང་བ་བཞིན། འདིར་ཡང་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་བྱུང་ཞིང་མིང་གི་རྣམ་གཞག་བྱས་པས་དེ་བྱུང་གི་འབྲེལ་བ་གྲུབ་པ་ཡིན་ནོ། །འདིས་ནི་ཤུགས་ལ་གོ་རིམ་ངེས་པ་ཡང་བསྟན་པ་ཡིན་ནོ། །ཇི་སྐད་དུ། མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །གོ་རིམ་ངེས་པ་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་སྔ་མ་ལས་ཕྱི་མ་སྐྱེ་བ་དང༌། རགས་པ་དང་ཕྲ་བའི་དོན་གྱི་རིམ་པ་སྔ་ཕྱི་མ་ནོར་བར་བཤད་པའི་ཕྱིར་རོ། །

ལེའུ་དང་པོ། དུམ་བུ་བཞི་གའི་གླེང་བའི་གཞི་བཤད་པ།

གཉིས་པ་བྱེ་བྲག་ཏུ་དུམ་བུ་སོ་སོའི་འབྲེལ་བ་བཤད་པ་ལ། རྩ་རྒྱུད། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་དང་བཞི་ལས། ཕྱི་མ་གསུམ་གྱི་འབྲེལ་བ་ནི་སོ་སོའི་འགྲེལ་པར་འཆད་ལ།

འདིར་རེ་ཞིག་རྩ་བའི་རྒྱུད་ཀྱི་འབྲེལ་བ་ནི། ཐོག་མར་དུམ་བུ་བཞི་གའི་རྗེས་སུ་འགྲོ་བ་གླེང་གཞི་དང་གླེང་སློང་གི་ལེའུར་བསྟན་ནས། དེའི་རྗེས་སུ་རྩ་བའི་རྒྱུད་དངོས་ལ་ལེའུ་བཞི་ལས། ཐོག་མར་སྨན་དཔྱད་འཇུག་པའི་གཞི་ངོ་མ་ཤེས་ན་མུན་པའི་གནས་སུ་མདའ་འཕེན་པ་དང་འདྲ་བས་སྨན་དཔྱད་ཀྱི་ཡུལ་གནས་ལུགས་ནད་གཞིའི་ལེའུ་བཤད། དེའི་རྗེས་སུ་སྨན་དཔྱད་འཇུག་པའི་གཞི་ཙམ་པོ་བ་ཞིག་ངོས་ཟིན་ཀྱང་རླུང་མཁྲིས་བད་ཀན་སོ་སོར་མ་ཕྱེ་ན་དགྲ་གཉེན་འདྲེས་པའི་ཁྲོད་དུ་རྡོ་བ་འཕངས་པ་དང་འདྲ་བས་སོ་སོར་ངོས་འཛིན་པ་བརྟག་ཐབས་ཀྱི་ལེའུ་བཤད། དེ་ལྟར་རླུང་མཁྲིས་བད་ཀན་གྱི་འཕེལ་ཟད་ངོས་ཟིན་ནས་དགྲ་འདུལ་གཉེན་སྐྱོང་གི་ཚུལ་དུ་གསོ་ཐབས་ཀྱི་ལེའུ་བཤད། དེའི་རྗེས་སུ་མཇུག་བསྡུ་བ་རྟོགས་སླ་བའི་ཆེད་དུ་རྩ་བའི་རྒྱུད་ཀྱི་ལུས་ཡོངས་སུ་རྫོགས་པ་ལྗོན་ཤིང་གི་ཚུལ་དུ་བཀོད་པས་གོ་རིམ་ཇི་ལྟ་བ་བཞིན་དུ་འབྲེལ་ལོ། །དེ་ལྟར་འབྲེལ་བ་བརྗོད་ཟིན་ནས། ད་ནི་དགོས་དོན། བསྡུས་དོན། ཚིག་དོན། མཚམས་སྦྱོར། བརྒལ་ལེན་དང་བཅས་པ་ཡང་རིམ་པ་བཞིན་བཤད་པར་བྱའོ། །དེ་ལ་དང་པོ་དགོས་པའི་དོན་ཕལ་ཆེར་ནི་གོང་དུ་བཤད་ཟིན་ལ། འདིར་རྩ་བའི་རྒྱུད་ཁོ་ནའི་དགོས་པ་ནི། ཚིག་ཤིན་ཏུ་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པས་ཟབ་ལ། གླེགས་བམ་ཆེན་པོ་རྣམས་ལ་སྐྱོན་དུ་འཛིན་པ་དག་གི་འདོད་པ་བསྒྲུབ་པ་སོགས་ཁྱད་པར་བ་གཞན་ཡང་ཡོད་དོ། །

གཉིས་པ་བསྡུས་པའི་དོན་ལ་གཉིས། གཞུང་སྤྱིའི་བསྡུས་དོན་དང༌། བྱེ་བྲག་ཏུ་དུམ་བུ་སོ་སོའི་བསྡུས་དོན་ནོ། །དང་པོ་ནི། གླེང་བསླང་བའི་ལེའུ་ལས། རྒྱུད་བཞི་ལ་བསླབ་པར་བྱའོ་ཞེས་པ་ནས། རོ་ཙ་ལ་གཉིས་རྒྱུད་གསུམ་སྤྱི་ཁྱབ་ཡིན། ཞེས་པའི་བར་གྱིས་བསྟན་པ་ཡིན་ནོ། །

གཉིས་པ་དུམ་བུ་སོ་སོ་ལས་རྩ་བའི་རྒྱུད་ཀྱི་བསྡུས་དོན་ནི། ནད་གཞིའི་ལེའུར། དང་པོ་རྩ་རྒྱུད་མདོ་ཡི་གནས་བསྟན་པ། །ཞེས་པ་ནས་འདི་དག་རྩ་བའི་རྒྱུད་ཀྱི་སྡོམས་སུ་བཤད། །ཅེས་པའི་བར་གྱིས་བསྟན་ལ། ཕྱི་མ་གསུམ་གྱི་བསྡུས་དོན་ནི་སོ་སོའི་འགྲེལ་པའི་སྐབས་སུ་འཆད་པར་འགྱུར་རོ། །ཚིག་གི་དོན་དང་མཚམས་སྦྱོར་དང་བརྒལ་ལན་རྣམས་ནི། འོག་ནས་རིམ་པ་བཞིན་དུམ་བུ་རང་རང་གི་འགྲེལ་པའི་མཚམས་སུ་འཆད་པར་འགྱུར་བ་ལས་ཤེས་དགོས་སོ། །

གསུམ་པ་ཚིག་སོ་སོའི་དོན་བཤད་པ་ལ་གསུམ། སྒྱུར་བྱེད་ལོ་ཙཱ་བས་བསྒྱུར་བ་ལ་འཇུག་པ། བསྒྱུར་བྱ་གཞུང་གི་རང་བཞིན། འགྱུར་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། གཞུང་གི་མཚན་དང༌། འགྱུར་གྱི་ཕྱག་གོ །དང་པོ་ལའང་གཉིས་ཏེ། མཚན་བསྒྱུར་བ་དང༌། མཚན་དོན་བཤད་པའོ། །དང་པོ་མཚན་བསྒྱུར་བ་ལ། གཞན་ལུགས་མི་འཐད་པ་དགག་པ་དང༌། རང་ལུགས་འཐད་ལྡན་དུ་གཞག་པའོ། །དང་པོ་ནི། ཁ་ཅིག་(རྒྱུད་དོན་རབ་གསལ་དང༌། བཻཌཱུའི་ཆུ་རྒྱུན། ཊཱི་ཀྐ་མུན་སེལ་སྒྲོན་མེའི་མཁན་པོ་སོགས་སྔ་རབས་བ་ཀུན་)གིས་བསྒྱུར་པའི་ཚུལ་ལ་བཞི་སྟེ། སྒྲའི་ཁམས་གཅིག་ལ་ཉེ་བསྒྱུར་གྱི་རྐྱེན་དང་འཕྲད་ན་དོན་དུ་མར་འགྱུར་བ་ནི་སྒྲ་དྲངས་ཏེ་བསྒྱུར་བ་ཏེ། མ་ཎ་ཞེས་པ་ལ། པྲ་མ་ཎ་ཞེས་པ་ཚད་མ། ཨ་ནུ་མ་ཎ་ཞེས་རྗེས་དཔག །ཨ་བྷི་མ་ཎ་མངོན་པའི་ང་རྒྱལ་དུ་འགྱུར་བ་བཞིན་ནོ། །བརྒྱུད་དེ་བསྒྱུར་བ་ནི། རྒྱ་གར་ལས་བལ་པོ། དེ་ལས་བོད་དུ་བསྒྱུར་བ་ལྟ་བུ་སྟེ། རྒྱ་གར་དུ་པ་ཎི་ཞེས་པ་བལ་པོར་ལང་གུ། དེ་བོད་དུ་ཆུ་ཞེས་པ་ལྟ་བུའོ། །ཐད་ལོག་ཏུ་བསྒྱུར་པ་ནི་གོ་རིམ་འཆོལ་བ་སྟེ། ན་མོ་བུདྔྷཱ་ཡ་ཞེས་པ་ཕྱག་འཚལ་ལོ་སངས་རྒྱས་ལ་ཞེས་པ་ལྟ་བུ། རིམ་པར་བསྒྱུར་བ་ནི་བཛྲ་ས་ཏྭ་ཞེས་པ་རྡོ་རྗེ་སེམས་དཔའ་ཞེས་པ་ལྟ་བུ་རིམ་པ་ཇི་བཞིན་པ་དང་བཞི་ལས་འདིར་རིམ་པ་བཞིན་ནོ་ཞེས་ཟེར་བ་མི་འཐད་དེ། དང་པོ་ནི། རྣམ་གྲངས་བསྒྱུར་བ་ཞེས་པའི་ཐ་སྙད་མ་གོ་བ་ཡིན་ཏེ། གོ་ཞེས་པ་ལ་སོགས་པའི་ཚིག་གཅིག་དོན་དུ་མ་ལ་འཇུག་པ་སྐབས་ཐོབ་ཀྱི་དབང་གིས་གང་རུང་གཅིག་བསྒྱུར་བར་གསུངས་པ་ལ་ཉེ་བསྒྱུར་གྱི་བཤད་པ་བྱས་པ་ནོངས་སོ། །གཉིས་པ་ནི་དོན་ཕྱིན་ཅི་ལོག་ཏུ་རང་བཟོ་བྱས་པ་ཡིན་ཏེ། གུ་ལུ་ཞེས་པ་ལ་སོགས་པའི་སྒྲ་གཅིག་གིས་ཤླཽ་ལོ་ཀ་རྫོགས་པའི་དོན་སྟོན་པ་ཞིག་བསྒྱུར་བར་གསུངས་པ་ལ་ཡུལ་རིམ་པ་བཞིན་དུ་བསྒྱུར་པའི་རྣམ་གཞག་བྱས་པས་འཁྲུལ་ལོ། །གསུམ་པ་ཐད་ལོག་ཅེས་པ་ནི། བསྒྱུར་བའི་གནས་སུ་མ་གསུངས་ཤིང༌། མཁས་པ་རྣམས་ལ་མ་གྲགས་ལ། ཡན་ལག་བསྒྱུར་བ་ཞེས་པའི་གནས་ཆད་པའི་སྐྱོན་ཡང་ཡོད་དོ། །གཞན་ཡང་རང་བཞིན་འདོད་པའི་དོན་དང་བརྗོད་པའི་ཚིག་ལོག་པར་སོང་བ་ཡིན་ཏེ། བསམས་དོན་ན་མོ་བུདྔྷཱ་ཡ་ཞེས་པ་ཕྱག་འཚལ་ལོ་སངས་རྒྱས་ལ་ཞེས་པར་བསྒྱུར་དགོས་རྒྱུ་ཡིན་པ་ལ། ལོ་ཙཱ་བ་རྣམས་ཀྱིས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་པར་བསྒྱུར་བས་ཐད་ལོག་ཡིན་ཞེས་འདོད་པར་འདུག་ཀྱང་དེ་ལྟར་མ་བརྗོད་པས་རྣམ་པར་འཁྱམས་སོ། །བསྒྱུར་ཚུལ་དེ་ལྟ་བུ་ཡང་རང་ཐད་དུ་བསྒྱུར་བ་ལས་གཞན་མ་ཡིན་ཏེ། བསྒྱུར་ཚུལ་བཞི་ངེས་པ་གང་ཞིག་བརྒྱུད་དེ་བསྒྱུར་བ་དང་ཡན་ལག་བསྒྱུར་བ་དང་རྣམ་གྲངས་བསྒྱུར་བ་གང་རུང་མ་ཡིན་པའི་ཕྱིར་རོ། །ཐད་ལོག་ཅེས་པ་ཡི་གེའི་གདངས་སྐྱེ་བའི་ཁྱད་པར་འགའ་ཞིག་ལ་བརྗོད་པ་ནི་ཡོད་ཀྱི། སློབ་དཔོན་ཙནྡྲ་གོ་མིས། དྲག་དང་འབྲིང་དང་ཞན་པ་དང༌། །འཐུག་པོ་དང་ནི་ཐད་ལོག་གོ། །ཞེས་དང༌། མར་པ་ལོ་ཙཱས། སྒྲ་ཐད་ལོག་སྐད་ཀྱི་ཡིག་ཚངས་བསླབས། །ཞེས་གསུངས་པ་ཙམ་མ་གཏོགས་བསྒྱུར་བའི་གནས་སུ་བཤད་པ་མེད་དོ། །

གཉིས་པ་རང་གི་ལུགས་འཐད་ལྡན་དུ་རྣམ་པར་བཞག་པ་ནི། གནས་བརྒྱད་ཆེན་མོའི་རྩ་བ་ལས། བསྒྱུར་བའི་གནས་ནི་བཞི་སྟེ། བརྒྱུད་དེ་བསྒྱུར་བ་དང༌། ཡན་ལག་བསྒྱུར་བ་དང༌། རྣམ་གྲངས་བསྒྱུར་བ་དང༌། རང་ཐད་དུ་བསྒྱུར་བའོ་ཞེས་གསུངས་པ་ལྟར་བསྒྱུར་དགོས་པ་ལས། དེ་ཡང་བརྒྱུད་དེ་བསྒྱུར་བ་ལས། གུ་ལུ་ཞེས་པའི་སྒྲ་ལས་བརྒྱུད་པས། ཛམྦུའི་འབྲས་བུ་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ལ་ལྷུང༌། །ཉ་ཡིས་བཟའ་བའི་ཆེད་དུ་ནི། །གུ་ལུ་གུ་ལུ་ཞེས་སུ་སྨྲ། །ཞེས་པར་བསྒྱུར་བ་ལྟ་བུའོ། །ཡན་ལག་བསྒྱུར་བ་ནི། ཨ་ནེ་ན་ཧྲི་ཛ་མཻ་ཏྲེ་ཎ། །པྲ་བིཥྜ་ཧཾ་བ་ན་དྷ་རེ། །ཤིར་མཱ་ཀྲ་མྱ་ས་དེ་ན། །ཁཌྒན་མུ་ཥྜོཔ་ཚི༌དྱ། །ཞེས་པའི་ཐོག་མ་ཨ་པྲ་ཤི་ཁ་བཞི་པོ་སོ་སོར་ཕྲལ་ཏེ་བསྒྱུར་བས། སྙིང་དང་འདྲ་བའི་གྲོགས་པོ་འདིས། །དབེན་པའི་གནས་སུ་བདག་བཟུང་སྟེ། །རྐང་པས་མགོ་བོ་མནན་བྱས་ནས། །རལ་གྲིས་མགོ་བོ་ཉེ་བར་བཅད། །ཅེས་འགྱུར་བ་ལྟ་བུའོ། །རྣམ་གྲངས་བསྒྱུར་བ་ནི། ཀཽ་ཤི་ཀ་ཞེས་པའི་སྒྲ། བརྒྱ་བྱིན་དང༌། མཛོད་ལྡན་དང༌། ཀུ་ཤ་ཐོགས་པ་དང༌། མཁས་པ་དང༌། གུ་གུལ་དང༌། འུག་པ་རྣམས་ལ་འཇུག་པ་ལས། སྐབས་ཐོབ་ཀྱི་གང་ཡང་རུང་བ་ཞིག་ཏུ་བསྒྱུར་བ་ལྟ་བུའོ། །རང་ཐད་དུ་བསྒྱུར་བ་ནི་བསྒྱུར་ཚུལ་དེ་གསུམ་ལས་ལོགས་སུ་གྱུར་པ་ཀུན་ཡིན་ལ། འཆད་འགྱུར་གྱི་སྐད་འདི་ཉིད་ཀྱང་རང་ཐད་དུ་བསྒྱུར་བ་ཡིན་པས། འདི་ལ་གཉིས། སྐད་ངོས་གཟུང་བ་དང༌། བསྒྱུར་ཚུལ་དངོས་སོ། །དང་པོ་ནི། སློབ་དཔོན་དབྱུག་པ་ཅན་གྱིས། ངག་གི་རང་བཞིན་དེ་དག་ཀྱང༌། །ལེགས་སྦྱར་དེ་བཞིན་རང་བཞིན་དང༌། །ཟུར་ཆག་འདྲེས་མ་ཞེས་པ་སྟེ། །རྣམ་པ་བཞི་རུ་མཁས་པས་གསུངས། །ཞེས་བཤད་པ་ལྟར། སཾ་སྐྲྀ་ཏ་ལེགས་པར་སྦྱར་བ་སྟེ་ལྷའི་སྐད་དང༌། པྲ་ཀྲྀ་ཏ་རང་བཞིན་གྱི་སྐད་དང༌། ཨ་བ་བྷྲཾ་ཤ་ཟུར་ཆག་གི་སྐད་དང༌། དེ་རྣམས་འདྲེས་པའི་སྐད་དང་བཞིའོ། །ཡང་ན། འབྱུང་པོའི་སྐད་ཀྱི་རང་བཞིན་བརྗོད། ཅེས་བཤད་པས་འདྲེས་པའི་སྐད་བཞག་སྟེ། པི་ཤཱ་ཙི་འདྲེ་ཤ་ཟའི་སྐད་དང་བཞིའོ། །དེ་དག་བསྡུ་ན་ལེགས་སྦྱར་དང༌། ཟུར་ཆག་གཉིས་སུ་འདུས་ཏེ། བསྟན་བཅོས་རྣམས་སུ་ལེགས་སྦྱར་ལས། །གཞན་བ་ཟུར་ཆག་ཉིད་དུ་བརྗོད། །ཅེས་བཤད་པས་སོ། །དེ་ལྟར་བཤད་པའི་སྐད་རིགས་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ལེགས་སྦྱར་གྱི་སྐད་དུ་གཞུང་ལུགས་ཆེན་པོ་འདི་ཉིད་གསུངས་པ་ཡིན་ནོ། །

མཚན་བསྒྱུར་བ།

གཉིས་པ་བསྒྱུར་ཚུལ་དངོས་ནི། རྒྱ་གར་ཞེས་པ་འཕགས་པའི་ཡུལ་གྱི་དངོས་མིང་སྟེ། འདོད་རྒྱལ་གྱི་སྒྲ་ཡིན་ལ། ཡུལ་དེའི་སྐད་རིགས་རྣམས་ཀྱི་མཆོག་ཏུ་གྱུར་པ་ལེགས་པར་སྦྱར་བ་ལས་བྱུང་བ་ལྷའི་སྐད་དུ་གཞུང་འདིའི་མིང་ལ་ཨ་མྲྀ་ཏ་ཧྲི་ད་ཡ་ཨངྒ་ཨཥྚ་གུ་ཧྱ་ཨུ་པ་དེ་ཤ་ཏནྡྲ་ནཱ་མ་ཟེར་བ་ཡིན་ནོ། །དེ་དག་རང་ཅག་ཁ་བ་ཅན་པ་རྣམས་ཀྱི་ཡུལ་གྱི་དངོས་མིང་བོད་ཅེས་པ་སྟེ་འདོད་རྒྱལ་གྱི་སྒྲ་ཡིན་པ་དེའི་སྐད་དུ་རང་ཐད་བཞིན་བསྒྱུར་ན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་དག་ཏུ་འགྱུར་བ་ཡིན་ནོ། །

གཉིས་པ་མཚན་དོན་བཤད་པ་ལ་གསུམ། མཚན་འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། མཚན་དོན་དངོས་བཤད་པའོ། །དང་པོ་ནི་ལང་ཀར་གཤེགས་པ་ལས། །མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སྤང་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་དང༌། དཎྜིའི་ཚིག་རྒྱན་དུ། གལ་ཏེ་སྒྲ་དོན་སྣང་བ་ཡིས། །འཁོར་བ་གསལ་བར་མ་བྱས་ན། །འཇིག་རྟེན་གསུམ་པོ་མཐའ་དག་ནི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར། དངོས་པོ་ཐམས་ཅད་ལ་སྔོན་གྱི་བརྡ་མི་མཁན་པོ་སོགས་ཀྱིས་འདོད་རྒྱལ་དང་རྗེས་གྲུབ་གང་རུང་གི་སྒོ་ནས་བརྡ་དང་ཐ་སྙད་ལ་བསྟན་པའི་མིང་མ་བརྟགས་ན་དོན་རྟོགས་པར་ནུས་པ་མ་ཡིན་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པས། དོན་ཤེས་བྱེད་པ་དག་གི་རྒྱུ། །བརྡ་ནི་སྐྱེས་བུ་ལ་བརྟེན་པས། །ཞེས་དང༌། སྒྲ་ནི་ཁོ་བོས་འདི་དོན་དང༌། །འདི་དོན་མིན་ཞེས་བརྗོད་མི་བྱ། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་དངོས་པོ་རྣམས་ཀྱི་མིང་དེ་དང་དེར་གྲགས་པ་ནི་སྔོན་གྱི་བརྡ་ལས་བྱུང་ཞིང༌། བརྡ་དེ་ཡང་བརྗོད་འདོད་ལས་བྱུང་ལ། བརྡ་བཏགས་ཕྱིན་ཆད་མིང་དེ་ལས་དོན་གང་ཡིན་པ་དེ་ཉིད་བརྡ་ཤེས་པ་རྣམས་ཀྱིས་མ་འཁྲུལ་བར་གོ་ནུས་པ་ཡིན་ཏེ། བརྡ་སྦྱར་བ་ནི་ཐ་སྙད་ཀྱི་དུས་སུ་དོན་མི་གོ་ན་བརྡའི་ཐ་སྙད་ཐམས་ཅད་དོན་མེད་དུ་ཐལ་བའི་ཕྱིར། དཔེར་ན་གཞོན་ནུ་རོལ་པ་དང་དབང་པོ་རྡོ་རྗེ་ལ་སོགས་པ་སྡེབ་སྦྱོར་གྱི་མིང་དང༌། སྒྲའི་ཆ་ཤས་ཀ་དང་ག་ལྟ་བུ་རྣམས་ལ་སྒྲ་བཤད་དུ་མེད་ཀྱང་དོན་རྟོགས་ནུས་པ་ཡིན་ཏེ། རྣམ་འགྲེལ་ལས། གྲགས་པ་བརྡ་ཡི་རྗེས་འགྲོ་ཅན། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པ་སྟེ། །སྡེབ་སྦྱོར་མིང་དང་སྒྲ་ཆ་བཞིན། །ཞེས་བཤད་པའི་ཕྱིར་རོ། །འདིར་ཡང་སྔོན་སློབ་དཔོན་རྣམས་ཀྱི་ནད་དང་སྨན་གྱི་བྱེ་བྲག་མཐའ་དག་དང༌། དེ་སྟོན་བྱེད་ཀྱི་གཞུང་རྣམས་ལ་སོ་སོར་བརྡ་རེ་སྦྱར་ནས་བཞག་པ་དག་གི་རྗེས་སུ་འབྲངས་ནས་འདྲིས་པར་བྱས་པས་དོན་འཁྲུལ་མེད་དུ་ཤེས་པར་འགྱུར་བ་ཡིན་ལ། གལ་ཏེ་རང་རང་གི་བརྡ་ལ་མཁས་པ་རྣམས་ཀྱིས་ངག་གི་སྒྲས་དོན་སོ་སོ་ལ་བརྡ་མ་སྦྱར་བའམ། སྦྱར་ཡང་བརྡ་དེ་ཉིད་མི་ཤེས་ན་ངག་གི་སྒྲ་རྣམས་ལས་རྣམ་པ་ཐམས་ཅད་དུ་དོན་རྟོགས་པ་མི་སྲིད་པའམ། ཡང་ན་བརྡ་མི་ཤེས་པ་རྣམས་ཀྱིས་ཀྱང་ངག་གི་སྒྲ་རྣམས་ཐོས་པ་ཙམ་གྱིས་འབད་མེད་དུ་དོན་གོ་ནུས་པར་འགྱུར་ཏེ། དེ་ཉིད་ལས། འབྲེལ་བ་སྐྱེས་བུས་བྱས་མིན་ན། །བརྡ་རིག་མེད་པར་རྟོགས་པར་འགྱུར། །ཞེས་དང༌། འབྲེལ་བ་མ་བྱས་ཅན་མིན་ཏེ། །རང་ཉིད་ཤེས་པར་ཐལ་ཕྱིར་རོ། །ཞེས་དང༌། བརྗོད་བྱས་སྟོངས་པ་བརྗོད་རྣམས་ཀྱིས། །འདི་དེ་མི་ཤེས་ཀྱིས་བསླད་ཡིན། །ཞེས་བཤད་པའི་ཕྱིར་རོ། །

གཉིས་པ་མཚན་བཏགས་པའི་དགོས་པ་ནི། གཞུང་གི་དབུ་ཞབས་མི་འཁྲུག་ཅིང་གླེགས་བམ་གཞན་དང་མི་ནོར་བར་བཙལ་བདེ་བ་དང༌། མིང་ཙམ་ལ་བརྟེན་ནས་བརྗོད་བྱ་རགས་པ་ཞིག་རྟོགས་ནུས་པའི་དགོས་པ་ཡོད་དོ། །འོ་ན་སྐད་གཉིས་སྨྲས་པ་ལ་དགོས་པ་ཅི་ཡོད་ཅེ་ན། སྔོན་གཞུང་གི་ལུས་མཐའ་དག་སཾ་སྐྲྀ་ཏའི་སྐད་འབའ་ཞིག་ཏུ་ཡོད་ཅེས་པའི་བརྡ་ཡིན་པས་ཆོས་འདི་ཉིད་རྒྱ་གར་ནས་འབྱུང་བར་ཤེས་ཤིང༌། ཁུངས་བཙུན་པར་རྟོགས་པ་དང༌། དེ་རྣམས་རང་གི་སྐད་དུ་གོ་བདེ་བར་བསྒྱུར་བས་ལོ་ཙཱ་བ་ལ་དྲིན་དྲན་པར་བྱ་བའི་ཆེད་དང༌། ཡང་རྒྱ་སྐད་ཉུང་ངུ་འདི་ཙམ་ལ་བརྟེན་ནས་ལེགས་སྦྱར་གྱི་སྐད་དང་འཕགས་པའི་ཡུལ་ལ་བག་ཆགས་འཇོག་པའི་ཆེད་སོགས་དགོས་པ་མང་དུ་ཡོད་དོ། །

མཚན་དོན་དངོས་བཤད་པ།

གསུམ་པ་མཚན་དོན་དངོས་བཤད་པ་ནི། མྲྀ་ཏ་འཆི་བ་ལ་འཇུག་པ་དེའི་མགོར་དགག་པའི་ཨ་ཐུང་བཞག་པས་འཆི་མེད་ཅེས་གྲུབ་ལ། དེ་ནི་བདུད་རྩིའི་དོན་ཡིན་ལ། བདུད་རྩི་ཟས་སུ་བྱེད་པ་རྣམས་ལ་འཆི་མེད་ཅེས་ཨ་མ་ར་ཀོ་ཥ་རྩ་འགྲེལ་སོགས་མངོན་བརྗོད་ཀྱི་གཞུང་རྣམས་ལས་འབྱུང་བ་ལྟར་དོན་འགྱུར་གྱི་དབང་དུ་མཛད་ནས་བདུད་རྩི་ཞེས་པར་འགྱུར་བ་ཡིན་ནོ། །ཧྲི་ད་ཡ་ཞེས་པ་ཧྲིཿཉ་འཕྲོག་པའི་ཁམས་ལས་བྱུང་སྟེ། འོ་མ་ལས་མར་ལྟ་བུ་འཕྲོགས་པའམ་བསྡུས་པའི་དོན་གྱིས་ན་སྙིང་པོ་ཞེས་བྱ་བ་སྟེ། འདིར་ཡང་གསོ་བ་རིག་པ་བདུད་རྩི་དང་མཚུངས་པ་དེ་དག་གི་ཡང་སྙིང་པོ་ལྟ་བུར་རྨད་དུ་བྱུང་བས་ན་བདུད་རྩི་སྙིང་པོ་སྟེ་དཔེའི་སྒོ་ནས་གཏགས་པའོ། །རྣམ་པ་གཅིག་ཏུ་ན། འཆི་བདག་བདུད་ཀྱི་དཔུང་དང་བཅས་པ་ལས་སྲུང་ཞིང་སྐྱོབ་པའི་རྩི་རྣམས་ཀྱི་བཅུད་ཕྱུངས་པས་ཀྱང་དེ་སྐད་ཅེས་བྱ་བ་ཡིན་ནོ། །ཨངྒ་ཞེས་པ་ཡན་ལག་སྟེ་གྲངས་དུ་ཡོད་ཅེ་ན། ཨཥྚ་སྟེ་བརྒྱད་ཡོད་ཅེས་པའི་དོན་ཡིན་ལ། ཡན་ལག་བརྒྱད་ཅེས་པའི་ཤུགས་བསྟན་ལ་ཡན་ལག་དེ་རྣམས་དང་ལྡན་པའི་རྩ་བ་ཞིག་སྟོན་པ་ཡིན་ཏེ། དེ་ཡང་གང་ཞེ་ན། གཞུང་ལུགས་ཆེན་པོ་འདིས་གསོ་བར་བྱ་བའི་ཡུལ་སྤྱི་ཙམ་པ་ཞིག་ཡོད་པ་དེ་ཉིད་ཡིན་ལ། དེ་ལ་དབྱེ་ན་ལུས་ལ་སོགས་པའི་ཡན་ལག་བརྒྱད་ཡོད་པས་ན་ཡན་ལག་བརྒྱད་པ་ཞེས་བྱ་སྟེ་བརྗོད་བྱའི་སྒོ་ནས་བཏགས་པའོ། །གུ་ཧྱ་ཞེས་པ་ནི། གུད་སྦེད་པའི་བྱིངས་ལས་བསྒྲུབས་པས། སྣོད་ཞབས་རྡོལ་ལྟ་བུ་དང༌། སྣོད་ཁ་བུབ་ལྟ་བུ་དང༌། སྣོད་དུག་ཅན་ལྟ་བུ་སྟེ་དེ་འདྲའི་སྐྱོན་དང་བཅས་པའི་གང་ཟག་རྣམས་ལ་བསྟན་པར་མི་བྱ་ཞེས་པའི་དོན་གྱིས་ན་གསང་བ་སྟེ་སྣོད་ལ་བལྟོས་ནས་བཏགས་པའོ། །ཨུ་པ་དེ་ཤ་ཞེས་པ་ནི་མན་ངག་སྟེ། ནཱ་རོ་བས། དང་པོའི་སངས་རྒྱས་ཀྱི་ལུང་དྲངས་པར། མན་ངག་ཅེས་བྱ་གང་ཞེ་ན། །པོ་ཏི་ལ་སོགས་ལས་རྙེད་པ། །དྲང་དོན་རབ་ཏུ་སྟོན་པ་རྣམས། །ཇི་བཞིན་འདྲི་དང་ཀློག་པ་ནི། བླ་མ་བརྒྱུད་པའི་རིམ་པ་ཡིས། །གང་ཞིག་ངེས་དོན་སྟོན་པའོ། །ཞེས་གསུངས་པས། ཟབ་མོའི་གནད་མ་འཕྱུགས་པ་བླ་མ་བརྒྱུད་པ་ཟམ་མ་ཆད་པའི་གསུང་གི་རྒྱུན་ལས་ཉེ་བར་འོངས་པ་ཞིག་གི་དོན་ཡིན་ཏེ། ངོ་བོའི་སྒོ་ནས་བཏགས་པའོ། །ཡང་ན་ཨུ་པ་ནི་ཉེ་བ། དེ་ཤ་ནི་གདམས་པ་སྟེ། ཉེ་བར་གདམས་པ་ཞེས་ཟབ་མོའི་གནད་ལྷུག་པར་འབྱིན་པའི་དོན་ཡིན་ནོ། །འདིར་རྒྱ་སྐད་ལ་རྣམ་དབྱེ་ཕྱིས་པས་རྣམ་དབྱེ་དངོས་མ་བྱུང་ཡང༌། ལོ་ཙཱ་བས་དོན་ཐོབ་བསྒྱུར་བ་ནི་གི་ཞེས་པ་སྟེ། མན་ངག་དང་རྒྱུད་ཅེས་པའི་ཚིག་གོང་འོག་སྦྲེལ་བའི་སླད་དུ་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་ཡིན་པར་ཤེས་པར་བྱའོ། །ཏནྡྲ་ཞེས་བྱ་བ་ནི། ཏ་ནུ་ལུས་དང་ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་དབང་གིས་ལུས་སྐྱོབ་པ་ཞེས་པ་སྟེ། དེ་འདྲ་བའི་དོན་ཟབ་མོ་གཞུང་འདི་ཉིད་ལ་རྒྱུན་མི་འཆད་པར་གནས་པའི་དོན་གྱིས་རྒྱུད་ཅེས་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ། །ནཱ་མ་ནི་ཞེས་བྱ་བའམ་མིང་ཡིན་ལ། དེ་ཡང་གཞུང་འདིའི་མཚན་ལ་དེ་ལྟ་བུ་ཟེར་བ་ཡིན་ནོ་ཞེས་མིང་གསལ་བར་བྱེད་པའི་སྒྲ་ཡིན་ནོ། །འདིའི་སྐབས་སུ་བྲང་ཏི་དང་ཊཱི་ཀྐ་མུན་སེལ་སྒྲོན་མེའི་མཁན་པོ་སོགས། སྔ་རབས་ཕལ་ཆེར་གྱིས་མཚན་དོན་གྱི་སྒྲ་བཤད་བོད་སྐད་ཁོ་ན་ལ་བྱེད་པ་དང༌། ཁྱད་པར་ཡན་ལག་བརྒྱད་པ་ཞེས་འཆད་པའི་སྐབས་རྒྱུད་དོན་རབ་གསལ།སུ་ཁ་ཅིག་གིས་ཡན་ལག་བརྒྱད་པ་ལུང་གི་མཚན་ཞེས་དང༌། ཡན་ལག་བརྒྱད་པ་ནི་རྒྱུད་ཀྱི་རང་བཞིན་ཞེས་ཟེར་བ་དག་ནི་གཞུང་གི་དགོངས་དོན་གཏིང་མ་ཕྱིན་པའི་ཟོལ་སྦྱོར་ཡིན་ཏེ། ལུང་གི་མཚན་ཞེས་པ་ལུང་ཁུངས་གཞན་ཞིག་ལ་བསམས་པ་དང༌། རྒྱུད་ཀྱི་རང་བཞིན་ཞེས་པ་བརྗོད་བྱ་ལ་བསམས་པར་འདུག་ཀྱང༌། གཞུང་གི་རང་བཞིན་ཡན་ལག་བརྒྱད་མ་ཡིན་ཏེ། གཞུང་གི་རང་བཞིན་རྗོད་བྱེད་ཀྱི་ཚིག་ཡིན་ཞིང༌། ཡན་ལག་བརྒྱད་ནི་བརྗོད་བྱ་དོན་གྱི་རང་བཞིན་ཡིན་པའི་ཕྱིར་དང༌། གོང་འོག་སྔ་ཕྱི་ཡང་འགལ་བའི་ཕྱིར་རོ། ཡང་སྔ་རབས་པ་མུན་སེལ་སྒྲོན་མེ་དང་རྩོད་བཟློག་འཁོར་ལོའི་མཁན་པོ་སོགས། རྣམས་ཀྱིས་གསོ་བྱ་ཡུལ་གྱི་ནད་བརྒྱད་ལ་གསོ་བྱེད་གཉེན་པོའི་ཐབས་བརྒྱད་སྟོན་པའོ་ཞེས་པ་དང༌། ལུས་ཕ་དང་གཞན་རྣམས་བུ་བདུན་གྱི་ཚུལ་དུ་ཁྱབ་ཆེ་ཆུང་གི་རྣམ་པས་བཀོད་པ་ནི་དཔེ་དང་དཔེར་བྱའི་དོན་མཚུངས་པ་མ་ཡིན་ཏེ། དཔེར་བྱ་ཡན་ལག་བརྒྱད་དུ་བཀོད་པ་ལ་དཔེ་ཡང་ཡན་ལག་བརྒྱད་དུ་འགོད་དགོས་པ་ལས། ལུས་ཡན་ལག་ཅན་དུ་བྱས་པས་ཡན་ལག་གི་གྲངས་མ་ཚང་ཞིང༌། ཡན་ལག་བརྒྱད་ཀའི་རྩ་བ་ལྟ་བུ་ཞིག་ངོས་འཛིན་དགོས་པ་ལ། དེ་ཡང་མ་བྱུང་བའི་ཕྱིར་མི་འཐད་དོ། །ཡང་ཕྱིས་ཀྱི་མཁས་པ་དག་བྱང་པ་ནང་སོ་ཆོས་མཛད།འདིར་ལུས་དང་ཡན་ལག་གཉིས་ཀ་གསོ་བའི་ཐབས་རྟེན་བྱེད་ཡིན་པས། ལུས་ནི་མན་ངག་རྒྱུད་རིལ་བོ་དང༌། ཡན་ལག་ནི་ལུས་གསོ་པའི་ཐབས་དང༌། བྱིས་པའི་ནད་དང༌། མོ་ནད་དང༌། གདོན་གྱི་ནད་དང༌། མཚོན་གྱི་ནད་དང༌། དུག་གི་ནད་དང༌། རྒས་པའི་ནད་དང༌། རོ་ཙ་བའི་ནད་གསོ་བའི་ཐབས་དང་བརྒྱད་དེ། ཞེས་པ་དང༌། དེའི་སྒྲུབ་བྱེད་ལ་ཟླ་ཟེར་ལས། ཚེ་ཡི་རིག་བྱེད་ཅེས་བྱ་བའི་རྒྱུད་དེའི་ཡན་ལག་རྣམ་པ་བརྒྱད་ནི། ལུས་ཀྱི་ཡན་ལག་ལ་སོགས་པའི་དཔྱད་གནས་ཤིང་བརྟེན་པའི་ཡན་ལག་བརྒྱད་དུ་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ། །ཞེས་སོགས་འདྲེན་པར་མཛད་དོ། །དེ་ནི་ལུང་དོན་རྟོགས་པའི་རྟགས་ཡང་དག་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལུས་ཀྱི་ཡན་ལག་ལ་སོགས་པའི་དཔྱད་གནས་ཤིང་ཞེས་པ། རྗོད་བྱེད་ལུས་ལ་སོགས་པའི་ཡན་ལག་རྣམས་ཀྱི་ནད་སེལ་བའི་ཐབས་སྨན་དང་དཔྱད་ཀྱི་རིམ་པ་རྗོད་བྱེད་ཚིག་གི་ཚུལ་དུ་གཞུང་འདི་ཉིད་ལ་གནས་ཤིང་ཞེས་བྱ་བའི་དོན་དང༌། བརྟེན་པའི་ཡན་ལག་བརྒྱད་དུ་ཞེས་པ་གཞུང་དེའི་རྗེད་བྱེད་ཚིག་ལ་བརྟེན་པའི་ཡན་ལག་རྣམ་པ་བརྒྱད་དུ་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ། །ཞེས་པའི་དོན་ཡིན་པ་ལ་རྗོད་བྱེད་ཀྱི་གཞུང་ལ་ཡན་ལག་ཏུ་སྦྱར་བ་དང་འདིར་ལུས་དང་ཡན་ལག་གཉིས་ཀ་ཞེས་པ་དང༌། ལུས་མན་ངག་རྒྱུད་རིལ་པོ་ཞེས་སོགས་སྨོས་པས། ལུས་ཡན་ལག་མ་ཡིན་པར་ཁས་བླངས་ལ། དེ་ལྟ་ན་ཡན་ལག་བདུན་པར་འགྱུར་བ་དང༌། གལ་ཏེ་ལུས་ཀྱང་ཡན་ལག་ཡིན་ནོ་ཞེས་བསྙོན་ན། ལུས་མན་ངག་རྒྱུད་རིལ་པོ་ཞེས་སྨོས་པས་ལུས་ཡན་ལག་དང་ཡན་ལག་ཅན་གཉིས་ཀ་ཡིན་པར་འགལ་ཏེ་འཐད་པའི་ཕྱོགས་ཙམ་ཡང་མེད་དོ། །དེ་བཞིན་དུ་མན་ངག་ཕལ་ཆེར་ཀྱིས་ཅེས་པ་ལའང༌། ཚེགས་ཆུང་དོན་ཆེ་བྱ་སླ་དཔག་པར་དཀའ། །ངེས་བར་མྱུར་དུ་འགྲུབ་ཕྱིར་མན་ངག་ཡིན། །ཞེས་མི་ཤེས་པ་ཞིག་གིས་བྱས་པའི་ཚིག་འདི་ཉིད་ཀྱི་རྗེས་སུ་འབྲངས་ནས་ལུང་དུ་འདྲེན་པ་ཞིག་འདུག་ཀྱང༌། བྱ་སླ་བ་དང་དཔག་པར་དཀའ་བ་འགལ་ཞིང༌། དཔག་པར་དཀའ་བ་དང་ངེས་པར་མྱུར་དུ་འགྲུབ་པ་གཉིས་འགལ་བའི་ཕྱིར། ཡོངས་སུ་འཁྲུལ་བ་ཡིན་ནོ། །

རྒྱུད་ཅེས་པའི་གོ་དོན་བཤད་པ།

རྒྱུད་ཅེས་པ་ལ་(བྲང་ཏི་)ཡང་ཁ་ཅིག་རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། དབྱེ་བ་རྣམ་པ་གསུམ་དུ་འགྱུར། ལུས་ནད་གཉེན་པོ་གསུམ་བདག་གཅིག་པ་རྒྱུའི་྄གྱུད། ལུལ་ལ་བརྟེན་ནས་ནད། ནད་ལ་བརྟེན་ནས་རྟགས། །རྟགས་ལ་བརྟེན་ནས་གསོ་ཐབས་འབྱུང་བས་ཐབས་ཀྱི་རྒྱུད། གནས་སྐབས་ནད་ཀྱི་སྡུག་བསྔལ་ཞི། མཐར་ཐུག་བླ་ན་མེད་པའི་ལམ་དུ་ཡོད་པས་འབྲས་བུའི་རྒྱུད་དོ། ཞེས་ཟེར་བ་མི་འཐད་དེ་སྐབས་ཀྱི་དབྱེ་བ་རྣམ་གསུམ་དུ་འགྱུར་ཞེས་པ་ནི། གང་བྱང་ཆུབ་པ་རྒྱུའི་རྒྱུད། གང་གིས་བྱང་ཆུབ་པ་ལམ་གྱི་རྒྱུད། གང་དུ་བྱང་ཆུབ་པ་འབྲས་བུའི་རྒྱུད་དང་རྣམ་པ་གསུམ་སྟེ། དེ་དག་ནི་གཞི་ལམ་འབྲས་བུའི་རྒྱུད་ཀྱི་ཆོས་ཉིད་ལ་བཤད་པས་འདིར་སྦྱོར་བ་སྐབས་སུ་མ་བབ་ཅིང༌། སྦྱོར་ཚུལ་ཀྱང་མི་ཤེས་པས་ནོངས་ལ། ཁྱད་པར་དུ་གཞུང་འདི་ཉིད་རྒྱུའི་ཐེག་པ་ཡིན་པས་གསང་སྔགས་ཀྱི་རྒྱུད་རྣམས་དང་འཆད་ལུགས་མི་མཐུན་ཏེ། རྒྱུད་ཅེས་པའི་ཚིག་ཙམ་ལ་འཁྲུལ་ན་ནི་ཧ་ཅང་ཐལ་ཆེས་སོ། །

ཡང་ཁ་ཅིག་(བཻཌཱུརྱའི་མཁན་པོ། )རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་ཁུང་བརྒྱུད་པས་ཀྱང་རྒྱུད་དོ། །ཞེས་ཟེར་བ་ཡང་གསང་སྔགས་རྙིང་མ་བ་རྣམས་ཀྱི་བླ་མའི་བརྒྱུད་པ་ལ་གྲགས་པ་ཙམ་མ་གཏོགས་རྒྱུད་ཅེས་པའི་དོན་ལ་སྦྱོར་བ་ནི་རྨོངས་པའོ། །གླེང་གཞི་དང་ནི་གླེང་སློང་དང༌། །ཞུས་པ་དང་ནི་ཞུ་ལེན་དང༌། །ལེའུ་འབྲེལ་དང་བཅས་པ་དང༌། །འཁོར་གྱིས་བསྟོད་དང་སྟོན་པས་བསྟོད། །དེ་བདུན་ལྡན་ཕྱིར་རྒྱུད་ཅེས་བྱ། །ཞེས་ཙ་ར་ཀ་ལས་གསུངས་པས་དོན་དེ་བདུན་དང་ལྡན་པའི་གཞུང་རྣམས་ལ་རྒྱུད་ཅེས་བྱའོ། །ཞེས་པ་ཀུན་ལ་གྲགས་པར་སྣང་ཡང༌། དེ་ནི་ཙ་ར་ཀའི་ལུང་ཡིན་པའི་ངེས་པ་མི་འདུག་ཅིང༌། དོན་དེ་ལ་ཡང་སྐྱོན་འདི་ལྟར་འདུག་སྟེ། གླེང་གཞི་སོགས་བདུན་པོ་ཡོད་པ་ཀུན་ལ་རྒྱུད་དུ་འཇོག་ན་ཤེར་སྙིང་དང་འདུལ་བ་ལུང་སོགས་ཀྱང་རྒྱུད་དུ་ཐལ་ལ། དེ་བདུན་མེད་པས་རྒྱུད་དུ་མི་འགྱུར་ན་ཡན་ལག་བརྒྱད་པ་དག་ཀྱང་རྒྱུད་མ་ཡིན་པར་འགྱུར་བས་ལུང་རྣམ་དག་མ་ཡིན་ནོ། །གལ་ཏེ་ཡན་ལག་བརྒྱད་པ་རྒྱུད་མ་ཡིན་པར་འདོད་དོ་ཞེ་ན། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་མ་ཡིན་པ་ནི་བདེན་ལ། གསོ་བྱེད་ལ་བལྟོས་པའི་རྒྱུད་ཅེས་བྱ་བར་བཤད་པ་ཡིན་ཏེ། དེ་ཉིད་དུ། དེ་རྣམས་ཀྱིས་རྒྱུད་སོ་སོར་བྱས་ཞེས་དང༌། དེའི་འགྲེལ་པ་ཟླ་ཟེར་དུ། འདོད་པའི་ལྷ་ལ་ཕྱག་བྱས་ནས་དེའི་འོག་ཏུ་སྨན་དཔྱད་ཀྱི་རྒྱུད་བྱེད་པས་རྒྱུད་འདི་ཐམས་ཅད་རྩོམ་པ་ལ་འཇུག་པ་ཡིན་ནོ།  །ཞེས་དང༌། ཚེའི་རིག་བྱེད་ཅེས་བྱ་བའི་རྒྱུད་ཅེས་པ་ལ་སོགས་པ་གསུངས་པའི་དབང་གིས་ན་ཡན་ལག་བརྒྱད་པ་ཡང་རྒྱུད་ཡིན་ལ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། ཞེས་སོགས་ཀྱི་དངོས་བསྟན་བསྟན་བྱར་གྱུར་པའི་རྒྱུད་ནི་འདི་ཉིད་ཀྱང་མ་ཡིན་ཏེ། གནོད་བྱེད་ཤིན་ཏུ་མང་བའི་ཕྱིར་རོ། །དེས་ན་མཚན་ཀྱི་དོན་འདི་ཙམ་ལ་ཡང་མི་འཐད་པའི་བརྗོད་པ་སྣ་ཚོགས་བྱུང་བ་ནི། སྔོན་ཆད་འགྲེལ་བྱེད་པ་མཁས་པས་མཛད་པ་མ་བྱུང་ངོ་ཞེས་པ་མཚོན་པར་བྱས་སོ། །

འགྱུར་གྱི་ཕྱག

གཉིས་པ་འགྱུར་གྱི་ཕྱག་ལ་ཡང་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག(་བཻ་ཌཱུརྱའི་མཁན་པོ།)གིས། རྣམ་པར་རྟོག་པའི་སྡིག་སྒྲིབ་ཕྱག་པས་ན་ཕྱག །དེ་ལ་ལུས་གུས་པ། ངག་བསྟོད་དབྱངས། ཡིད་དང་བ་ཞིག་འཚལ་བས་ན་འཚལ་ཞེས་པའོ། །ཞེས་ཕྱག་གི་སྒྲ་བཤད། ཉན་ཐོས་ཀྱི་དཔྲལ་སྡེབ་ཕྱག །སྔགས་པའི་མགོ་སྤྲུག་གི་ཕྱག་ཅེས་སོགས་གསུང་རབ་རྣམས་དང་མི་མཐུན་པ་མང་པོ་ཞིག་འདུག་ཀྱང་རེ་ཞིག་དགག་པའི་སྤྲོས་པ་མངས་ཀྱིས་དོགས་ནས་བཞག་གོ །ཡང་མཁས་(བྱང་པ་བདག་ཆེན།)པ་ཁ་ཅིག །ཕྱག་འཚལ་ཚིག་ལྷུག་པ་དང་ཚིགས་བཅད་གཉིས་ཀ་ལོ་ཙཱ་བའི་འགྱུར་གྱི་ཕྱག་ཏུ་མཛད་པ་མི་འཐད་དེ། ཤློ་ལཽ་ཀ་གཅིག་གིས་ཕྱག་འཚལ་བ་དེ་ཉིད་བཀའ་བསྡུ་བ་པོས་བསྡུ་བ་མཐར་ཕྱིན་པའི་ཆེད་དུ་འཚལ་བའི་ཕྱག་ཡིན་པའི་ཕྱིར་རོ། །

གཉིས་པ་རང་ལུགས་ལ། དགོས་དོན། བསྡུས་དོན། ཚིག་གི་དོན་དང་གསུམ་ལས། དང་པོ་ནི། སྒྱུར་བ་པོ་ལོ་པཎ་རང་ཉིད་སྐྱེས་བུ་དམ་པའི་སྤྱོད་པ་དང་མཐུན་ཞིང་འགྱུར་མཐར་ཕྱིན་པའི་ཆེད་དང༌། སངས་རྒྱས་སྨན་བླའི་སྐུ་ཆེ་བའི་ཡོན་ཏན་དེ་ལྟ་བུ་གདུལ་བྱ་ལམ་ལ་མ་ཞུགས་པ་རྣམས་ཀྱིས་ཐོས་ཀྱང་དད་པ་ལྷག་པར་སྐྱེས་ཏེ་རྗེས་སུ་འཇུག་པར་བྱ་བའི་ཕྱིར་ཕྱག་འཚལ་བ་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ནི། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའི་ཚིག་འདིས་སངས་རྒྱས་སྨན་བླ་ལ་རྒྱུ་འབྲས་ཕུན་སུམ་ཚོགས་པ་སྐུ་གཉིས་དང་ལྡན་པར་བསྟན་པ་ཡིན་ནོ། །གསུམ་པ་ཚིག་གི་དོན་ནི་བཅོམ་ལྡན་ཞེས་པ་ནས་ཕྱག་འཚལ་ལོ་ཞེས་པའི་བར་གྱིས་སྟོན་ཏེ། དེ་ཡང་བཅོམ་ལྡན་འདས་ཞེས་པ་ནི་བྷ་ག་ཞེས་པའི་སྒྲ་ལས་དྲངས་ནས་བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་མཐའ་དག་བཅོམ་པའི་དོན་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེས། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་དག །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་ཀུན། །དེ་བཅོམ་པས་ན་བཅོམ་ཞེས་བརྗོད། ཅེས་གསུངས་པའི་ཕྱིར་བཅོམ་པའམ། ཡང་ན་སྒྲ་སྦྱོར་བམ་པོ་གཉིས་བར། བྷ་ག་ནི་ལེགས་པ་རྣམ་པ་དྲུག་གི་མིང་སྟེ། །གཟུགས་དང་གྲགས་པ་དང་དབང་ཕྱུག་དང་དཔལ་དང་ཡེ་ཤེས་དང་བརྩོན་འགྲུས་ཏེ་འདི་དྲུག་གི་སྤྱི་ལ་བྱ་ཞེས་པ་དང༌། རྡོ་རྗེ་རྩེ་མོ་ལས་ཀྱང༌། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་འདི་ལ་སྐལ་ཞེས་བྱ། །ཞེས་གསུངས་པ་ལྟར་ཡོན་ཏན་དྲུག་པོ་དག་གི་སྤྱི་གཞི། དེ་ལ་སྐལ་བའམ་བྷ་ག་ཞེས་བྱ་ལ། དེ་དག་སངས་རྒྱས་སྨན་བླ་ལ་ཡོད་ཅེས་པའི་དོན་དུ་ལྡན་རྐྱེན་བྱིན་པ་ལས་བྷ་ག་ཝན་ཞེས་པ་འབྱུང་སྟེ། དེ་ཡང་བམ་པོ་གཉིས་པར། ཝན་ཞེས་འབྱུང་བ་ནི་བྷ་ག་འདི་ལ་ཡོད་པས་བྷ་ག་ཝན་ཞེས་ལྡན་པར་བཤད་དོ། །རྣམ་གྲངས་འདི་སྐད་དུ་བྱ་བ་ལས། སྔར་བསྒྱུར་བའི་ཚིག་གྲགས་པ་བཙན་པར་བྱས་ཏེ། བཅོམ་ལྡན་ནོ། །འདས་ཞེས་བྱ་བ་ནི་མདོ་སྡེ་དག་ལས། སངས་རྒྱས་ཀྱི་ཡོན་ཏན་ལས་མཚན་འཇིག་རྟེན་ལས་འདས་པའོ་ཞེས་འབྱུང་བ་ནི། འཇིག་རྟེན་པའི་བྷ་ག་ཝན་ལས་ཁྱད་པར་དུ་འདས་ཞེས་བླ་ཐབས་སུ་བསྣན་ཏེ་བཅོམ་ལྡན་འདས་ཞེས་བཏགས། འཇིག་རྟེན་པའི་བྷ་ག་ཝན་ཞེས་བྱ་བ་ནི་འཇིག་རྟེན་པའི་གཞུང་ཉིད་ལས་ཀྱང་བཅོམ་པར་མི་འཆད་དེ། ལེགས་པ་དང་ལྡན་ཞེས་འཆད་པས་འཇིག་རྟེན་པའི་བྷ་ག་ཝན་ནི་ལེགས་ལྡན་ཞེས་གདགས།  ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཞེས་བྱ་བ་ཡིན་ནོ། །འདི་ལྟ་བུའི་འཆད་ལུགས་མི་ཤེས་པར་ཕལ་ཆེར་ཀྱིས་བཞི་བཅོམ་དྲུག་ལྡན་གྱི་བཤད་པ་བྱས་པ་ལ་མཁས་(ས་པཎ)པ་དག་གིས་དགག་པ་མཛད་ཡོད་པས་ངེས་དགོས་སོ། །དེ་ལྟར་གཞན་རྣམས་ལ་ཡང་ཞིབ་ཏུ་དཔྱད་ན་ལེགས་མོད་ཀྱང་མངས་བར་དོགས་པས་སྤྲོས་པ་བཞག་ནས་ངག་དོན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཇི་ལྟ་བར་མཁྱེན་པའི་གནས་སུ་གཤེགས་པས་ན། ཉོན་མོངས་པས་བསྡུས་པའི་གཟུང་འཛིན་གྱི་དགྲ་མ་ལུས་པ་བཅོམ་པ་ཡིན་ཞིང༌། བྲལ་བ་དང་རྣམ་སྨིན་གྱི་ཆོས་ཐམས་ཅད་ཡང་དག་པར་ཁོང་དུ་ཆུད་པའམ་སྐུ་ལ་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་བཤད་མ་ཐག་པའི་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་ནི་སངས་རྒྱས་ཁོ་ན་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཡང་སྐྱབས་འགྲོ་བདུན་ཅུ་པར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཞེས་པ་ནི་སྤྱིའི་སྒྲ་ཡིན་ལ། ཁྱད་པར་དུ་བྱ་བའི་ཚིག་ནི་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་སྨོས་ཏེ། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀུན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་ནས་རོ་གཅིག་ཏུ་གྱུར་པས་དབྱེར་མི་ཕྱེད་ཀྱང༌། གདུལ་བྱའི་སྣང་ངོར་སྤྲུལ་པའི་ཆ་ལུགས་སྣ་ཚོགས་སུ་འཆར་བ་ཞིག་ལས། འདིར་རིས་མེད་པའི་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་ག་ལ་སྨན་པ་དང་བདེ་བ་དཔག་ཏུ་མེད་པ་སྦྱིན་པ་ལ་མཚན་སྨན་གྱི་བླ་མ་ཞེས་པ་དེ་དག་གཟུགས་སྐུའི་ཁྱད་པར་ནི། རིན་པོ་ཆེ་བཻ་ཌཱུརྱ་ལ་སེར་པོ་དང་སྔོན་པོ་དང་དཀར་པོ་གསུམ་དུ་འབྱུང་བའི་ནང་ནས་སྔོན་པོ་དེའི་ཁ་དོག་དང་འོད་ཟེར་དཔག་ཏུ་མེད་པ་ལྟར་སྐུའི་རྣམ་པ་སྔོ་ཞིང་ནམ་མཁའ་ལྟར་ཚད་གཞལ་དུ་མེད་ལ། དེའི་འོད་ཟེར་རྣམས་འགྲོ་བ་གང་ལ་འཕོག་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་ནད་ཀུན་བདེ་བླག་ཏུ་སེལ་བར་ནུས་པས་ན་འོད་ཀྱི་རྒྱལ་པོ་སྟེ། དེ་འདྲ་བའི་སྐུ་ཅན་གང་ཡིན་པ་དེ་ལ་འགྱུར་མཐར་ཕྱིན་པའི་ཆེད་དུ་ལོ་པཎ་གཉིས་ཀྱིས་ཕྱག་འཚལ་ལོ་ཞེས་པའི་དོན་ཡིན་ནོ། །སྐུ་མདོག་དེ་ལྟ་བུ་ཡང་གང་ལས་བྱུང་སྙམ་ན། མདོ་བརྒྱད་བརྒྱ་པར། གང་གི་ཚེ་བདག་མ་འོངས་པ་ན་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན་ལུས་ནོར་བུ་རིན་པོ་ཆེ་བཻཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང༌། དྲི་མ་མེད་ལ་འོད་གསལ་བ་དང༌། ཁོ་ལག་ཡངས་ཤིང་རྒྱ་ཆེ་བ་དང༌། དཔལ་དང་གཟི་བརྗིད་འབར་བ་དང༌། ལེགས་པར་གནས་པ་དང༌། ཉི་མ་དང་ཟླ་བ་ལས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག  ཅེས་པའི་སྨོན་ལམ་ཡང་དག་པར་གྲུབ་པ་ལས་བྱུང་བ་ཡིན་ནོ། །

འདིར་ཕྱག་ལ་གཉིས་ཏེ། བརྡའི་ཕྱག་དང༌། དོན་གྱི་ཕྱག་གོ་ །དང་པོ་ལ། དཀྱིལ་འཁོར་ལྔ་པ་དང་རྐྱང་པ་དང༌། གང་ལ་འཚལ་བ་དེའི་སྒྱིད་པ་ལ་འཁྱུད་པའོ། །དེ་ཡང་དང་པོའི་སངས་རྒྱས་ལས། དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །སོར་མོ་རྣམས་ནི་ཕན་ཚུན་དུ། །སྤྱི་བོར་ལག་པའི་མཐིལ་བཞག་ནས། །རྩེ་གཅིག་དེ་ནི་གྲི་གུག་གོ། །ཞེས་པ་ལྟར་རོ། །གཉིས་པ་ནི། རང་རང་གི་ཆོས་ཉིད་ཀྱི་དོན་རྟོགས་པ་ལ་བྱ་སྟེ། འཕགས་པ་ནཱ་གཱརྫུ་ནས། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པས་སོ། །ཞེས་མཁས་པ་ཀུན་གསུང་མོད་ན་ཡང༌། ཁོ་བོའི་ཡིད་ལ་འདི་སྐབས་ཀྱི་ཕྱག་ནི་འཚལ་བའི་ཡུལ་དེ་ཉིད་ཡིད་ལ་བྱས་ནས་དད་པ་རྩེ་གཅིག་པས་འདུད་པར་བསམ་པ་དག་ཡིན་པར་སེམས་སོ། །

བསྒྱུར་བྱ་གཞུང་གི་རང་བཞིན་བཤད་པ།

གཉིས་པ་བསྒྱུར་བྱ་གཞུང་གི་རང་བཞིན་བཤད་པ་ལ་གསུམ། ཐོག་མར་དགེ་བ་གླེང་གཞི། བར་དུ་དགེ་བ་གཞུང་དོན། ཐ་མར་དགེ་བ་མཇུག་དོན་བཤད་པའོ། །དང་པོ་ལ་གཉིས། བསྡུ་བ་པོའི་ཕྱག་དང༌། གླེང་གཞི་དངོས་བཤད་པའོ། །

དང་པོ་ནི། ཐུགས་རྗེས་ཞེས་པ་ནས་ཕྱག་འཚལ་ལོ་ཞེས་པའི་བར་གྱིས་སྟོན་ཏེ། སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པ་ལས་བྱུང་བའི་ཐུགས་རྗེ་ཆེན་པོས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་རང་བཞིན་དང་དབང་པོ་དང་བག་ལ་ཉལ་སོགས་ལྐོག་གྱུར་གྱི་དོན་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སྒོ་ནས་གང་ལ་གང་འདོད་པ་དང་ཇི་ལྟར་འཚམ་པའི་ཆོས་ཀྱིས་འདོད་པའི་དོན་བདེ་བླག་ཏུ་བསྒྲུབ་པར་མཛད་པའི་སྐྱེས་བུ་ཆེན་པོ་བཅོམ་ལྡན་འདས་དེ་དག་གི་སྐུ་དངོས་སུ་མཐོང་ན་ལྟ་སྨོས་ཀྱང་ཅི་དགོས། འགྲོ་བ་སུའི་རྣ་ལམ་དུ་མཚན་ཙམ་ཐོས་པས་ཀྱང་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་དྲག་པོ་ལས་སྐྱོབ་ནུས་ཤིང༌། ཁྱད་པར་དུ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་རྒྱུ་དུག་གསུམ་དང་དེས་བསྐྱེད་པའི་འབྲས་བུ་རླུང་མཁྲིས་བད་ཀན་དང་བཅས་པའི་ནད་སེལ་བ་ལ་ལྷག་པར་ཡང་སྨོན་པ་གྲུབ་པའི་སངས་རྒྱས་སྨན་གྱི་བླ་མ་ཞེས་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེ་ལ་བསྡུ་བ་པོ་བདག་གིས་བསྡུ་བ་མཐར་ཕྱིན་པའི་ཆེད་དུ་གུས་པས་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །

གཉིས་པ་གླེང་གཞི་དངོས་བཤད་པ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། འདི་སྐད་ཅེས་སོགས་ཏེ། འདི་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། སྨན་པར་ཁས་འཆེ་(བྲང་ཏི་དང་བྱང་པ་སོགས་)བ་ཕལ་ཆེར་དག་གིས་བཤད་པ་ཞེས་འདོད་ཅིང༌། བཤད་པ་དང་ཐོས་པའི་འགལ་བ་སྤོང་པ་ལ་ཤིན་ཏུ་ངལ་བ་དག་མཐོང་སྟེ། ཅི་ལྟར་ཞེ་ན། ལེགས་སྦྱར་སྐད་དུ་ཨེ་ཝཾ་མ་ཡ་ཤུ་ཏ་ཞེས་ཞུགས་པ་ལས་བཤད་ཐོས་ཀྱི་རྣམ་དབྱེ་མེད་ལ། ལོ་ཙཱ་བས་རྒྱུད་དོན་ལ་བརྟགས་པས་སྟོན་པ་དང་སྡུད་པ་པོ་དགོངས་པ་དབྱེར་མེད་དུ་སྣང་བས་བཤད་ཅེས་པ་དང༌། ཁྱད་པར་སྣང་བ་ཐོས་ཞེས་དོན་འགྱུར་མཛད་པ་སྟེ་ཞེས་དང༌། ཁ་ཅིག་མདོ་རྒྱུད་ཕལ་ཆེར་དུ་ཐོས་པ་འབྱུང་ལ་འདིར་བཤད་པ་བྱུང་པས་གླེང་གཞི་གོ་ལོག་ཅེ་ན། བཤད་པ་སྟོན་པའི་ངོས་ནས་ཐོས་པ་འཁོར་གྱི་ངོས་ནས་ཏེ་ཞེས་སོགས་མང་དུ་མཐོང་ངོ༌། །དེ་ལ་སླར་འདི་འདྲི་དེ། རྒྱུད་བཞི་པོ་འདིའི་བཀའ་བསྡུ་བ་པོ་དེ་གང་ཡིན། དྲང་སྲོང་རིག་པའི་ཡེ་ཤེས་རིགས་བཞི་པོ་གང་རུང་ཡིན་ནོ་ཞེ་ན་མི་འཐད་དེ། དེ་བཞི་ཀས་རང་རང་གི་རྒྱུད་རེ་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་ཏུ་སྤྲུལ་པ་བསྡུས་པ་དངོས་སུ་བཤད་ཅིང༌། སྟོན་པས་བསྡུ་བ་པོ་བྱེད་པ་འགལ་ཏེ། སྟོན་པ་མྱ་ངན་ལས་མ་འདས་པའི་གོང་དུ་བཀའི་བསྡུ་བ་གཅིག་ཀྱང་མ་བྱས་པའི་ཕྱིར་དང༌། སྟོན་པ་མྱ་ངན་ལས་འདས་ནས་རེ་ཞིག་ལོན་པ་ན་ཉེ་བར་འཁོར་དང༌། ཀུན་དགའ་བོ་དང༌། འོད་སྲུང་སོགས་དགྲ་བཅོམ་པ་རྣམས་ཀྱིས་སྡེ་སྣོད་གསུམ་དང༌། ཕྱག་ན་རྡོ་རྗེ་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུད་སྡེ་རྣམས་བསྡུས་སོ་ཞེས་མཁས་པ་ཀུན་ལ་གྲགས་པའི་ཕྱིར་རོ། །ཡང་བསྡུ་བོ་པ་དྲང་སྲོང་ཡིད་ལས་སྐྱེས་ཡིན་ནོ་ཞེ་ན། འོ་ན་བདག་གིས་བཤད་པ་ཞེས་བྱ་བ་མི་འཐད། རྒྱུད་དུ་ཞུ་བ་པོ་ཡིན་པའི་ཕྱིར། གལ་ཏེ་ཞུ་བ་པོའི་ཚུལ་བསྟན་པ་ཙམ་མ་གཏོགས་སྟོན་པའི་གསུང་གི་སྤྲུལ་པ་ཡིན་པས་གསུང་བ་པོ་དང་དབྱེར་མེད་དོ་ཞེ་ན། འོ་ན་ཕྱག་ན་རྡོ་རྗེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཡིན་ནོ་ཞེས་བཤད་པས། དེས་བསྡུས་པའི་རྒྱུད་རྣམས་ལའང་བདག་གིས་བཤད་པ་ཞེས་འབྱུང་རིགས་ཏེ་རྒྱུ་མཚན་མཚུངས་སོ། །དེ་འདྲ་བ་ནི་གསང་སྔགས་རྙིང་མ་བའི་རྒྱུད་གསང་བ་སྙིང་པོ་ཙམ་མ་གཏོགས་གང་ལའང་མི་འབྱུང་ཞིང༌། དེ་ནི་ཐེ་ཚོམ་ཅན་དུ་བཤད་པས་ཁུངས་མ་ཡིན་ནོ། །གཞན་ཡང་ལེགས་སྦྱར་གྱི་སྐད་ལ་ཤྲུཏའམ་སྲུ་ཏ་ཞེས་པ་གང་རུང་ཡོད་ཕྱིན་ཆད་ལོ་ཙཱ་བས་བཤད་ཅེས་པར་བསྒྱུར་མི་སྲིད་དེ། འདི་གཉིས་བཤད་པ་ལ་འཇུག་པའི་སྐབས་མེད་པའི་ཕྱིར། དེས་ན། ཤ་དང་ཥ་དང་ས་དང་གསུམ། །ཕན་ཚུན་སྐབས་འགར་བྱ་བ་གཅིག །ཅེས་བརྡ་སྤྲོད་རྣམས་ལ་གྲགས་པ་ལྟར་ཤྲུ་ཏ་སྲུ་ཏ་གཉིས་ཀ་ཐོས་པའི་སྐད་དོད་དངོས་བསྟན་ཡིན་པས་ཐོས་པ་ཁོ་ནར་བསྒྱུར་དགོས་ཤིང༌། ལོ་ཙཱ་བས་དོན་འགྱུར་མཛད་ཅེས་པ་ཡང་རྨ་འབྱིན་པའི་གཏམ་ཡིན་ནོ། །གཞན་ཡང་ལོ་ཙཱ་བས་རྒྱུད་དོན་ལ་བརྟགས་ཞེས་པའི་ཚིག་འདི་ལ་བསམས་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པའི་ཚིག་གླེགས་བམ་གྱི་ཐོག་མར་ཡོད་པ་ཐམས་ཅད་རྒྱུད་ཡིན་ཞེས་འདོད་པར་སྣང་སྟེ། དེ་ལྟ་ན་མདོ་སྡེ་ཕལ་ཆེར་ལ་ཐལ་ཆེས་པ་དང༌། ཡང་རྣམ་པ་གཅིག་ཏུ་ན་ཚིག་འདི་ཉིད་སྔོན་མེད་པ་ལ་ལོ་ཙཱ་བས་འགྱུར་གྱི་སྐབས་སུ་བཅུག་གོ་ཞེས་ཀྱང་བསྟན་པས་འཐད་པའི་སྐབས་མེད་དེ། ཅིའི་ཕྱིར་ཞེ་ན། སཾ་བུ་ཊི་ལས། བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་ཡེ་ཤེས་ཀྱིས་ཐོས་པ་ཡིན་གྱི་མངོན་དུ་གྱུར་པ་ནི་མ་ཡིན་ནོ། །མངོན་དུ་འགྱུར་བའི་སྐྱོན་གང་ལགས། བཀའ་སྩལ་པ། སྡུད་པ་པོ་དང་འཆད་པར་བྱེད་པ་དག་དབྱེར་མེད་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། འདིར་ནི་དངོས་སུ་བསྡུ་བ་པོ་བདག་གིས་ཐོས་པ་ཞེས་བསྟན་པའི་ཕྱིར་རོ། །

གཉིས་པ་རང་གི་ལུགས་ནི། ནི་རཱ་ན་ཞེས་པ་འབྱུང་བར་ངེས་ཞེས་པའི་དོན་ཡིན་ཀྱང་གྲགས་པ་དབང་བཙན་པར་བྱས་ནས་གླེང་གཞིར་བསྒྱུར་བས་དེའི་དོན་ནི་ཕུན་སུམ་ཚོགས་པ་ལྔ་ག་ཚང་བ་ལས་ཆོས་འབྱུང་བར་ངེས་ལ། གང་ཡང་རུང་བ་གཅིག་མ་ཚང་ན་ཆོས་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྒྱ་དཔེར། ཨེ་ཝཾ་མཾ་ཡ་ཤྲུ་ཏ་ཨེ་ཀསྨིན་ས་མ་ཡ་ཞེས་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པར་འགྱུར་ལ། འདིས་ཀྱང་གླེང་གཞིའི་དོན་ཕུན་སུམ་ཚོགས་པ་ལྔ་པོ་མདོར་བསྡུས་པའི་ཚུལ་གྱིས་བསྟན་པ་ཡིན་ཏེ། འདི་སྐད་ཅེས་པས་ཆོས་ཕུན་སུམ་ཚོགས་པ་དང༌། བདག་གིས་ཞེས་པས་འཁོར་ཕུན་སུམ་ཚོགས་པ་དང༌། ཐོས་པ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་དང༌། དུས་གཅིག་ཅེས་པས་དུས་ཕུན་སུམ་ཚོགས་པ་དང༌། ན་ཞེས་པ་རྣམ་དབྱེ་བདུན་པ་གནས་གཞིའི་དོན་ཡིན་པས་གནས་ཕུན་ཚོགས་ཀྱང་བསྟན་པ་ཡིན་ནོ། །དེ་དག་གི་དོན་ནི། འཆད་འགྱུར་གྱི་གཞུང་དྲང་སྲོང་གི་གནས་ཞེས་པ་ནས་མཇུག་གི་དོན་ཡན་ཆད་ཀྱི་ཚིག་རྣམས་འདི་སྐད་ཅེས་བདག་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་མཆེད་བཞི་ལ་རིམ་པ་བཞིན་ཐོས་པའི་དུས་གཅིག་ན་ཞེས་པའི་དོན་ཏེ། ཁྱད་པར་དུ་དུས་གཅིག་ན་ཞེས་པའི་ཚིག་འདིས་ནི་དོན་རྣམ་པ་གསུམ་བསྟན་ཏེ། ཆོས་སྟོན་པ་པོ་ལ་སྤྱོད་ལམ་གྱི་དུས་དང༌། ནང་དུ་ཡང་དག་པར་འཇོག་པའི་དུས་དང༌། ཏིང་ངེ་འཛིན་ལ་འཇུག་པའི་དུས་དང༌། ཆོས་འཆད་པའི་དུས་དང་བཞི་ཡོད་པའི་ནང་ནས་ཆོས་གསུང་བའི་དུས་གོ་ནུས་པ་དང༌། བསྡུ་བ་པོས་དུས་གཅིག་ཉིད་ལ་ཐོས་པ་ཙམ་གྱིས་ཆོས་འདིའི་དོན་རྟོགས་ཤིང་ཚིག་ཁོང་དུ་ཆུད་པས་མཁྱེན་རབ་མཆོག་ཏུ་གྱུར་པར་གོ་ནུས་པ་དང༌། ཡང་དུས་གཅིག་གི་ཚེ་ཁོ་ནར་འདི་ཐོས་ལ་གཞན་དུ་ནི་ཆོས་གཞན་མང་དུ་ཐོས་སོ་ཞེས་ཤུགས་ལ་བསྟན་པས་ཐོས་པ་ཕུན་སུམ་ཚོགས་པར་གོ་ནུས་པ་དང་གསུམ་མོ། །འདིར་ཡང་མཁས་པ་ཁ་ཅིག་བདག་ཆེན་པ། གིས་ཨེ་ནི་ཤེས་རབ་སྟོང་པ་ཉིད་དང༌། ཝཾ་ནི་ཐབས་བདེ་བ་ཆེན་པོ་མཚོན་པར་བྱེད་པ་སྟེ། ཞེས་སོགས་གསང་སྔགས་ཀྱི་རིགས་འགྲེའི་བཤད་པ་མཛད་མོད་ཀྱང༌། ཨེ་ཝཾ་ཞེས་པའི་ཚིག་མཐའ་དག་དེ་ལྟར་སྦྱོར་ན་ཧ་ཅང་ཡང་ཐལ་ཆེས་ཤིང༌། ཡང་ན་ཡི་གེ་སུམ་ཅུ་རྩ་བདུན་སོགས་གསང་སྔགས་ཀྱི་རྒྱུད་ཀྱི་བཤད་ཐབས་ཐམས་ཅད་སྦྱར་དགོས་པར་འགྱུར་བས་རུང་བ་མ་ཡིན་ནོ། །

གསུམ་པ་རྩོད་པ་སྤང་བ་ནི། ཐོས་པ་དམན་པ་དག་ན་རེ། ཁྱོད་ཀྱི་ལུགས་ལྟར་ན་འདི་སྐད་བདག་གིས་ཐོས་པ་སོགས་གླེང་གཞིའི་ཚིག་རྣམས་ཀྱང་བཀར་འགྱུར་ལ། དེ་ནི་འཐད་པ་མ་ཡིནཏེ། བསྡུ་བ་པོས་བཀོད་པ་ཡིན་པའི་ཕྱིར་ཞེ་ན། ཚིག་དེ་རྣམས་ཞལ་ནས་གསུངས་པ་དང་བྱིན་གྱིས་བརླབས་པའི་བཀའ་མ་ཡིན་པ་ནི་བདེན་ལ། འོན་ཀྱང་རྗེས་སུ་གནང་བའི་བཀའ་ཡིན་པར་འདོད་དེ། སྙིང་རྗེ་པདྨ་དཀར་པོ་ལས། མ་འོངས་པའི་དུས་སུ་ངའི་ཆོས་རྣམས་སྡུད་པར་བྱེད་པ་དེའི་ཚེ། ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་གླེང་སློང་ལ། བར་དུ་མཚམས་སྦྱོར་གྱི་ཚིག་ཆུག །མཇུག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ཆུག་ཅིག་ཅེས་རྗེས་སུ་གནང་བའི་ཕྱིར་རོ། །ཡང་རྟོག་དཔྱོད་དང་མི་ལྡན་པ་ཁ་ཅིག །བཀའ་བསྡུ་བ་ནི་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་བྱས་པ་ཡིན་ན། བསྡུ་བ་པོ་དྲང་སྲོང་ཡིད་ལས་སྐྱེས་ནི་སྟོན་པ་མྱ་ངན་ལས་མ་འདས་གོང་དུ་སྤྲུལ་པ་བསྡུས་པ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དྲང་སྲོང་རིག་པའི་ཡེ་ཤེས་རིགས་བཞི་པོ་སྤྲུལ་པ་བསྡུས་པར་དངོས་སུ་བཤད་ཅིང༌། ཡིད་ལས་སྐྱེས་ནི་ཡོངས་གཏད་ཀྱི་མཇུག་ཏུ་རྫོགས་སོ་སྨོས་ནས་ཀྱང་སྤྲུལ་པ་བསྡུས་པར་མ་བཤད་པས། བཀའ་བསྡུ་བ་པོ་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་དུ་སྤྲུལ་པའི་སྐུ་མ་བསྡུས་པར་མངོན་ནོ། །

གླེང་གཞི་རྒྱས་པར་བཤད་པ།

གཉིས་པ་གླེང་གཞི་རྒྱས་པར་བཤད་པ་ལ་ལྔ་སྟེ། གནས་ཕུན་སུམ་ཚོགས་པ། སྟོན་པ། འཁོར། དུས། ཆོས་ཕུན་སུམ་ཚོགས་པ་བཤད་པའོ།།

དང་པོ། གནས་ཕུན་སུམ་ཚོགས་པ་བཤད་པ།

དང་པོ་ལ་གཉིས་ཏེ། གྲོང་ཁྱེར་བཤད་བ་དང༌། ཕྱོགས་ཀྱི་རི་བཤད་པའོ།། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག(རྫ་བ )གྲོང་ཁྱེར་ལྟ་ན་སྡུག་དེ་ཉིད་ཨཽ་ཌྜི་་ཡ་ནའི་གནས་ན་ཡོད་པར་འདོད་ལ། དེ་ནི་གཞུང་འདི་ཉིད་གསང་སྔགས་ཀྱི་རྒྱུད་དུ་བཟུང་ནས་ནོངས་པ་ཡིན་ཏེ། རྒྱུད་ཕལ་ཆེར་གསུངས་པའི་གནས་ཨྱོན་ཡིན་པར་བསམས་པའི་ཕྱིར་རོ། །ཡང་ཁ་(བི་བྱི་སོགས་)ཅིག་རི་རབ་ཀྱི་རྩེ་ན་ཡོད་པར་འདོད་པ་ནི། གྲོང་ཁྱེར་སུམ་ཅུ་རྩ་གསུམ་གྱི་དབུས་མ་ལྟ་ན་སྡུག་ཅེས་པའི་ཚིག་ཙམ་ལ་འཁྲུལ་པ་ཨ་འཐས་པས་ལན་ནོ། །ཡང་འགའ(་སྟོད་མི་ཉག་འུག་པ་གདོང་ནག་པ་སོགས་)ཞིག་ཐུབ་པ་གངས་ཅན་འཚོའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་གནས་ཀྱི་དུམ་བུ་གཅིག་ཡིན་ཞེས་པ་རྣམས་ནི་དོན་དུ་བཅར་བའི་ངོས་འཛིན་རྒྱུ་མ་རྙེད་པ་ན་དེར་བྲོས་པ་ཡིན་ཡང༌། དེའི་དུམ་བུ་བཅུ་གསུམ་པ་དེི་ནི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཡིན་པར་བཤད་པས་ན་འདི་ཡིན་ནམ་གཞན་ཡིན། འདི་ཡིན་ན་ནི་འདི་ལས་ཀྱང་བྱེ་བྲག་ཏུ་གླིང་དང་ཕྱོགས་འདི་ལྟ་བུ་ཞེས་ངོས་འཛིན་དགོས་ལ། གཞན་ཡིན་ན་ནི་དམིགས་ཀྱིས་བསལ་ཏེ་བཤད་དགོས་པ་ལ་སྤྱི་ཁྱབ་ཏུ་བཞག་པས་རྣམ་པར་འཁྱམས་སོ། །ཡང་ཁ(གདོང་ནག་པ་སོགས་)ཅིག་གཞལ་ཡས་ཁང་རྣམ་པར་དབྱེ་བའི་རྒྱུད་ཅེས་པའི་རྫུན་ལུང་ལ་བརྟེན་ནས། གངས་ཅན་འབིགས་བྱེད་རི་སོགས་དབུས་སུ་ནི། ཞེས་སོགས་གཞལ་ཡས་ཁང་གི་རི་བཞི་རྒྱ་དཔངས་སྟོན་འཁོར་དང་བཅས་ཏེ། རྒྱས་པ་ཡིན་ཡིན་ལྟར་བྱས་ནས་བཤད་མོད། དེ་དག་ཀུན་ཀྱང་བློ་གྲོས་དང་ཐོས་པས་དབུལ་བ་རྣམས་མགུ་བྱེད་ཙམ་མ་གཏོགས། དཔྱོད་ལྡན་ཀུན་གྱིས་གཟིགས་ན་ཁྲེལ་ཞིང་ངོ་ཚ་བའི་གནས་ཡིན་པས་ཞིབ་ཏུ་མ་བཀོད་དོ། །ཡང་མཁས་པ་ཁ་(བདག་ཆེན་པ་)ཅིག་ན་རེ། གཞུང་གི་དོན་ནི་འདི་ཡིན་ཏེ། ཆོས་མངོན་པ་ལས། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུར་རོལ་ན། །མཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་བཤད་དེ་འདི་ནས་ཞེས་པ་རྒྱ་གར་རྡོ་རྗེ་གདན་འདི་ནས་ཏེ། དེ་ནས་བྱང་ཕྱོགས་ཀྱི་རྒྱང་རིང་པོ་འདས་པ་ན་རི་ནག་པོ་དགུའོ། །དེ་འདས་པ་ན་གངས་རིའོ་ཞེས་པ་གངས་ཅན་དང༌། དེ་དང་སྤོས་ངད་ལྡན་པའི་བར་ན་མཚོ་མ་དྲོས་པ་ཡོད་པར་གསུངས་པ་ཡིན་པས། ཕྱོགས་གཞན་གཉིས་ན་རི་བོ་འབིགས་བྱེད་དང་མ་ལ་ཡ་ཡོད་པར་གསལ་བས། མཚོ་མ་དྲོས་པ་དང་ཉེ་བའི་རི་བཞི་པོ་དེའི་དབུས་ན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཡོད་པ་ཡིན་ཞིང༌། རི་བོ་སྤོས་ངད་ལྡན་སྨན་གྱི་གྲོང་ཁྱེར་གྱི་ཤར་ན་ཡོད་པར་བཤད་པ་ནི་བྱང་ཤར་ན་ཡོད་པས་ཤར་དུ་ཉེ་བ་ལ་དགོངས་པའོ་ཞེས་ཟེར་རོ། །འདི་ལ་བརྟག་པར་བྱ་སྟེ། མཛོད་ཀྱི་ཚིག དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུལ་རོལ་ན། །ཞེས་པའི་དོན་མ་ག་དྷ་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་ཅན། དེ་ནས་ཀྱང་ནི་བྱང་དུ་འདས་པ་ན་སྤོས་ངད་ལྡན་པའི་རི་བོ་ཡོད་ལ། དེའི་བར་ན་མཚོ་ཡོད་ཅེས་པ་ཡིན་ཏེ། དེ་ནས་ནི་ཞེས་པ་དང༌། ཚུར་རོལ་ན་ཞེས་པའི་ཚིག་ཟུར་གྱི་ནུས་པས་སོ། །དེ་ལྟ་ན་ཁྱེད་འདོད་པའི་གངས་ཅན་དེ་གྲོང་ཁྱེར་གྱི་ལྷོ་དང༌། འབིགས་བྱེད་དེ་ཤར་དང༌། སྤོས་ངད་ལྡན་བྱང་ན་ཡོད་པར་འགྱུར་བས་ཅི་ལྟར་འཐད། གལ་ཏེ་མི་ཤེས་པ་དག་ན་རེ། གྲོང་ཁྱེར་དེའི་ཤར་ཞེས་པ་ཉི་མ་འཆར་ས་ལ་བྱེད་པ་མ་ཡིན་ཏེ། གཞལ་ཡས་ཁང་གི་དབུས་ན་བཞུགས་པའི་སྟོན་པ་ཞལ་གང་དུ་གཟིགས་པ་དེ་ཉིད་ཤར་དུ་བྱེད་དོ་ཞེ་ན་མི་འཐད་དེ། སྤོས་ངད་ལྡན་ཤར་དུ་བྱས་པའི་དྲང་ཐད་ན་གངས་ཅན་ཡོད་པས་གངས་ཅན་ནུབ་ཏུ་འགྱུར་ཞིང༌། མ་ལ་ཡ་བྱང་དུ་ཐལ་བ་དང༌། ཚ་བསིལ་གྱི་སྟོབས་འཆོལ་བར་འགྱུར་བ་སོགས་ཉེས་པ་ཆེར་འཕེལ་ལོ། ཡང་ཁ་(བྲང་ཏི་དཔལ་ལྡན་འཚོ་བྱེད་)ཅིག་འབིགས་བྱེད་སོགས་རི་བཞི་པོའི་དབུས་ན་ཡོད་པས་སོ་སོ་སྐྱེ་བོས་ལྟ་བར་ནུས་མི་ནུས་གྲགས་ཆུང་ངོ༌། །ཞེས་དང༌། དེ་ཡང་རང་བཞིན་གྱི་ཁ་ལྷོར་བསྟན་པ་ཞེས་དང༌། ཡོངས་སུ་གྲགས་པ་ནི་ཡུལ་ཨཽ་ཌྜི་ཡ་ན་དང་ཆུ་བོ་ནར་མ་ཏ་དང་ཉེ་བ་ན་ཡོད་ཅེས་དང༌། གངས་ཅན་གྱི་སྐབས་སུ་དེ་ཡང་ཁ་བྱང་དུ་བསྟན་པ་ག་བུར་ཙན་དན་སོགས་དང་རོ་ནུས་མཚུངས་པའི་སྨན་སྐྱེ་བ་ནི་རང་བཞིན་གྱི་གངས་ཅན། མ་དྲོས་པ་དང་ཉེ་བ་ནི་ཡོངས་སུ་གྲགས་པའོ། །ཞེས་དང༌། དེ་བཞིན་དུ་སྤོས་ངད་ལྡན་ནི་གནོད་སྦྱིན་གྱི་གནས་ན་ཡོད་པ་ནི་ཡོངས་སུ་གྲགས་པའོ། །ཞེས་སོགས་བཀོད་པ་མང་དུ་མཐོང༌། དེ་ལྟ་ན་ཁྱོད་འདོད་པའི་རི་བཞི་པོ་གཞུང་ནས་བཤད་པའི་གོ་རིམ་ལྟར་གནས་མེད་ཅིང་ཤིན་ཏུ་ཐག་རིང་བའི་ཕྱིར་གྲོང་ཁྱེར་དེའི་ཁྱད་ཆོས་སུ་མི་རུང་བས་མིང་ཙམ་དུ་ཟད་ལ། ཚིག་གཞན་རྣམས་ཀྱང་ཟོལ་སྦྱོར་ཙམ་མ་གཏོགས་དོན་ལ་སྙེག་པའི་ངོ་བོ་མི་འདུག་པས་གྱི་ན་བ་ཡིན་ནོ། །

དེ་ལྟར་རྒྱུད་ཆུང་བ་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། དྲང་སྲོང་གི་གནས་སྨན་གྱི་རི་བོ་ལྟ་ན་སྡུག་ཅེས་བྱ་བ་ནི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་གཞལ་ཡས་ཁང་ཡིད་བཞིན་གྱི་ནོར་བུས་བརྒྱན་པ་སྟེ། དེས་རླུང་གི་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་དང་ལྡན་པའི་ནད་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་སེལ་བར་བྱེད་དེ། ཚ་བའི་ནད་ལ་བསིལ་དུ་འགྱུར་བ། གྲང་བའི་ནད་ལ་དྲོད་དུ་འགྱུར་བ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད་པ། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྐོང་བར་བྱེད་པ། རི་དེའི་ལྷོ་ཕྱོགས་ནི་ཉི་མའི་སྟོབས་དང་ལྡན་ཞིང༌། སེ་འབྲུ་དང་ན་ལེ་ཤམ་དང༌། པི་པི་ལིང་དང༌། ཙི་ཏྲ་ཀ་ལ་སོགས་པ་གྲང་བའི་ནད་སེལ་བར་བྱེད་པའི་སྨན་རོ་ཚ་བ་དང་སྐྱུར་བ་དང་ལན་ཚ་བ་དང་ནུས་པ་ཚ་བ་དང་རྣོ་བའི་སྨན་གྱི་ནགས་ཚལ་ཡོད་དེ། རྩ་བ་དང༌། སྡོང་པོ་དང༌། ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བའི་དྲིས་ཁྱབ་པ་ཡོད་དོ། །རི་དེའི་བྱང་ཕྱོགས་ནི་ཟླ་བའི་སྟོབས་དང་ལྡན་ཏེ། ཙན་དན་དང༌། ག་བུར་དང༌། ཨ་ག་རུ་དང༌། ནིམ་པ་ལ་སོགས་པ་ཚ་བའི་ནད་སེལ་བའི་སྨན་རོ་ཁ་བ་དང༌། བསྐ་བ་དང༌། མངར་བ་དང༌། ནུས་པ་བསིལ་བ་དང་རྟུལ་བའི་སྨན་གྱི་ནགས་ཚལ་ཡོད་དེ། རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བའི་དྲིས་ཁྱབ་པ་ཡོད་དོ། །རི་དེའི་ཤར་ན་ཨ་རུ་རའི་ནགས་ཚལ་ཡོད་དེ། རྣམ་པར་རྒྱལ་བ་དང་གསེར་མདོག་ལ་སོགས་པའི་རྩ་བས་རུས་པའི་ནད་སེལ་བ། སྡོང་པོས་ཤའི་ནད་སེལ་བ། ཡལ་གས་རྩ་རྒྱུས་ཀྱི་ནད་སེལ་བ། ཤུན་པས་པགས་པའི་ནད་སེལ་བ། ལོ་མས་སྣོད་ཀྱི་ནད་སེལ་བ། མེ་ཏོག་གིས་དབང་པོའི་ནད་སེལ་བ། འབྲས་བུས་དོན་སྙིང་གི་ནད་སེལ་བ། རོ་དྲུག་དང་ལྡན་པ། ནུས་པ་བརྒྱད་དང་ལྡན་པ། ཡོན་ཏན་བཅུ་བདུན་རྫོགས་པ། ནད་ཀྱི་རིགས་ཐམས་ཅད་སེལ་བ། དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བའི་དྲིས་ཁྱབ་པ་ཡོད་དོ། །རི་དེའི་ནུབ་ཕྱོགས་ཀྱི་ངོས་ན་བཟང་པོ་དྲུག་གི་ཚལ་ཡོད་དེ། རོ་ཀུན་དང་ལྡན་པ། ནུས་པ་བསིལ་རྟུལ་ལ་སོགས་པས་ནད་ཐམས་ཅད་སེལ་བ། རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུར་ལྡན་པ། དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བའི་དྲིས་ཁྱབ་པ་ཡོད་དོ། །ཞེས་གསུངས་པ་འདིས། ཁྱེད་ཅག་རྣམས་ཅིག་ཅར་དུ་གནོད་པ་ཡིན་ནོ། །ཡང་ཁ་(བྱང་པ་)ཅིག་ན་རེ། སྟོན་པ་ཕུན་ཚོགས་སངས་རྒྱས་སྨན་གྱི་བླས། །འཁོར་རྣམས་ས་བཅུའི་བྱང་ཆུབ་སེམས་དཔའ་དང༌། །གཞན་ཡང་རྒྱལ་བ་དངོས་ཀྱི་གདུལ་བྱའོ། །ཆོས་ནི་ཕུན་ཚོགས་རྒྱུད་རྒྱལ་འདི་ཉིད་གསུངས། །གནས་ནི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །སྤྲུལ་པའི་གནས་ཆེན་ཨྱོན་ཡུལ་ལས་ཀྱང༌། །ལྷག་པར་མཆོག་གྱུར་རྡོ་རྗེ་གདན་ཉིད་དུ། །དུས་ཀྱི་མཆོག་གྱུར་ཤཱཀ་ཐུབ་ཞལ་བཞུགས་དུས། །སྟོན་འཁོར་གནས་གཅིག་འཛོམ་དང་དེ་ཡི་ཚེ། །རྒྱུད་རྒྱལ་གསུངས་ནི་བླ་མེད་དུས་ཀྱི་མཆོག །དེ་ལྟར་ཕུན་སུམ་ཚོགས་པ་ལྔ་ཚང་ན། །རྒྱུད་ཅེས་བཤད་མོད་འགལ་བ་ཇི་ལྟར་མཐོང༌། །ཞེས་གཟེངས་བསྟོད་དེ་སྨྲ་བར་བྱེད་དོ། །

འདི་ལ་ཡང་འཐད་པའི་ཆ་ཅུང་ཟད་ཙམ་མེད་དེ། ཇི་ལྟར་ཞེ་ན། རྡོ་རྗེ་གདན་ལ་གྲོང་ཁྱེར་ལྟ་ན་སྡུག་ཅེས་པའི་ཐ་སྙད་གང་ནས་ཀྱང་མ་བཤད་པས་ལུང་རིགས་ཀྱིས་བསྒྲུབ་མི་ནུས་ཤིང༌། ཕྱོགས་ཀྱི་རི་བཞི་པོ་གོ་རིམ་བཞིན་མེད་པའི་ཕྱིར། གལ་ཏེ་རྡོ་རྗེ་གདན་ལ་ཁྱད་ཆོས་དེ་རྣམས་ཚང་བ་ཡིན་ན་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ལ་དུས་མ་ཡིན་པར་འཆི་བ་མེད་པར་ཁས་ལེན་དགོས་པར་འགྱུར་ཏེ། གླེང་གཞིར། སྨན་གྱི་ནོར་བུ་ཞེས་པ་ནས་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པ་ཡོད་དོ། །ཞེས་པའི་བར་གྱི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར་རོ། །ཡང་དེ་འདྲ་བའི་ཡོནཏན་སྔོན་ཡོད་ཀྱང་ད་ལྟ་ནི་དུས་ཀྱི་དབང་གིས་མེད་དོ། །ཞེས་ཀྱང་སྨྲ་མི་ནུས་ཏེ། མིང་ཙམ་ཡང་མ་གྲུབ་པ་སོགས་གནོད་བྱེད་མང་དུ་འབབ་པོ། དེས་ན་གྲོང་ཁྱེར་དེ་ཉིད་ད་ལྟ་འཛམ་གླིང་གི་ཆ་གང་ན་ཡོད་པར་ཁས་བླངས་པ་དེ་ལ་སྐྱོན་དེ་རྣམས་ཕྱོགས་གཅིག་ཏུ་འབྱུང་བར་འགྱུར་བས་ངེས་དགོས་སོ། །

གཉིས་པ་རང་གི་ལུགས་ལ། སྤྱི་དོན་དང༌། ཚིག་དོན་གཉིས་ལས། དང་པོ་ནི། བྱེ་བྲག་ཏུ་བཤད་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤཱམྦཱ། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དོ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་བཤད་པ་ལས་སྨན་གྱི་ནགས་སུ་ལོ་བཞི་སྟེ། ཞེས་པའི་སྨན་གྱི་ནགས་འདིའི་དབུས་ན་སྨན་གྱི་རི་བོ་ངོས་བཞི་པ། རྒྱར་དཔག་ཚད་བརྒྱད་དང་འཕང་དུ་གསུམ་དང་ལྡན་པ་དེའི་རྩེ་མོར་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་ཡོད་ཅིང༌། རི་གཅིག་པུ་དེའི་ལྷོ་དང༌། །ཤར་དང༌། བྱང་དང༌། ནུབ་ཕྱོགས་ཀྱི་རི་ངོས་རྣམས་ལ་རིམ་པ་བཞིན་དུ་འབིགས་བྱེད་དང༌། གངས་ཅན་དང༌། སྤོས་ངད་ལྡན་དང༌། མ་ལ་ཡ་ཞེས་བྱ་བ་གཉིས་ཀྱི་སྒོ་ནས་འཆད་དགོས་པ་ལས།

ཐོག་མར་རི་དེའི་ལྷོ་ཕྱོགས་ཀྱི་ངོས་ལ་རི་བོ་འབིགས་བྱེད་ཅེས་པའི་ཐ་སྙད་བཏགས་པ་ཙམ་མ་གཏོགས་འབིགས་བྱེད་དངོས་མ་ཡིན་ཞིང༌། འདོགས་པའི་རྒྱུ་མཚན་ནི་རི་ངོས་དེ་ནི་གདགས་ཏེ་ཉི་མའི་སྟོབས་དང་ལྡན་པས་ན་དེ་སྐད་ཅེས་བྱ་ལ། བཏགས་པའི་དགོས་པ་ནི། རི་ངོས་དེ་ལ་གདགས་པའི་ཆེད་ཡིན་ནོ། །དེ་བཞིན་དུ་བྱང་ཕྱོགས་ཀྱི་རི་ངོས་དེ་ནི་སྲིབས་ཏེ་ཟླ་བའི་སྟོབས་དང་ལྡན་པ་ཡིན་པས་གངས་ཅན་ཞེས་པའི་ཐ་སྙད་བཏགས་པ་ཙམ་ཡིན་གྱི། གངས་ཅན་དངོས་ནི་མ་ཡིན་ཞིང༌། འདོགས་པའི་རྒྱུ་མཚན་ནི། རི་ངོས་དེ་ལ་སྲིབས་ཏེ་ཟླ་བའི་སྟོབས་དང་ལྡན་པས་ན་དེ་སྐད་ཅེས་བྱ་ལ། དགོས་པ་ནི། དེ་ལ་སོགས་ཏེ་ཟླ་བའི་སྟོབས་དང་ལྡན་པ་ཀུན་ལ་སྐྱེས་པའི་སྨན་ཐམས་ཅད་རོ་མངར་ཁ་བསྐ་ཞིང་ནུས་པ་ལྕི་བསིལ་རྟུལ་བ་དང་ལྡན་པར་ཤེས་པའི་ཆེད་ཡིན་ནོ། །དེ་ལས་གཞན་པ་ཤར་ནུབ་ཀྱི་རི་ངོས་གཉིས་ལ་ཡང་སྤོས་ལྡན་དང་མ་ལ་ཡ་ཞེས་བཏགས་པ་ཙམ་མ་གཏོགས་དེ་ཉིད་དངོས་ནི་མ་ཡིན་ཞིང་འདོགས་པའི་རྒྱུ་མཚན་ནི། སྤོས་ལྡན་དང་མ་ལ་ཡ་མ་འཕྱུགས་པ་གཉིས་པོ་ལས་འདུ་བ་ཆ་སྙོམས་ཀྱི་སྨན་སྐྱེ་བར་བཤད་པ་བཞིན། འདིར་ཡང་འདུ་བ་ཆ་སྙོམས་ཀྱི་སྨན་རྣམས་སྐྱེ་བའི་དབང་གིས་བཏགས་པ་ཡིན་ལ། །དགོས་པ་ནི། ཉི་ཟླའི་སྟོབས་ཕུལ་དུ་བྱུང་བ་མ་ཡིན་པར་གདགས་སྲིབས་ཆ་སྙོམས་པ་ཀུན་ལ་དེ་དང་མཚུངས་པའི་སྨན་ཀྱང་འབྱུང་ངོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་ནོ། །སྔོན་རབས་པ་ཀུན་གྱིས་འདི་ལྟ་བུའི་འཆད་ཚུལ་ལ་རྨོངས་ཏེ། ཕྱོགས་ཀྱི་རི་བཞི་པོ་གྲོང་ཁྱེར་ལས་རིང་དུ་འདས་པ་ན་ཡོད་པར་འདོད་མོད། དེ་དག་ཀུན་གྱི་ཉེས་པ་མདོར་བསྡུས་ཏེ་ཕྱོགས་གཅིག་ཏུ་བརྗོད་ན། རི་དེ་རྣམས་གྱི་ཁ་གྲོང་ཁྱེར་ལ་བསྟན་པའི་ཚེ་ན་ཚ་བསིལ་གྱི་ནུས་སྟོབས་འཆོལ་བར་འགྱུར་ཞིང༌། ཁ་རང་རང་གི་ཕྱོགས་སུ་བསྟན་ནས་གྲོང་ཁྱེར་ལ་རྒྱབ་བསྟན་པའི་ཚུལ་གྱིས་ཡོད་ན་གྲོང་ཁྱེར་དེའི་ཁྱད་ཆོས་སུ་མི་རུང་བའི་ཕྱིར་རོ། །དེས་ན་རྒྱུད་ཆུང་བའི་གསང་བ་ལེགས་པ་བཀྲོལ་ནས་བྱིན་པ་བཞིན་རི་དུམ་བུ་བཞིར་ཡོད་པའི་བློ་དོར་ལ། ལུང་རིགས་གང་གིས་ཀྱང་གནོད་པར་མི་ནུས་པའི་གྲུབ་པའི་མཐའ་འདི་དག་ཡིད་ལ་ཟུངས་ཤིག་ཅེས་ལེགས་འདོད་རྣམས་ལ་གདམས་སོ། །

གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། །གྲོང་ཁྱེར་བཤད་པ་དང་རི་བཤད་པའོ། །དང་པོ་ནི། དྲང་སྲོང་གི་གནས་ཞེས་པ་ནས་ཡིད་བཞིན་དུ་འགྲུབ་པར་བྱེད་པ་ཡོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་སྨན་གྱི་ནགས་ཚལ་རི་བཞི་དང་བཅས་པ་ཀུན་ཀྱང་དྲང་སྲོང་གི་གནས་ཡིན་པ་ལས་ཁྱད་པར་དུ་རི་དེ་དག་གི་རྩེ་མོ་ན་སྟོན་པས་གསར་དུ་སྤྲུལ་པའི་སྨན་གྱི་གྲོང་ཁྱེར་ཐ་སྙད་དུ་ལྟ་ན་སྡུག་ཅེས་བྱ་བ་དེའི་དབུས་ན་གསེར་དང༌། དངུལ་དང༌། མུ་ཏིག་དམར་པོ་དང༌། བཻ་ཌཱུརྱ་ དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ལྔ་ལས་ཡོངས་སུ་གྲུབ་པའི་གཞལ་ཡས་ཁང་སྒོ་བཞི་གྲུ་བཞི་རྒྱན་རྟ་བབ་དང་བཅས་པ་ཡོད་དེ། གཞལ་ཡས་ཁང་དེ་དག་གི་རྒྱན་ནི་སྨན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ་ཏེ། ལྷའི་རིན་པོ་ཆེ་སྣ་ལྔའི་དྲ་བ་དང་དྲ་ཕྱེད་དང་མིག་མངས་རིས་སུ་བྲིས་པ་ལ། བྱང་ཆུབ་སེམས་དཔའི་རིན་པོ་ཆེ་སྣ་ལྔས་ནི་ཡང་ཐོག་གི་རྒྱལ་མཚན་དང་གྷ་ཌི་ར་རྣམས་ཀྱི་ཏོག་ལ་སོགས་པ་བྱས་པའོ། །དེ་ལྟར་བཤད་པའི་མི་དང་ལྷ་དང་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་དེ་རྣམས་ཀྱི་མཐུ་དང་ནུས་པ་དེ་ནི་རླུང་གི་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་དང་ལྡན་པའི་ནད་དང་འདུས་པའི་ནད་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་ཐམས་ཅད་སེལ་བར་བྱེད་པ་སྟེ། དེ་ཡང་ཚ་བའི་ནད་རྣམས་ལ་དེའི་ནུས་པ་བསིལ་དུ་གྱུར་ནས་སེལ་བ། གྲང་བའི་ནད་རྣམས་ལ་དེའི་ནུས་པ་དྲོད་དུ་གྱུར་ནས་སེལ་བ། ལུས་དང་བསམ་པ་ལ་བར་དུ་གཅོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད་པ་སོགས་མི་མཐུན་པའི་ཕྱོགས་མཐའ་དག་ལས་སྲུང་ཞིང་སྐྱོབ་པ་དང༌། མཐུན་པའི་རྐྱེན་རང་རང་གི་ཡིད་ལ་ཇི་ལྟར་བསམ་པའི་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་བྱེད་པའི་ཐར་པ་རིན་པོ་ཆེའི་གཞལ་ཡས་ཁང་མཆོག་ཏུ་གྱུར་པ་དག་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་རིན་པོ་ཆེ་དེ་རྣམས་ལ་ཡོན་ཏན་གྱི་ཁྱད་པར་གཞན་ཡང་ཕུལ་དུ་བྱུང་བ་མང་དུ་ཡོད་དེ། འཕགས་པ་ནཱ་གཱ་རྫུ་ནའི་གསུང༌། པཎྜི་ཏ་མ་ཧཱ་ཨོ་ཥ་དྷས་རིན་པོ་ཆེའི་བརྟག་ཐབས་སུ་དྲངས་པ་ལས། མིའི་ནོར་བུ་རིན་པོ་ཆེ་ནི་ཡངོས་སུ་དག་པའི་ཁ་དོག་དང་ལྡན་པས་དུག་དང་གདོན་དང་མུན་པ་དང་སྐྲངས་པ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་སེལ་བར་བྱེད་པས་ན་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་ལ། ལྷའི་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་སྔ་མ་རྣམས་ཀྱི་སྟེང་དུ། རྟག་པར་ལྷའི་ལུས་ཀྱི་རྗེས་སུ་འབྲང་བ་དང༌། ཡང་དག་པ་དང༌། སྨྲ་བར་རུང་བ་དང༌། ཡང་ཞིང་མི་ལྕི་བ་སྟེ་ཡོན་ཏན་བཅུ་གཅིག་དང་ལྡན་ཞིང༌། བྱང་ཆུབ་སེམས་དཔའི་ནོར་བུ་རིན་པོ་ཆེ་དེ་ལ་ནི། སྔ་མའི་ཡོན་ཏན་བཅུ་གཅིག་གི་སྟེང་དུ། སེམས་ཅན་རྣམས་ཀྱི་འཆི་འཕོ་བ་རྟོག་པ་དང༌། སྐྱེ་བའི་མཐའ་ཤེས་པ་དང༌། ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་འབྱུང་བ་སྟེ་ཡོན་ཏན་གྱི་ཁྱད་པར་བཅུ་བཞི་དང་ལྡན་པའོ། །ཞེས་བཤད་པ་ལྟར་རིན་པོ་ཆེ་དེ་རྣམས་ཀྱིས་ཉེ་བར་བརྒྱན་པའི་གཞལ་ཡས་ཁང་དེ་དག་ནི་ཕལ་ཆེར་གྱི་བློས་རྟོགས་པར་ནུས་པ་མ་ཡིན་ནོ། །

གཉིས་པ་ཕྱོགས་ཀྱི་རི་བཤད་པ་ལ་བཞི་སྟེ། ལྷོ་ཕྱོགས་ཀྱི་རི། བྱང་ཕྱོགས་ཀྱི་རི། ཤར་ཕྱོགས་ཀྱི་རི། ནུབ་ཕྱོགས་ཀྱི་རི་བཤད་པའོ། །

དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། འགའ་(དེང་སང་གི་སྨན་པ)ཞིག་ཙི་ཏྲ་ཀ་ཞེས་པ་ཡལ་གའི་སྡེ་རུ་འདྲེན་པ་དང༌། ལ་ལ་པི་པི་ལིང་གི་རྩ་བར་འདོད་པ་དང༌། འགའ་ཞིག་ཟྭ་ཤིང་རྐམ་པོ་དང་སྨྱུག་མ་གཞོན་ནུ་འདྲ་བ་ལ་བྱེད་པ་རྣམས་ནི་རྨོངས་པ་ཡིན་ཏེ། ཡན་ལག་བརྒྱད་པར། ཙི་ཏྲ་ཀ་ནི་མངོན་སུམ་མེ་དང་འདྲ། །ཞེས་བཤད་ཅིང༌། དེའི་འགྲེལ་པར་རོ་དང་ནུས་པ་གཉིས་ཀ་ཤིན་ཏུ་ཚ་བ་ཞིག་ཏུ་བཤད་པ་དང༌། འཁྲི་ཤིང་གི་རིགས་བ་ལེ་ཀ་ཇི་ལྟ་བ་ལ་རོ་ཤིན་ཏུ་ཚ་བ་འདི་ཉིད་ཡིན་པའི་ཕྱིར་རོ། །

གཉིས་པ་རང་གི་ལུགས་ནི། གྲོང་ཁྱེར་དེའི་ལྷོ་ཕྱོགས་ན་ཞེས་པ་ནས་གྲང་བའི་ནད་མི་འབྱུང་བ་ཡོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པའི་སྨན་གྱི་ནགས་ཚལ་དེའི་རྩེ་མོ་ན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ཡོད་པ་དེའི་ལྷོ་ཕྱོགས་ཀྱི་རི་ངོས་དེ་ནི་གདགས་ཡིན་པས་ན་ཐ་སྙད་དུ་རི་བོ་འབིགས་བྱེད་ཅེས་བྱ་བ་སྟེ། དེ་ནི་ཉི་མའི་སྟོབས་ཕུལ་དུ་བྱུང་བ་དང་ལྡན་པའི་རི་ཡིན་པའི་ཕྱིར། རི་ངོས་དེ་ལ་རོ་སྐྱུར་བ་ཤས་ཆེ་ཞིང༌། ནུས་པ་ཚ་རྣོ་རྩུབ་གཡོ་སྣུམ་སྐམ་ཡང་བ་དང་ལྡན་པའི་རི་ཡིན་པའི་ཕྱིར། རི་ངོས་དེ་ལ་རོ་སྐྱུར་བ་ཤས་ཆེ་ཞིང༌། ནུས་པ་ཚ་རྣོ་རྩུབ་གཡོ་སྣུམ་སྐམ་ཡང་བ་དང་ལྡན་པའི་སེ་འབྲུ་དང༌། རོ་ཚ་བ་ཤས་ཆེ་ཞིང་ནུས་པ་ཚ་རྣོ་སྐྱ་སྐམ་གཡོ་བ་དང་ལྡན་པའི་ན་ལེ་ཤམ་དང༌། རོ་ཚ་བ་ཤས་ཆེ་ཞིང་ནུས་པ་རྩུབ་དྲོ་ཡང་སྐམ་དང་ལྡན་པའི་ཙི་ཏྲ་ཀ་དང༌། སོགས་ཁོངས་ནས་རོ་ལན་ཚ་བ་ཤས་ཆེ་ཞིང་ནུས་པ་སྣུམ་དྲོ་འཇམ་པ་དང་ལྡན་པའི་ཤིང་ཚ་ལ་སོགས་པ་སྟེ། མདོར་ན་ལྕི་བསིལ་རྟུལ་འཇམ་གྲང་བརྟན་དང་ལྡན་པའི་གྲང་བའི་ནད་ཐམས་ཅད་སེལ་བར་བྱེད་པ་ལ་ཚ་རྣོ་རྩུབ་དྲོ་ཡང་གཡོ་དང་ལྡན་པའི་སྨན་ཤིང་ཀུན་ལ་སོགས་པའི་རོ་ཚ་བ་ཕལ་ཆེར་དང༌། ད་ཏྲིག་དང་སྟར་བུ་སོགས་རོ་སྐྱུར་བ་ཕལ་ཆེར་དང༌། དྭ་ཚ་སོགས་རོ་ལན་ཚ་བ་ཕལ་ཆེར་དང༌། ཁྱད་པར་དུ་རོ་ཇི་ལྟར་བྱུང་ཡང་ནུས་པ་ཚ་བ་དང་སྣུམ་པ་དང་རྣོ་བ་དང་ཡང་བ་དང་ལྡན་པའི་སྨན་གྱི་ནགས་ཚལ་ཏེ། དེ་དག་ཐམས་ཅད་ཀྱང་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་ཤ་སྟག་ཏུ་ཡོད་ལ། གཞན་ཡང་གྲགས་ཚོད་དང་བསྟུན་ན། དོང་གྲ་དང་ལྷ་མིན་ཁྲག་ལ་སོགས་པ་རྩ་བའི་སྨན་དང༌། དེ་བ་དཱ་རུ་ལ་སོགས་པ་སྡོང་པོའི་སྨན་དང༌། ལྕེ་མྱང་ཚ་ལ་སོགས་པ་ཡལ་གའི་སྨན་དང༌། ད་ལིས་ལ་སོགས་པ་ལོ་མའི་སྨན་དང༌། ཨ་ཟ་མོ་ལ་སོགས་པ་མེ་ཏོག་གི་སྨན་དང༌། ཀ་རཉྫ་ལ་སོགས་པ་འབྲས་བུར་ལྡན་པའི་སྨན་སྣ་ཚོགས་པ་སྟེ། ཀུན་ཀྱང་དྲི་ཞིམ་པ་ལྟ་ན་སྡུག་པ་དང༌། ཡིད་དུ་འོང་བ་དང་བཅས་ཤིང༌། མདོར་ན་དེར་སྐྱེས་པའི་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་གྲང་བའི་ནད་རང་བཞིན་གྱིས་མི་འབྱུང་བ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །

གཉིས་པ་བྱང་ཕྱོགས་ཀྱི་རི་བཤད་པ་ལ་སྤྱི་དོན་དང་ཚིག་དོན་གཉིས། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། མཁས་པ་ཁ་(བདག་ཆེན་པ། )ཅིག་ག་པུར་ནི་ཙན་དན་དཀར་པོ་བཟང་ཤོས་ལས་སྐྱེ་བར་དངོས་སུ་གྲུབ་ཅིང༌། དེ་ལྟ་ན་དེ་གཉིས་རོ་ནུས་མཚུངས་དགོས་སོ་སྙམ་ན་མ་ཡིན་ཏེ། ཙན་དན་གྱི་མེ་ཏོག་ལི་ཤི་དང་འབྲས་བུ་ནི་ཛཱ་ཏི་ཡིན་པའི་ཕྱིར་རོ། །ཞེས་ཟེར་བ་མི་འཐད་དེ། སྐབས་འདིར་ཙན་དན་ནི་ཟླ་བའི་སྟོབས་དང་ལྡན་པའི་རི་ལ་སྐྱེ་བར་བཤད་ལ། ཛཱ་ཏི་དང་ལི་ཤི་ནི་ཉི་ཟླའི་སྟོབས་མཉམ་པའི་རི་ལ་སྐྱེ་བར་བཤད་པ་དང༌། ཁྱད་པར་ཛཱ་ཏི་ནི་རྒྱ་སྐད་དེ། བོད་སྐད་སྣ་མ་ཞེས་པའི་དོན་ཡིན་ཏེ། འཆི་མེད་མཛོད་ཀྱི་རྒྱ་དཔེར། སུ་མ་ནཱ་མཱ་ཊཱི་ཛཱ་ཏི་ས་ཎ་པཱ་ན་བ་མཱ་ལི་ཀ། ཞེས་ཡོད་པ། ཡིད་བཟང་སྣ་མའི་མེ་ཏོག་དང༌། ཛཱ་ཏི་འདབ་བདུན་གཞོན་ནུའི་འཕྲེང༌། །ཞེས་རྣམ་གྲངས་སུ་བསྒྱུར་ཅིང༌། དེའི་འགྲེལ་པ་འདོད་འཇོར། དེས་ན་སུ་མ་ན་ལ་སོགས་པ་གསུམ་ནི་ཛཱ་ཏིའི་ཤིང་གི་མིང་སྟེ། སུ་མ་ན་ཡིད་བཟང་མ་དང༌། མཱ་ལ་ཏི་འཕྲེང་བ་ཅན་དང༌། ཛཱ་ཏི་སྣ་མའོ། །ཞེས་ཛཱ་ཏིའི་ཤིང་ངོས་བཟུང་ནས་དེའི་འབྲས་བུ་སྟོན་པ་ལ་རྒྱ་དཔེར། ཛཱ་ཏི་ཀོ་ཥ་ཛཱ་ཏི་ཕ་ལ་ཞེས་པ། ཛཱ་ཏི་སྦུབས་ཅན་ཛཱ་ཏིའི་འབྲས། ཞེས་པར་འགྱུར་ལ། དེའི་འགྲེལ་པར། དེ་ནས་ཛཱ་ཏིའི་མིང་ལ། ཛཱ་ཏིའི་སྣ་མའམ་སྲིན་ཤིང་སྣ་མ་དང༌། ཀོ་ཥ་སྦུབས་ཅན་དང་ཛཱ་ཏི་ཕ་ལ་ཛཱ་ཏིའི་འབྲས་བུ་སྟེ་སྤོས་ཀྱི་རྒྱལ་པོའི་ལི་ཤིག་བེར་ཞེས་པའོ། །ཞེས་དང༌། སྒྲ་སྦྱོར་ངེས་པར། ཛཱ་ཏི་ཕ་ཏྲི་དང༌། ཛཱ་ཏི་ཀོ་ཥ་དང༌། སུ་མ་ན་དང༌། སིལྨ་ཀ་དང༌། མཱ་ལ་ཏི་དང༌། ས་ཀྲི་ཀ་དང༌། སོ་མ་ན་དང༌། ནེ་ཤ་ཡི་ནི་དང༌། དེ་དག་ནི་ཛཱ་ཏི་བརྟའི་མིང་ངོ༌། །ཞེས་སྣ་མའི་མེ་ཏོག་བསྟན་ནས། དེའི་འབྲས་བུ་སྟོན་པ་ལ། ཛཱ་ཏི་ཕ་ལ་དང༌། ཛཱ་ཏི་ཤ་སྱཾ་དང༌། ཤ་ལུ་ཀ་དང༌། མ་ལཱ་ཏི་ཕལ་དང༌། ཛཱ་ཏི་མྲྀ་ཏཾ་དང༌། སུ་ཊཾ་སཽ་མནྲ་དང༌། ས་ཕ་ལཾ་དང༌། དེ་དག་ནི་ཛཱ་ཏི་ཕ་ལའི་མིང་ངོ༌། །ཞེས་བཤད་ཅིང༌། སྤྱིར་ཛཱ་ཏི་ཞེས་པ་ནི་སྲི་ཤིང་སྣ་མ་དང༌། ཛཱ་ཏི་ཕ་ལ་ཞེས་པ་སྣ་མའི་འབྲས་བུར་བཤད་པས། ཙན་དན་ལས་འབྱུང་བའི་སྐབས་ཨེ་འདུག་སོམས་ཤིག གལ་ཏེ་ཁོ་ན་རེ། དེང་སང་འབྱུང་བའི་འབྲས་བུ་འདི་ཉིད་ལ་ཛཱ་ཏི་ཕ་ལ་མི་ཟེར་བས་གནོད་དོ་ཞེ་ན་བདེན་མོད། འོན་ཀྱང་སྣ་མའི་ཤིང་དང་མེ་ཏོག་མི་འབྱུང་བའི་ཕྱིར་ཛཱ་ཏི་ཞེས་པ་ཙམ་གྱིས་དོན་མི་ནོར་བར་འབྲས་བུ་ཉིད་ལ་འཁྲུལ་མེད་དུ་གོ་ནུས་པ་ལ་བསམས་པ་ཡིན་མོད། རྒྱ་དཔེ་ལ་ནི་ཛཱ་ཏི་ཕ་ལ་ཞེས་པ་ཡོད་ལ། ཡང་ན་རྒྱ་གར་དུ་ཡང་སྐབས་ཐོབ་ཀྱི་དབང་གིས་ཛཱ་ཏི་ཞེས་པ་ཛཱ་ཏི་ཕ་ལ་ལ་འཇུག་པར་བཤད་དེ། སྣ་ཚོགས་གསལ་བར། ཛཱ་ཏི་སྤྱི་དང་ཕྲེང་བ་ཅན། །སྡེབ་སྦྱོར་དབྱེ་བ་རིགས་དང་སྐྱེ། །ཛཱ་ཏི་ཕ་ལ་ལ་ཡང་ངོ༌། །ཞེས་བཤད་པའི་ཕྱིར་ཏེ། དཔེར་ན་ཁམ་བུ་ཞེས་པ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་དང་བཅས་པའི་ཤིང་བྱེ་བྲག་པ་ཞིག་གི་མིང་ཡིན་ཡང་ཟས་ཀྱི་སྐབས་སུ་ཁམ་བུ་ཞེས་པའི་སྒྲ་དེ་ཉིད་འབྲས་བུ་ཁོ་ན་ལས་གཞན་རྣམས་ལ་མི་འཇུག་པ་བཞིན་ནོ། །དེས་ན་ཛཱ་ཏི་ཕ་ལ་དང་ཛཱ་ཏི་ཀོ་ཥ་ཞེས་པ་གཉིས་ཀ་སྣ་མའི་འབྲས་བུ་ཁོ་ནའི་མིང་གི་རྣམ་གྲངས་སུ་བཤད་ཅིང༌། ཛཱ་ཏི་ཀོ་ཥ་ཞེས་པ་ཛཱ་ཏི་སྦུབས་ཅན་དུ་འགྱུར་བས། ཛཱ་ཏིའི་འབྲས་བུ་མཐའ་དག་སྦུབས་ཅན་དེ་ཕྱི་ནང་གཉིས་སུ་ཡོད་པ་ཁོ་ན་ཡིན་ཡང༌། གོ་ཡུ་ལ་སོགས་པའི་ཕྱི་ཀོག་ཡོད་པ་ལ་ཛཱ་ཏི་ཕ་ལ་དང༌། མེད་པ་ལ་ཛཱ་ཏི་ཕལ་པ་ཞེས་བཟང་ངན་གྱི་ཁྱད་པར་དུ་འདོད་པ་དག་ཀྱང་བཀག་པ་ཡིན་ནོ། །

དེ་བཞིན་དུ་ལི་ཤི་ལ་ཡང་ལ་ཝཾ་དང༌། དེ་བ་ཀུ་སུ་མ་ཞེས་སོགས་ཀྱི་སྒོ་ནས་བཤད་དུ་ཡོད་ཀྱང་མང་བར་དོགས་པས་སྤྲོས་པ་བཞག་གོ། །ཡང་ཁ་(བྱང་པ)ཅིག་ན་རེ། ས་མཆོག་གི་ཐང་ཆུ་ལ་མང༌། སྦྲུལ་གྱི་སྙིང་པོ་ལ་སྟག་ཟིལ། གོར་ཤིརྵ་ལ་ཤེལ་འབྱུང་བར་འདོད་ནའང༌། གོར་ཤིརྵ་ནི་ལྷའི་ཡུལ་ན་ཡོད་ལ། སྦྲུལ་གྱི་སྙིང་པོ་ནི་ཀླུའི་ཡུལ་ན་ཡོད་པས་མིའི་ཡུལ་ན་སྔོན་སངས་རྒྱས་ལ་ལྷ་དང་ཀླུས་ཕུལ་བ་ཐོ་རེ་དང༌། ཀླུ་སྒྲུབ་བཞུགས་དུས་ཀླུས་ཕུལ་བ་ཅུང་ཟད་ཡོད་པར་གྲགས་མོད། ད་ལྟ་མི་ཡུལ་ན་དེའི་ཐང་ཆུ་འབྱུང་བར་ལྟ་ཞོག །ཙན་དན་རང་ངོས་འཛིན་རྒྱུ་ཙམ་ཡང་དཀོན་པ་ཡིན་ལ། ས་མཆོག་འབྱུང་མོད་ན་ཡང་གཞན་གཉིས་ནི་མིང་ཙམ་མོ་ཞེས་དང༌། ག་བུར་རིགས་གསུམ་འབྱུང་བ་ལྟར། ཙན་དན་ཡང་རིགས་གསུམ་འབྱུང་འོས་པ་ལ་མི་འབྱུང་ངོ་ཞེས་དང༌། ཧ་ཤང་གི་འབུམ་འགྲེལ་དུ་འབྱུང་བ་ལྔའི་ནོར་བུ་བཤད་པའི་སྐབས་སུ། ཆུའི་ནོར་བུ་ནི་གངས་ལོ་བརྒྱ་ཕྲག་མང་པོར་མི་ཞུ་བའི་འོག་ན་ཡོད་པར་བཤད་ཅིང༌། འཁྱགས་པ་ལོ་སྟོང་ལོན་པ་ཆུའི་ནོར་བུ་ཡིན་ལ། དེ་ལས་ཀྱང་ཚད་པའི་སྨན་ག་བུར་ཀྱི་སྒོ་ནས་བརྟག་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི་མཚན་ཉིད་ཅེས་ཚིག་རྐང་གཅིག་གིས་བསྟན་ཏེ། རླུང་མཚན་ཉིད་དྲུག་ལྡན་དེ་ཉིད་རྣམ་འགྱུར་ནད་ཀྱི་བརྟག་པ་བསྟན་པ་དེ་ལའང་སྤྱིར་བརྟག་པ་དང་བྱེ་བྲག་ཏུ་བརྟག་པ་སྟེ་རྣམ་པ་གཉིས་སོ། །

གཉིས་པ་རྒྱས་པར་བཤད་པ་ནི། སྤྱི་རྟགས་ཞེས་སོགས་ཚིག་རྐང་བཅོ་ལྔས་བསྟན་ཏེ། རླུང་ནད་སྤྱིའི་རྟགས་ཀྱི་རྩ་ནི་ཁོང་ཤིན་ཏུ་སྟོང་ཞིང་ཁ་ལ་རྐྱལ་བ་དང༌། ཆུ་ནི་ལུ་མའི་ཆུ་འདྲ་བར་སྔོ་ལ་དྭངས་ཤིང་ཕལ་ཆེར་མི་ལྡོག་ལ། གལ་ཏེ་ལྡོག་ཀྱང་དེའི་རྗེས་སླ་བ་དང༌། འགྲོ་འདོད་ཅིང་ཐང་ཆད་པའི་སྐབས་ལྟར་ཤུས་འདེབས་པ་དང༌། ཤེས་པ་ཡང་ལ་གཏད་མེད་དུ་འཕྱོ་བ་དང༌། མགོ་བོ་ཟི་འཁོར་བྱེད་ཅིང་རྣ་བ་འུར་ལ་ཁྲོག་པ་དང༌། ལྕེ་སྐམ་ཞིང་དམར་ལ་རྩུབ་པ་དང༌། ཅི་ཡང་མ་ཟོས་ཀྱང་ཁ་ལ་རོ་བསྐ་བ་དྲོ་བ་དང༌། གཟེར་བ་ངེས་མེད་དུ་འཕོ་ཞིང་ལུས་གྲང་ལ་རྩེ་འདར་བར་བྱེད་པ་དང༌། ལུས་འགུལ་བསྐྱོད་བྱས་པའི་ཚེ་ཀུན་ལ་ཁྱབ་པའམ་ཡང་ན་ཀོ་ལེར་ཟུག་པ་དང་སྙོམས་པ་སྟེ་སྒྱིད་ལུག་དང༌། ལུས་ཡན་ལག་དང་བཅས་པ་རེངས་པའམ་ཡང་ན་བརྐྱང་བསྐུམ་མི་ཤེས་པར་འཁུམས་པ་དང་ཤ་པགས་བྱེ་བ་དང༌། རྒྱུད་རྐང་ཆག་པ་སྙམ་བྱེད་པ་དང༌། མིག་ལ་སོགས་པ་ཕྱིར་འབྱིན་པ་དང༌། ཡན་ལག་གཞན་གྱིས་དཀྲིས་སྙམ་བྱེད་པ་དང༌། འགུལ་ན་ཟུག་ལྷག་པར་དུ་ཆེ་ཞིང་བ་སྤུ་རྩེ་བ་དང༌། ཕྲུམ་སེར་ཁྱེར་བ་དང༌། མཚན་མོ་ཡང་གཉིད་མེད་ཅིང་གཡལ་འདར་བ་དང་རྨྱང་བར་འདོད་པ་དང་ཚིག་པ་ཟ་བ་རྣམས་འབྱུང་ལ། དཔྱི་རྐེད་དང་རུས་ཚིགས་མ་ལུས་པ་བརྡུངས་པ་སྙམ་དུ་བྱེད་པ་དང༌། ལྷག་པ་དང་བྲང་དང་མུར་འགྲམ་ལ་ལྷག་པར་དུ་ཟུག་ཅིང་གཟེར་བ་དང༌། ཨན་སྟོང་དང་ཚིགས་པ་དང་པོ་ལ་སོགས་པའི་རླུང་གསང་རྣམས་ནི་ཁ་བྱེ་ཞིང་མནན་ན་ན་བ་དང༌། སྟོང་སྐྱུགས་བྱེད་ཅིང་ཐོ་རངས་ཀྱི་དུས་སུ་ལྦུ་ཅན་གསོག་ཅིང་ལུ་བ་དང༌། ཁོང་པ་སྦོ་འཁྲོག་བྱེད་ཅིང་དགོངས་ཀ་དང་ཐོ་རངས་ཀྱི་དུས་དང་ཞུ་བའི་རྗེས་རྣམས་སུ་ལྷག་པར་ན་བ་དག་འབྱུང་བ་ཡིན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བསྟན་པ་ལ་གསུམ་སྟེ། རིགས་ཀྱི་སྒོ་ནས་བརྟག་པ། གནས་ཀྱི་སྒོ་ནས་བརྟག་པ། ནང་ཚེགས་ཀྱི་སྒོ་ནས་བརྟག་པ་བསྟན་པའོ། །དང་པོ་རིགས་ཀྱི་སྒོ་ནས་བརྟག་པ་བསྟན་པའང་གཉིས་ཏེ། རྒྱས་བཤད་ཀྱི་བརྟག་ཐབས་བསྟན་པ་དང༌། མདོར་བསྡུས་ཀྱི་བརྟག་ཐབས་བསྟན་པའོ། །དང་པོ་ནི། བྱེ་བྲག་ཅེས་སོགས་ཚིག་རྐང་སུམ་ཅུས་བསྟན་ཏེ། རླུང་ནད་བྱེ་བྲག་ཏུ་རྟགས་རྣམས་ཀྱི་ནང་ནས་རླུང་ནད་ཀྱིས་བཏབ་པའི་ནད་པ་དེའི་ལུས་དགུར་པོ་སྟེ་གཞུ་ལྟར་འགུགས་པར་བྱེད་ཅིང་ལུས་ཟུངས་རྣམས་བསྡུས་པས་འཁུན་པའང་ཕུག་རོན་གྱི་སྐད་ལྟར་འདོན་པར་བྱེད་ཅིང་བྲན་པ་ཡང་གཞན་དབང་དུ་གྱུར་ནས་མེད་པ་ལྟར་གནས་ཤིང༌། དེ་ལྟ་བུའི་ནད་པ་དེ་ནི་མིག་ཧར་པོར་འདུག་ཅིང་དབུགས་ཀྱང་འབྱིན་པར་དཀའ་བ་སྟེ་དེའི་མིང་རླུང་གི་ནད་ཨ་ཝརྟ་ནར་བཤད་པ་ཡིན་ཏེ། ཡན་ལག་བརྒྱད་པར། ལུས་ནི་ཀུན་ཏུ་ཞུགས་གྱུར་ནས། །དེ་ནི་གཞུ་ལྟར་དགུར་པོར་བྱེད། །དབུགས་འབྱིན་དཀའ་ཞིང་མིག་རེངས་ཧར། །དེ་ནས་ཕུག་རོན་ལྟ་བུར་འཁུན། །དྲན་པ་མེད་དེ་གཞན་དབང་པ། །དེ་ཉིད་ཨ་ཝརྟ་ནར་བཤད། །ཅེས་སོ། །རླུང་ནད་ད་རྒན་ཕྱིར་དགྱེད་ཀྱི་ནད་ལངས་པའི་རྟགས་ནི། བྲང་གི་རུས་པ་འབུར་ཞིང་ལྟག་པའི་ཞབས་ཀྱིས་གཉའ་བའི་རུས་པ་བརྡུང་སྙམ་བྱེད་ཅིང་ཐུང་ཐུང་པོར་གྱུར་ནས་ལྟག་པ་དགྱེས་དང་པོ་འཆའ་སྟེ་སོ་ཀྲིག་ཀྲིག་ཟེར་བའི་སྒྲ་འབྱིན་ཅིང་ལྦུ་བར་སྐྱུག་པ་དང་མགོ་དང་འགྲམ་པ་དང་རྒྱབ་རྣམས་ན་ཞིང༌། སྐད་ཕྱིར་མི་འབྱིན་པ་དང༌། མིག་ཧར་ཧར་པོར་བལྟ་ཞིང་རྩིབ་ལོགས་གཡས་གཡོན་གཉིས་སུ་ཁོལ་བུར་ཟུག་གཟེར་ཆེ་བ་ཞིག་ལ་བྱ་སྟེ། ཟླ་ཟེར་དུ། ཕྱིར་དགྱེ་དེ་དང་འདྲ་བ་ལ། །ལུས་ནི་ཕྱིར་དགྱེ་བྱེད་པ་དང༌། །མགོ་བོ་རྒྱབ་ཏུ་འདྲེན་བྱེད་ཅིང༌། །དེ་ལ་བྲང་ནི་ཤིན་ཏུ་འབུར། གཉའ་བ་བཅོམས་པ་ལྟར་ན་ཞིང༌། །སོ་དང་ཁ་ནི་མགོ་མི་སྡུག །རུལ་ཞིང་ལུས་ནི་ལྷོད་པར་བྱེད། །ཕྱིར་དགྱེ་གཞུང་རེངས་ཞེས་བྱ་ཞིང༌། །དེ་ལ་ཤུགས་དྲག་ཅེས་བྱར་བཤད། །ཅེས་བྱ་བ་ལས། ཕྱིར་དགྱེ་བ་ཞེས་བྱ་བའི་རླུང་ནད་གཞན་དག་ནི་ཚུལ་དེ་དང་འདྲ་ཞིང་མཚུངས་པ་ལས་འདིའི་ཁྱད་པར་འདི་ཡིན་ཏེ་ལུས་ཕྱིར་དགྱེ་ཞིང་རྒྱབ་ཏུ་གུག་བར་བྱེད་ལ་མགོ་རྒྱབ་ཏུ་ཡོ་བར་འདྲེན་ཅིང་འགུགས་པར་བྱེད་པ་དང༌། ཕྱིར་དགྱེ་བ་ཞེས་བྱ་བའི་རླུང་ནད་གཞན་དག་ནི་ཚུལ་དེ་དང་འདྲ་ཞིང་མཚུངས་པ་ལས་འདིའི་ཁྱད་པར་འདི་ཡིན་ཏེ་ལུས་ཕྱི་དགྱེ་ཞིང་རྒྱབ་ཏུ་གུར་བར་བྱེད་ལ་མགོ་རྒྱབ་ཏུ་ཡོ་བར་འདྲེན་ཅིང་འགུགས་པར་བྱེད་པ་དང༌། ཕྱིར་དགྱེ་བ་ཞེས་བྱ་བའི་ནད་དེ་ལ་བྲང་ཤིན་ཏུ་འབུར་ཞིང་མཐོ་བ་དང༌། གཉའ་བ་ན་ཞིང་བརྡུང་བརྡུང་བ་ལྟར་སེམས་པ་དང༌། དེ་ནི་སོ་དང་ཁའི་མདོག་མི་སྡུག་པ་དང༌། །རྔུལ་ཤིན་ཏུ་མང་དུ་འབྱུང་བ་དང༌། ལུས་ལྷོད་ཅིང་ཤིག་ཤིག་པོར་འགྱུར་བར་བྱེད་དོ། །ད་རྒན་ནང་གུག་ཅེས་བྱ་བ་ལངས་པའི་རྟགས་སུའང་ན་ལུགས་ཀྱི་ཚུལ་ཕྱིར་དགྱེ་དེ་དང་སྤྱི་ཙམ་འདྲ་ལ། དེ་ཡང་མི་ནོར་བའི་རྟགས་ནི། སྐེའི་རུས་པ་བརྡུང་སྙམ་བྱེད་ཅིང་བྲང་དུ་བསྡུས་རོ་སྟོད་འབུར་བ་སྟེ།

ཟླ་ཟེར་དུ། འཇིང་པ་རེངས་པའི་རླུང་ཞུགས་ཤིང༌། །ཞེས་ཚིག་རྐང་བཅུ་གཅིག་བསྟན་པ་ལ། མཇིང་པ་ནི་གཉའ་བ་ལ་བརྟེན་པའི་གནད་གཅིག་ཡོད་དེ། དེ་དག་ཏུ་རླུང་ཞུགས་ནས་གང་གི་ཚེ་རྩ་ཆེན་པོར་ཕྱིན་ནས་གནས་པར་གྱུར་ཅིང་ལུས་ཐམས་ཅད་ཁྱབ་ཅིང་ཁེབས་པར་གྱུར་པ་དེའི་ཚེ་ན་ནམ་ཚོང་འགུགས་ཤིང་ཡོན་པར་བྱེད། དེ་བཞིན་དུ་ལུས་ཀྱང་གཞུ་ལྟར་ནད་དུ་གུག་པར་བྱེད་ཅིང༌། སྒུར་པོར་བྱེད་ལ་མིག་གཉིས་རེངས་ཤིང་འབྱེད་བ་དང་འཛུམ་པ་མི་ཤེས་པ་དང༌། རང་གི་ཤུགས་ཆག་པ་དང་གྲུམ་པར་བྱེད་པ་ལ་སོགས་པའི་ནད་སྣ་ཚོགས་པའི་ཚུལ་སྐྱེད་པར་བྱེད་པ་དང༌། དེ་བཞིན་དུ་གཡལ་མང་དུ་འབྱུང་སྟེ། བསིལ་བ་ཉིད་ཀྱི་ཕྱིར་ཕན་ཡོན་ཀྱང་ཆེ་བར་བཤད་དོ། ཞེས་དང༌། གཞན་ཡང་ག་བུར་ནི་ས་འོག་ནས་ཕ་བོ་དགོ་དགོ་ལྟ་བུར་ཕྱི་ཤུན་དང་བཅས་པ་རྒྱ་གར་ནག་གི་ཡུལ་ནས་མང་བར་འབྱུང་ངོ་ཞེས་སོགས་མང་དུ་ཟེར་རོ། །འདིས་ནི་རང་ཉིད་དམའ་ཕབ་པ་ཡིན་ཏེ་ཇི་ལྟར་ཞེ་ན།

ཙནྡན་དཀར་པོ་ལ་མིང་གི་རྣམ་གྲངས་སྟོན་པ་ལ་ཨ་མཱ་ར་ཀོ་ཥའི་རྒྱ་དཔེར། ཏི་ལ་བརྞི་གོརྵི། རྵ་ཧ་རི་ཙནྡན་ཞེས་པ་ཡོད་ལ། དེ་ནི་ཏིལ་འདབ་ཅན་དང་ས་མཆོག་དང༌། ཧ་རི་ཙནྡན། ཞེས་བྱ་བར་འགྱུར་བ་ཡིན་ཏེ། འགྲེལ་པར། ཙནྡན་དཀར་པོ་ལ་མིང་གསུམ་སྟེ། ཏི་ལ་པརྞི་ཀ་ཏིལ་མར་འདབ་ཅན་ཞེས་བྱ་བའི་ཙནྡན་རི་བོ་མ་ལ་ཡའི་ཕྱོགས་གཅིག་ནས་འབྱུང་བའོ། །གོར་ཤིརྵ་ས་མཆོག་གམ་བ་ལང་མགོ་ཞེས་བྱ་བ་སྟེ། བ་ལང་མགོ་ཡི་རྣམ་པ་ཅན། །མ་ལ་ཡ་ཡི་ཕྱོགས་སུ་སྐྱེ། །ཞེས་པའོ། །ཧ་རི་ཙནྡན་ཞེས་པ་ལ་ཧ་རི་ནི་སྦལ་བ་སྟེ་དེའི་དབྱིབས་ཅན་གྱི་རི་བོ་ཞིག་ལ་སྐྱེ་བས་ཧ་རི་ཙནྡན་ཞེས་བྱའོ་ཞེས་དང༌། སྒྲ་སྦྱོར་ངེས་པར། ཙནྡན་དང༌། གནྡ་སཱ་ར་དང༌། གོར་ཤིརྵ་དང༌། ཤེ་ཏེ་ཙནྡན་དང༌། བྷ་དྲ་ཤྲི་ཡི་དང༌། མ་ལ་ཡ་ཛ་དང༌། ཏི་ལ་པརྞི་ཀ་དང༌། དེ་དག་ནི་ཙནྡན་དཀར་པོའི་མིང་ངོ༌། །ཞེས་བཤད་ཅིང༌། ཁྱད་པར་གོར་ཤིརྵ་ཞེས་པ་ས་མཆོག་གམ་བ་ལང་མགོ་ཞེས་པ་སྟེ། བ་ལང་མགོ་ཡི་རྣམ་པ་ཅན། །མ་ལ་ཡ་ཡི་ཕྱོགས་སུ་སྐྱེ། །ཞེས་པའི་ཚིག་འདིས་ནི་ཙནྡན་དཀར་པོ་ཀུན་ལ་གོར་ཤིརྵ་འམ་ས་མཆོག་ཅེས་ཟེར་བར་བསྟན་ལ། སྦྲུལ་གྱི་སྙིང་པོ་ཞེས་པ་ནི། ཙནྡན་དཀར་པོའི་སྡོང་པོ་དེ་ནི་རང་བཞིན་གྱི་རེག་བྱ་བསིལ་ཞིང་ག་པུར་གྱི་ཚི་བ་དང་ལྡན་པས། སྦྲུལ་རྣམས་ཉིན་པར་ཚ་བས་གདུངས་པའི་ཚེ་དེ་ལ་འཁྲིལ་ཏེ་གནས་པས་སྦྲུལ་གྱི་སྙིང་པོ་ལྟར་བྱུང་བ་ལ་འདྲ་བ་རྒྱུ་མཚན་གྱི་སྒོ་ནས་མིང་དེ་ལྟར་བཏགས་པར་ཟད་ལ། སྐད་དོད་སརྦི་ས་ར་དང་སརྦི་གརྦྷྲ་ཞེས་པ་ཙམ་མ་གཏོགས་རྒྱུ་མཚན་གསལ་བར་མ་མཐོང་ངོ༌། །དེས་ན་ག་པུར་བཞིན་དུ་ཙནྡན་ལ་རིགས་གསུམ་མི་འབྱུང་བའི་རྒྱུ་མཚན་ཡང་གོར་ཤིརྵ་དང་ས་མཆོག་དང་སྦྲུལ་གྱི་སྙིང་པོ་གསུམ་ངོ་བོ་གཅིག་པའི་དབང་གིས་ཡིན་ནོ། །འོན་ཀྱང་དེང་སང་ཙནྡན་དཀར་པོ་ཡིན་ཟེར་བའི་ངན་པ་ཞིག་འབྱུང་བ་ནི། ཙནྡན་གྱི་ནགས་ན་ཤིང་གཞན་འགའ་ཞིག་ཡོད་པ་ལ་ཙནྡན་ག་བུར་གྱི་དྲི་བསུང་ཡུན་རིང་དུ་འགོས་པས་ཙནྡན་གྱི་དྲི་བསུང་འདྲ་བ་ལྟར་འབྱུང་བ་ཡིན་ཏེ། ས་སྐྱ་པཎྜི་ཏས། མ་ལ་ཡ་ལས་འོངས་པ་ཡི། །སྡོང་དུམ་ཕལ་ལ་རིན་ཐང་ཆེ། །ཞེས་གསུངས་པ་ཡང་དོན་འདི་ཉིད་དོ། །དེས་ན་བཟང་བ་རྣམས་ནི་ཙན་དན་དངོས་ཡིན་ལ། ངན་པ་རྣམས་ནི་དེ་ལྟར་ཤེས་པར་བྱ་སྟེ། ཆུའི་ནོར་བུ་ཞེས་པ། གངས་སམ་ཆབ་རོམ་ལོ་སྟོང་ཕྲག་ལོན་པ་ལས་རིན་པོ་ཆེ་སྤུག་འབྱུང་བར་བཤད་པ་ནི་མང་དུ་མཐོང་ལ། འཁྱགས་པ་དང་ས་འོག་ནས་ག་བུར་འབྱུང་ཞེས་པའི་གཏམ་འདི་ནི་མཁས་པ་ཀུན་ལ་མ་གྲགས་པའི་ཚིག་ཏུ་འདུག་པས་ཆ་མ་འཚལ་ལོ། །འོན་ཀྱང་འཁྱགས་པ་ལས་ག་བུར་འབྱུང་ཞེས་པ་ནི། གངས་ཆུ་ལ་སོགས་པ་ཤིན་ཏུ་བསིལ་བ་ཞིག་ཡོད་ན། དེ་ལ་ག་པུར་ཡོད་དོ་ཞེས་གྲོང་བ་རྣམས་གླེང་བའི་རྗེས་སུ་འབྲངས་པ་དང༌། ཕ་བོ་དགོ་དགོ་བཞིན་དུ་ཕྱི་ཀོག་དང་བཅས་ནས་འབྱུང་ཞེས་པ་ནི། རྒྱ་ནག་ནས་ག་པུར་གྱི་ཁཎྜ་པགས་པ་སྲབ་མོའི་ནང་དུ་བཅུག་པའི་རིལ་རིལ་མང་དུ་འབྱུང་བས་འདི་ཉིད་ལ་འཁྲུལ་བ་ཡིན་ལ། ག་བུར་འདི་ནི་རང་བཞིན་དུ་བཞག་ཀྱང་ཡལ་མི་འགྲོ་ཞིང་ནུས་བ་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་ནོ། །དེས་ན་འདི་ལྟ་བུ་རྣམ་གཞག་འཆད་པར་བྱེད་པ་མང་དུ་ཐོས་ཤིང༌། མངོན་བརྗོད་དང་བརྡ་སྤྲོད་པའི་ཚུལ་ཅུང་ཟད་རིག་པ་ཞིག་ཅི་ནས་ཀྱང་དགོས་པས་རྩོལ་བ་དང་ལྡན་པ་གྱིས་ཤིག །

གཞན་ཡང་ཙནྡན་ངོ་བོ་གཅིག་ལ་ག་བུར་རིགས་གསུམ་དུ་འབྱུང་བར་འདོད་པ་ནི་འདི་ལྟར་སྣང་སྟེ། སྡོང་པོའི་རྩ་བ་ལས་མང༌། རྐེད་པ་ལས་སྟག་ཟིལ། རྩེ་མོ་ལས་ཤེལ་ག་བུར་འབྱུང་ཞེས་དང༌། སྡོང་པོའི་ལྷོ་ལས་མང༌། ཤར་ནུབ་ལས་སྟག་ཟིལ། བྱང་ལས་ཤེལ་འབྱུང་ཞེས་དང༌། ལོ་གསུམ་ལོན་པ་ལས་མང༌། གཉིས་ལོན་པ་ལས་སྟག་ཟིལ། གཅིག་ལོན་པ་ལས་ཤེལ་འབྱུང་ཞེས་དང༌། སྡོང་པོ་ཐང་ལ་སྐྱེས་པ་ལས་མང༌། རི་ཐང་མཚམས་སུ་སྐྱེས་པ་ལ་སྟག་ཟིལ། རི་རྩེར་སྐྱེར་པ་ལ་ཤེལ་ག་བུར་འབྱུང་ངོ་ཞེས་སོགས་འདོད་པ་མང་དུ་སྣང་ཡང༌། བརྟགས་ཤིང་དཔྱད་ན་འཐད་པའི་ཕྱོགས་འགའ་ཡང་མ་མཐོང་བས་རྣམ་རྟོག་གི་གྲངས་དང་མཉམ་པའི་བབ་ཅོལ་ཙམ་དུ་ཟད་དོ། །འོ་ན་བདུད་རྩི་འབྱུང་ཁུངས་སུ། སྦྲུལ་གྱི་སྙིང་པོ་ས་མཆོག་དང༌། །གོར་ཤིརྵ་རྣམ་གསུམ་པོ་ལས། །ག་པུར་རིགས་གསུམ་འབྱུང་བ་ཡིན། །ཞེས་བཤད་པ་མ་ཡིན་ནམ་སྙམ་ན། འདི་ཡང་གསུང་རབ་ཚད་ལྡན་དང་རིག་བྱེད་སོགས་ཀྱི་གཞུང་ཁུངས་དང་འགལ་བར་སྣང་བས་གོང་དུ་བཀག་པ་ཉིད་ཀྱིས་ཕལ་ཆེར་ཁེགས་ལ། འོག་ནས་ཀྱང་འབྱུང་ངོ༌། །ཡང་ཕྱི་མ་རྒྱུད་ཀྱི་སྨན་ངོ་གསལ་བྱེད་དུ། འདིར་དྲང་སྲོང་ཆེན་པོའི་བཞེད་པས་འབྱུང་ཁུངས་སྦྲུལ་གྱི་སྙིང་པོ་གཅིག་པོ་ཡིན་ཀྱང་འཐུ་དུས་ཀྱི་ནམ་ཟླ་བསིལ་དྲོད་སྙོམས་གསུམ་ལས། ག་བུར་རིགས་གསུམ་འབྱུང་ངོ་ཞེས་པས། སྦྲུལ་གྱི་སྙིང་པོའམ་ས་མཆོག་གི་སྡོང་པོའི་ལྷོ་ཕྱོགས་སུ་ཆགས་པའི་ག་པུར་ཉི་མ་བྱང་བགྲོད་མཐར་ཐུག་གི་དུས་སུ་བཏུས་པ་མང༌། ཤར་ནུབ་གང་རུང་དུ་ཆགས་པའི་ག་བུར་ཉིན་མཚན་མཉམ་དུས་སུ་བཏུས་པ་ལ་སྟག་ཟིལ། བྱང་ཕྱོགས་སུ་ཆགས་པའི་ག་པུར་ལྷོ་བགྲོད་མཐར་ཐུག་གི་དུས་སུ་བཏུས་པ་ལ་ཤེལ་འབྱུང་བ་ཡིན་ཏེ། ཚ་བསིལ་གྱི་ནུས་སྟོབས་ཕུལ་དུ་བྱུང་བའི་དུས་དང་གནས་ལས་བྱུང་བའི་ཕྱིར་རོ་ཞེས་དགོངས་སོ། །འདི་དག་ཀྱང་སྔ་རབས་པ་རྣམས་ལ་རྣམ་པར་དཔྱོད་པའི་སྟོབས་རྨད་དུ་བྱུང་བ་ཙམ་ཞིག་སྣང་ཡང༌། ཆེས་ཕུལ་དུ་བྱུང་བའི་ལེགས་པར་མ་བཤད་དེ། ཅལ་སྒྲོག་གི་རྗེས་སུ་འཕྱན་པར་གྱུར་པས་སོ། །

གཉིས་པ་རང་ལུགས་ནི། དཎྜིའི་ཚིག་རྒྱན་གྱི་ཕྱི་ཡུལ་དང་འགལ་བའི་དཔེར་བརྗོད་དུ། སྙན་ངག་མཁན་པོ་དཔག་མེད་ལས། །དེང་འདིར་ཇི་ལྟར་གྲགས་པ་བཞིན། །མིན་པར་གལ་ཏེ་རབ་ཞུགས་ན། །དེ་ནི་ཡུལ་སོགས་འགལ་ཞེས་བརྗོད། །ག་བུར་རྐང་འཐུང་ལ་རེག་པའི། །མ་ལ་ཡ་རླུང་དྲི་བཟང་ཅན། །ཀ་ལིང་ག་ཡི་ནགས་སྐྱེས་པའི། །གླང་པོ་དག་ནི་རི་དྭགས་རིགས། །ཙོ་ལ་ཀ་བེ་རི་ངོགས་ལ། །ཨ་ག་རུ་ནི་ནག་པོས་སྔོ། །ཞེས་པ་ཡུལ་དང་འགལ་བ་ཡི། །ཚིག་གི་འཇུག་པ་འདི་འདྲ་སྟེ། །ཞེས་མ་ལ་ཡ་ལས་ག་པུར་གྱི་དྲི་བཟང་པོ་འབྱུང་ངོ་ཞེས་བཤད་པ་མི་རུང་སྟེ། མ་ལ་ཡ་ན་ག་བུར་འབྱུང་བའི་ཤིང་མེད་པའི་ཕྱིར་དང༌། དེ་ན་ཙན་དན་དཀར་པོ་ནི་མང་དུ་ཡོད་དེ། གོང་དུ་གྲངས་པའི་འཆི་མེད་མཛོད་རྩ་འགྲེལ་གྱི་ལུང་སོགས་དང་གཞན་ཡང་དཔག་བསམ་འཁྲི་ཤིང་སོགས་ལུང་ཇི་སྙེད་ཅིག་སྣང་བ་དང༌། ག་པུར་ནི་ཀརྤཱུ་ར་ཞེས་པའི་ཤིང་ལས་འབྱུང་ཞིང༌། ཙནྡན་ལས་ནི་རྣམ་པ་ཐམས་ཅད་དུ་འབྱུང་བ་མ་ཡིན་པ་དེའི་ཕྱིར་ལུགས་སྔ་མ་ཐམས་ཅད་ཀྱི་འཚང་རྡོལ་བར་གྱུར་པ་ཡིན་ནོ། །

གཉིས་པ་ཚིག་གི་དོན་ནི། གྲོང་ཁྱེར་དེའི་བྱང་ཕྱོགས་ནས་ཞེས་པ་ནས་ཚ་བའི་ནད་མི་འབྱུང་བ་ཡོད་དོ་ཞེས་པའི་བར་གྱིས་བསྟན་ཏེ། རི་འདིའི་ཁྱད་ཆོས་ནི། རི་བོ་འབིགས་བྱེད་ལས་ཕལ་ཆེར་གོ་ལྡོག་པའི་ཚུལ་གྱིས་སྟོན་པ་ལས། དེ་ཡང་སྨན་གྱི་ནགས་ཚལ་གྱི་རྩེ་ན་ཡོད་པའི་གྲོང་ཁྱེར་དེའི་བྱང་ཕྱོགས་ཀྱི་རི་ངོས་དེ་ནི་སྲིབ་ཡིན་པས་ཐ་སྙད་དུ་རི་བོ་གངས་ཅན་ཞེས་བྱ་བ་སྟེ། དེ་ནི་ཟླ་བའི་སྟོབས་ཕུལ་དུ་བྱུང་བ་དང་ལྡན་པའི་རི་ཡིན་པའི་ཕྱིར། རི་ངོས་དེ་ལ་རོ་ཁ་ཚ་དང་ལྡན་ཞིང༌། ནུས་པ་བསིལ་རྟུལ་ཡང་རྩུབ་གྱོང་བ་དང་ལྡན་པའི་ཙནྡན་དཀར་པོ་དང༌། རོ་ཁ་ཚ་བསྐ་བ་དང་ལྡན་ཞིང་ནུས་པ་རྩུབ་བསིལ་ཡང་གྱོང་དང་ལྡན་པའི་ག་བུར་དང༌། རོ་ཁ་ཚ་དང་ལྡན་ཞིང་ནུས་པ་དྲོ་འཇམ་སྣུམ་སྐམ་དང་ལྡན་པའི་ཨ་ག་རུ་ནག་པོ་དང༌། རོ་ཁ་བ་ཤས་ཆེ་ཞིང་ནུས་པ་སླ་བསིལ་རྟུལ་མཉེན་དང་ལྡན་པའི་ནིམ་པ་ལ་སོགས་ཁོངས་ནས་རོ་མངར་ཞིང་ནུས་པ་བསིལ་རྟུལ་དང་ལྡན་པའི་གོ་ཕྱེ་ལ་སོགས་ཏེ། མདོར་ན་ཚ་རྣོ་སྣུམ་ཡང་དང་ལྡན་པའི་ཚ་བའི་ནད་སེལ་བར་བྱེད་པ་ལ་བསིལ་རྟུལ་ལྕི་སྐྱ་དང་ལྡན་པའི་སྨན་ཏིག་ཏ་སོགས་རོ་ཁ་བའི་རིགས་ཕལ་ཆེར་དང༌། ཤིང་མངར་སོགས་མངར་བའི་རིགས་ཕལ་ཆེར་དང༌། ག་དུར་སོགས་བསྐ་ བའི་རིགས་ཕལ་ཆེར་དང༌། ཁྱད་པར་རོ་ཇི་ལྟར་གྱུར་ཀྱང་ནུས་པ་བསིལ་བ་དང༌། རྟུལ་བ་དང་བརྟན་པའི་སྨན་གྱི་ནགས་ཚལ་དེ་དག་ཐམས་ཅད་ཀྱང་རྩ་བ་དང༌། སྡོང་པོ་དང༌། ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་ཤ་སྟག་དང་ལྡན་པ་ཡོད་ལ། གཞན་ཡང་གྲགས་ཚོད་དང་བསྟུན་ན་བོང་ང་དཀར་པོ་སོགས་རྩ་བའི་སྨན་དང༌། ཙན་དན་དམར་པོ་སོགས་སྡོང་པོའི་སྨན་དང༌། རྒྱ་སྐྱེགས་སོགས་ཡལ་གའི་སྨན་དང༌། ཞུ་མཁན་སོགས་ལོ་མའི་སྨན་དང༌། ནཱ་ག་གེ་སར་སོགས་མེ་ཏོག་གི་སྨན་དང༌། རྒུན་འབྲུམ་སོགས་འབྲས་བུའི་སྨན་ཏེ། ཀུན་ཀྱང་དྲི་ཞིམ་པ་དང༌། ལྟ་ན་སྡུག་པ་དང༌། ཡིད་དུ་འོང་བ་དང༌། སྨན་དེ་རྣམས་ཀྱི་དྲི་ཡིས་ཁྱབ་པ་རྣམས་སུ་རྩ་བའི་ནད་རང་བཞིན་གྱིས་མི་འབྱུང་བ་ཡོད་དོ། །ཞེས་བྱ་བའི་དོན་ཏོ། །

གསུམ་པ་ཤར་ཕྱོགས་ཀྱི་རི་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ལའང༌། དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་བྲང་ཏི་སོགས་སྔ་རབས་པ། ན་རེ། ཨ་རུ་ར་ལ་རོ་དྲུག་དང་ལྡན་ཞེས་པ་ནི། རོ་མངར་སྐྱུར་ཁ་ཚ་བསྐ་བ་སྟེ་དངོས་སུ་ལྔ། ཤུགས་ལ་མངར་སྐྱུར་གྱིས་རླུང་འཇོམས་པས་ལན་ཚ་ཡོད་པ་དང་མཚུངས་ཏེ། ཟླ་དགའི་རོ་སྦྱོར་བརྒྱ་པ་ལས། མངར་དང་སྐྱུར་དང་ཚ་བ་དག །བསྡེབས་པས་ལན་ཚ་འབྱུང་ངོ་ཞེས། །སྔོན་གྱི་དྲང་སྲོང་གིས་བཤད་དོ། །ཞེས་ལུང་དང་བཅས་ཏེ་སྨྲ་བར་བྱེད་དོ། །དེ་ལྟ་ན་སྦྲང་དང་སེ་འབྲུ་སྟར་བུ་སོགས་ལ་ཡང་ལན་ཚ་ཡོད་པར་ཧ་ཅང་ཐལ་ཞིང༌། ཡང་ན་ལན་ཚའི་ཤས་ཙམ་ཡོད་པ་ལ་བྱེད་དམ་མེད་པ་ལ་བྱེད། དང་པོ་ལྟར་ན་འགྲེལ་པ་ཟླ་ཟེར་ལས། ཨ་རུ་ར་ནི་རོ་རབ་ཏུ་བསྐ་བ་ཡིན་ལ། ཞུ་བའི་རྗེས་མངར་བ་ཡིན་ཡང་རྩུབ་པའི་ཡོན་ཏན་དང་ལྡན་པས་རྩུབ་པ་ཡིན་ཞིང༌། །ལན་ཚའི་རོ་མེད་པ་ནི་ལན་ཚའི་རོ་དང་བྲལ་བ་དེ་རོ་ལྔ་དང་ལྡན་པ་ཞེས་པའི་དོན་ཏོ། །ཞེས་པས་གནོད་ལ། གཉིས་པ་ལྟར་ན་ཁྱེད་རང་གི་སྒྲུབ་བྱེད་ལྟར་དོན་མེད་དུ་འགྱུར་རོ། །ལུང་འདི་ཡང་སྦྱོར་བ་བརྒྱ་པའི་ཚིག་མ་ཡིན་ཏེ། ཟླ་དགས་མཛད་པའི་སྦྱོར་བ་བརྒྱ་པ་ཞེས་པ་ཡོད་སྲིད་ཀྱང་བོད་དུ་འགྱུར་བར་མ་གྲགས་ལ། ཟླ་ཟེར་སོགས་ཁུངས་ཐུབ་པ་རྣམས་སུ་དེའི་ལུང་སྨོས་པ་ཡང་མེད་ཅིང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ་ཞིག་ཡོད་མོད་ནའང༌། འདི་ལྟ་བུའི་ཚིག་ཆ་ཤས་ཙམ་ཡང་མེད་པ་དང༌། དེའི་འགྲེལ་བ་ཁྱབ་འཇུག་ལྷ་དང་ངེས་པར་སྐྱོང་བས་མཛད་པ་གཉིས་ཡོད་ཀྱང༌། རྒྱ་དཔེ་ཙམ་མ་གཏོགས་སྔར་བསྒྱུར་བ་མེད་པས་ཇི་ལྟར་རུང༌། དེ་བཞིན་དུ་སྒྲ་གཅན་བདུད་རྩི་བརྐུ་བ་དང༌། །སྐེ་བཅད་པ་ལས་འཛགས་གྱུར་པའི། །བདུད་རྩིའི་ཐིགས་པ་སར་ལྷུང་བ། །རླུང་གིས་རྣམ་པ་བདུན་དུ་ཕྱེ། །ཞེས་པ་འདི་ཡང་སྦྱོར་བ་བརྒྱ་པའི་ཚིག་ཡིན་ཞེས་འདྲེན་པར་འདུག་ཀྱང༌། །དེའི་ཚིག་ནི་མ་ཡིན་ལ། གཞན་གང་ལས་ཡིན་བརྟག་པར་བྱའོ། །ཡང་ཁ་ཅིག་(འབུམ་ནག་མཁན་པོ་སོགས་)ན་རེ། དངོས་སུ་རོ་ལྔ་ལས་མེད་ཀྱང་ཆུ་མེའི་ནུས་པ་ཡོད་པའི་དབང་གིས་ལན་ཚ་འང་ཡོད་དོ་ཟེར་བ་མི་འཐད་དེ། ཆུ་མེའི་ནུས་པ་ཡོད་པ་ཙམ་ལ་བྱེད་དམ་ཤས་ཆེ་བ་ལ་བྱེད། དང་པོ་ལྟར་ན་དངོས་པོ་ཐམས་ཅད་འབྱུང་བ་ལྔ་ཀ་ཚོགས་པ་ཁོ་ན་ལས་མ་བྱུང་བ་མེད་པའི་ཕྱིར་ཏིག་ཏ་ལ་སོགས་ལ་ཡང་ཐལ་ཆེས་ཤིང༌། ཡང་རོ་དྲུག་ཀ་དང་མི་ལྡན་པའི་དངོས་པོ་མི་སྲིད་པར་འགྱུར་ལ། གཉིས་པ་ལྟར་ན་ཨ་རུ་ར་ཆུ་མེ་ཤས་ཆེ་བས་བསྐྱེད་པ་མ་ཡིན་ཏེ། རོ་བསྐ་བ་ཤས་ཆེ་བའི་སྨན་ཡིན་པའི་ཕྱིར། ལར་ཡང་འདོད་པ་འདི་གཉིས་ཀས་ཨ་རུ་ར་སྤྱི་ཙམ་པ་ལ་བཤད་པ་འདི་བཞིན་བྱས་པས་ཀྱང་ཤིན་ཏུ་ནོངས་ཏེ། རགས་པའི་དབང་དུ་བྱས་ན་ཨ་རུ་ར་ཐམས་ཅད་རོ་བསྐ་བ་ཤ་སྟག་ཡིན་ལ། ཅུང་ཟད་ཕྱེ་ན་ཨ་རུ་ར་མཆུ་རིང་ནི་རོ་མངར་ཁ་ཚ་སྐྱུར་བཞི་དང་ལྡན་ལ། སྐེམ་པོ་ནི་ཁ་བསྐ་གཉིས་ལྡན། འཕེལ་བྱེད་མངར་བསྐ། འཇིགས་མེད་མངར་ཁ། ཤ་ཆེན་མངར་སྐྱུར། འཆི་མེད་མངར་སྐྱུར། འཆི་མེད་མངར་ཁ་བསྐ་བ་སུམ་ལྡན། རྣམ་རྒྱལ་རོ་ལྔ་དང་ལྡན་པར་བཤད་ལ། ཤིན་ཏུ་ཞིབ་པར་ན་རྣམ་རྒྱལ་རོ་དྲུག་དང་ལྡན་ལ། ལྷག་མ་གཞན་རྣམས་རོ་ལྔ་དང་ལྡན་ནོ། །ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ། །དེས་ན་སྔ་རབས་པ་ཀུན་ཀྱིས་འདིར་རོ་དྲུག་དང་ལྡན་པ་ཞེས་དང༌། བཤད་རྒྱུད་དུ། ཨ་རུ་ལན་ཚ་མ་གཏོགས་རོ་ལྔ་ལྡན། །ཞེས་པའི་གོང་འོག་འགལ་བ་ལྟར་མཐོང་ནས་དོན་མེད་ཀྱི་རྩོད་སྤོང་སྣ་ཚོགས་སུ་བྱེད་དགོས་བྱུང་བ་ནི་གཞུང་དོན་དཔྱིས་ཕྱིན་པ་མ་རྟོགས་པའི་སྐྱོན་འབའ་ཞིག་གི་རྟགས་ཡིན་ནོ། །

གཉིས་པ་རང་གི་ལུགས་ནི། རོའི་གནས་ཚུལ་གཙོ་བོར་བཤད་པས་རིགས་དང་དབྱིབས་ཁ་དོག་སོགས་ཞར་ལ་རྟོགས་པར་བསམས་པའི་བཤད་པར་བྱའོ། །དེའང་དྲང་སྲོང་ཙ་ར་ཀས། དེའང་རྣམ་པར་རྒྱལ་བ་རོ་ལྔ་ལྡན། །ཅུང་ཟད་ཙམ་ནི་ལན་ཚའི་བག་དང་བཅས། །བཀྲ་ཤིས་དོན་ལྡན་འདུ་བའི་ནད་རྣམས་སེལ། །ཞེས་གསུངས་པའི་རིགས་པས། འདིར་རོ་དྲུག་དང་ལྡན་པ་ཞེས་དང༌། གསེར་འོད་དུ། ཨ་རུ་ར་ནི་རྣམ་གཅིག་ལ། །རོ་ནི་རྣམ་པ་དྲུག་དང་ལྡན། །ཞེས་དང༌། ཡན་ལག་ནག་པོའི་རྒྱུད་ལས། ཨ་རུ་ར་ནི་རིགས་ལྔ་སྟེ། །རོ་དྲུག་ནུས་པ་བརྒྱད་དང་ལྡན། །ཞེས་དང༌། བདུད་རྩི་བུམ་པར། རིགས་ལྔ་རོ་དྲུག་ནུས་པ་བརྒྱད། །ཞུ་རྗེས་གསུམ་ལྡན་ནད་རིགས་འཇོམས། །ཞེས་པ་ཀུན་ཀྱང་ཨ་རུ་ར་རྣམ་རྒྱལ་ཁོ་ན་ལ་དགོངས་ནས་གསུངས་པ་ཡིན་ལ། དྲང་སྲོང་གྲུབ་པས། དེ་དག་རོ་ནི་རྣམ་ལྔར་ལྡན། །དེ་ཡི་བྱེ་བྲག་གནས་པའི་ས། །ཁ་བ་དང་ནི་ཚ་བའི་རོ། །དེ་ཡི་རྩ་རྩེ་གཉིས་ན་གནས། །སྐྱུར་བའི་རོ་ནི་དབུས་ཀྱི་ཤ །བསྐ་བ་ཡང་ནི་ཕྱི་ཤུན་ལ། །མངར་བ་རུས་ལ་ཉེ་ལས་འབྱུང༌། །ཞེས་གསུངས་པའི་དོན་རྣམ་རྒྱལ་ལས་གཞན་པའི་ཨ་རུ་ར་རྣམས་རོ་ལྔ་དང་ལྡན་པ་ལ་དགོངས་ནས་བཤད་རྒྱུད་དུ། ཨ་རུ་ལན་ཚ་མ་གཏོགས་རོ་ལྔ་ལྡན། ཞེས་དང༌། ཡན་ལག་བརྒྱད་པར། ཨ་རུ་རོ་བསྐ་ཞུ་རྗེས་མངར། །རྩུབ་ཅིང་ལན་ཚའི་རོ་མེད་ཀྱང༌། །དྲོད་ཆེ་ཟས་འཇུ་ཡིད་གཞུངས་བྱེད། ཅེས་དང༌། དེའི་འགྲེལ་པར། ཨ་རུ་ར་ནི་རོ་རབ་ཏུ་བསྐ་བ་ཡིན་ལ། ཞུ་བའི་རྗེས་མངར་བ་ཡིན་ཡང་རྩུབ་པའི་ཡོན་ཏན་དང་ལྡན་པས་རྩུབ་པ་ཡིན་ཞིང༌། ལན་ཚའི་རོ་མེད་པ་ནི་ལན་ཚའི་རོ་དང་བྲལ་བ་སྟེ་རོ་ལྔ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྔར་བསྐ་བ་ཞེས་སྨོས་པ་ནི་དེ་ཤས་ཆེ་བར་བསྟན་པའི་ཕྱིར་ཡིན་ནོ། །དེ་ལྟར་ཨ་རུ་ར་ནི་མངར་བ་དང་སྐྱུར་བ་དང་ཁ་བ་དང་ཚ་བ་དང་བསྐ་བ་སྟེ་རོ་ལྔ་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་དག་ནི་ཤིན་ཏུ་ཞིབ་པའི་དབང་གིས་ཡིན་མོད། ཅུང་ཟད་དཔྱད་པའི་དབང་དུ་བྱས་ན།

དྲང་སྲོང་ཙ་ར་ཀས། བདུད་རྩི་སྐྱུར་ཞིང་དྲོད་བསྐྱེད་གསེར་མདོག་འབྱིན། །འཆི་མེད་མངར་ཁ་མཁྲིས་སེལ་རིང་དུ་གནས། །ཤ་ཆེན་མངར་སྐྱུར་ལུས་ཀྱི་ཤ་ཚིལ་བསྐྱེད། །འཇིགས་མེད་ཚ་ཁ་གདོན་དང་མིག་ནད་སེལ། །འཕེལ་བྱེད་མངར་བག་རྨ་རྣམས་འདྲུབ་ཅིང་བརྟས། །སྐེམ་པོ་ཁ་བསྐ་བྱིས་པའི་ནད་གདོན་འཇོམས། །མཆུ་རིངས་མཆུ་ནི་མངར་ཁ་ནད་རྣམས་འཁྲུ། །རྩ་བ་བསྐ་ཚ་སྐྱུར་བས་འཁྲུ་བ་གཅོད། །ཅེས་གསུངས་པ་ལྟར། རྣམ་རྒྱལ་ལས་གཞན་པའི་ཨ་རུ་ར་རྣམས་རོ་གཉིས་ལྡན་སུམ་ལྡན་བཞི་ལྡན་ཙམ་དུ་སོ་སོར་ཕྱེ་བ་ཡིན་ནོ། །མ་བརྟགས་མ་དཔྱད་པའི་དབང་དུ་བྱས་ནས་ཨ་རུ་རའི་རིགས་ཐམས་ཅད་ཀྱི་རོ་བསྐ་བ་ཁོ་ནར་བསྡུས་པ་ཡིན་ཏེ། བཤད་རྒྱུད་དུ། ཙན་དན་ཨ་རུ་ར་དང་བ་རུ་ར། །ཨུཏྤལ་ག་དུར་སྨག་དང་མོན་ཆ་ར། །འོམ་བུ་ལ་སོགས་དེ་འདྲ་བསྐ་བའི་སྡེ། །ཞེས་དང༌། ཡན་ལག་བརྒྱད་པར། བསྐ་བ་ཨ་རུ་བ་རུ་ར། །ཞེས་བཤད་པ་ཡིན་ནོ། །འདི་ལྟ་བུའི་དབྱེ་བ་མ་ཕྱེད་པར་འོལ་ཚོད་ཀྱི་དབང་གིས་རྣམ་བཤད་བྱས་པས་ངོ་མཚར་བའི་གཏམ་མི་འབྱུང་བར་མ་ཟད་རང་ཉིད་ལ་ཉེས་པ་མང་དུ་འབབ་པར་འགྱུར་བས་ལེགས་པར་རྟོགས་ལ། ཤིན་ཏུ་ཞིབ་པར་འདོད་ན་མ་ནུ་བཞི་ཐང་གི་དྲི་ལན་དུ་ཁོ་བོས་རྒྱས་པར་བཤད་ཡོད་པས་དེར་ལྟོས་ཤིག །

གཉིས་པ་ཚིག་གི་དོན་ནི། གྲོང་ཁྱེར་དེའི་ཤར་ཕྱོགས་ན་ཞེས་པ་ནས་ནད་བཞི་བརྒྱ་རྩ་བཞི་མི་འབྱུང་བ་ཡོད་དོ་ཞེས་པའི་བར་གྱིས་སྟོན་ཏེ། སྨན་གྱི་གྲོང་ཁྱེར་ཡོད་པའི་རི་བོ་དེའི་ཤར་ཕྱོགས་ཀྱི་ངོས་དག་ན་ཉི་མ་དང་ཟླ་བའི་སྟོབས་མཉམ་པའི་དོན་གྱིས་ན་ཁྱད་པར་དུ་སྨན་གྱི་རི་བོ་སྤོས་ངད་ལྡན་ཞེས་བྱ་བའི་ཐ་སྙད་མཛད་པའི་རི་ངོས་དེ་ལ། ཨ་རུ་ར་རིགས་ལྔའམ་བདུན་ནམ་བརྒྱད་ཀྱི་དབྱེ་བས་ཕྱེ་བའི་སྡོང་པོ་ཡང་རིགས་སོ་སོ་བ་རྣམས་དང༌། སོགས་ཁོངས་ནས་བ་རུ་ར་ལ་སོགས་པའི་སྨན་གྱི་ནགས་ཚལ་ཤིན་ཏུ་སྟུག་པོར་གྱུར་པ་དག་ཡོད་ལ། དེ་ཡང༌། གློ་སྙིང་ཕོ་མཆིན་མཁལ་ཤས་རང་ནད་སེལ། །ཞེས་དང༌། རང་ནད་རང་གིས་སེལ་བཞིན་གཞན་གྱིས་མིན། །ཞེས་པའི་རིགས་པས་འདིར་ཡང་ཨ་རུ་ར་ལ་སོགས་པའི་ཤིང་དེ་རྣམས་ཀྱི་རྩ་བས་རུས་པའི་ནད་སེལ་བ་དང༌། སྡོང་པོས་ཤའི་ནད་སེལ་བ་དང༌། ཡལ་གས་རྩ་རྒྱུས་ཀྱི་ནད་སེལ་བ་དང༌། ཤུན་པས་པགས་པའི་ནད་སེལ་བ་དང༌། ལོ་མས་སྣོད་དྲུག་གི་ནད་སེལ་བ་དང༌། མེ་ཏོག་གིས་དབང་པོ་ལྔའི་ནད་སེལ་བ་དང༌། འབྲས་བུས་དོན་སྙིང་རྣམ་པ་ལྔའི་ནད་སེལ་བར་བྱེད་པ་ཡིན་ཏེ། ཕྱི་ནང་གི་ཁམས་ཀྱི་གནས་ཚུལ་ཆ་མཐུན་དུ་གྲུབ་པའི་དོན་གྱི་ངེས་པའོ། །

དེ་ལྟར་གནས་པའི་ཤིང་དེ་རྣམས་ལས་བྱེ་བྲག་ཏུ་ཨ་རུ་རའི་ཤིང་རགས་པའི་དབང་དུ་བྱས་ན། རིགས་མི་འདྲ་བ་རྣམ་པ་ལྔ་པོ་རང་རང་གི་རྩེ་མོ་ན་རིམ་པ་བཞིན་དུ་རྣམ་རྒྱལ་དང༌། འཇིགས་མེད་དང༌། བདུད་རྩི་དང༌། འཕེལ་བྱེད་དང༌། སྐེམ་པོ་སུལ་མང་སྟེ་ཨ་རུ་རའི་འབྲས་བུ་རྣམ་པ་ལྔར་སྨིན་པ། དེ་དག་ཐམས་ཅད་ཀྱང་ཡོན་ཏན་དཔག་ཏུ་མེད་ཅིང་རོའི་ཁྱད་པར་ཀྱང་སུམ་ལྡན་བཞི་ལྡན་ལྔ་ལྡན་ཙམ་དུ་ངེས་མོད། དེ་དག་ཀུན་ལས་ཁྱད་པར་དུ་བྱས་པའི་ཨ་རུ་ར་རྣམ་པར་རྒྱལ་བ་ནི་སྨན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ་དྲུག་དང་ལྡན་པ་དང༌། ལྕི་སྣུམ་བསིལ་རྟུལ་ཡང་རྩུབ་ཚ་རྣོ་སྟེ་ནུས་པ་བརྒྱད་དང་ལྡན་པ་དང༌། འཇམ་པ་དང༌། ལྕི་བ་དང༌། དྲོ་བ་དང༌། སྣུམ་པ་དང༌། བརྟན་པ་དང༌། གྲང་བ་དང༌། རྟུལ་བ་དང༌། བསིལ་བ་དང༌། མཉེན་པ་དང༌། སླ་བ་དང༌། སྐམ་པ་དང༌། སྐྱ་བ་དང༌། ཚ་བ་དང༌། ཡང་བ་དང༌། རྣོ་བ་དང༌། རྩུབ་པ་དང༌། གཡོ་བ་སྟེ་ཡོན་ཏན་བཅུ་བདུན་ནམ། དེའི་སྟེང་དུ་གཤེར་བ་དང༌། གྱོང་བ་དང༌། སྦོམ་པ་དང༌། བཅས་ཡོན་ཏན་ཉི་ཤུ་རྫོགས་པར་ལྡན་པས་ན་ནད་ཀྱི་མཚན་ཉིད་ཉི་ཤུ་པོའི་རིགས་སུ་གྱུར་པ་ཐམས་ཅད་སེལ་ཞིང་ཟུག་རྔུ་ཀུན་ཞི་བར་བྱེད་པ་དང༌། གང་ལ་ཡང་གནོད་པར་མི་འགྱུར་ལ། ཁྱད་པར་དུ་བཀྲ་ཤིས་ཤིང་འདོད་པའི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིད་བཞིན་དུ་འགྲུབ་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའོ། །གཞན་ཡང་དེར་སྐྱེས་པའི་སྨན་དེ་དག་ཐམས་ཅད་ཀྱང་དྲི་ཞིམ་པ་དང་ལྟ་ན་སྡུག་པ་དང་ཡིད་དུ་འོང་བ་དང་ལྡན་པ་ཤ་སྟག་སྟེ། སྨན་དེ་རྣམས་ཀྱི་དྲི་ཡིས་ཁྱབ་པ་རྣམས་སུ་ནད་བཞི་བརྒྱ་རྩ་བཞི་པོ་མཐའ་དག་རང་བཞིན་གྱིས་མི་འབྱུང་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །

བཞི་པ་ནུབ་ཕྱོགས་ཀྱི་རི་བཤད་པ་ལའང་སྤྱི་དོན་ཚིག་དོན་གཉིས། དང་པོ་ལ་དགག་གཞག་གཉིས་ལས།

དང་པོ་ཁ་ཅིག(་བྱང་བ་)ན་རེ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །མ་ཏྲཾ་རུ་ཏྲ་བསྒྲལ་བ་ཡི། །དེ་ཡི་ནང་གྲོལ་བདུད་རྩི་རུ། །བྱིན་གྱིས་བརླབས་ནས་ས་ལ་སྦས། །སྨན་གྱི་དངོས་པོར་ཀུན་ཏུ་སྐྱེས། །བྱིན་གྱིས་བརླབས་པའི་གནས་ཡིན་པས། །ལྷག་པར་མ་ལ་ཡ་ན་བཟང༌། །དེ་ནས་རིམ་བཞིན་གཞན་ལའང་མཆེད། །ཅེས་སོགས་ཟེར་རོ། །འདི་ལ་སོགས་ཏེ་སྨན་ཕལ་ཆེར་ལ་བྱུང་ཁུངས་ཀྱི་གཏམ་རྒྱུད་ཁུངས་དང་རྒྱུ་མཚན་མེད་ཅིང༌། རིག་བྱེད་སོགས་གཞུང་ལུགས་ཡོངས་གྲགས་དང་མངོན་སུམ་དུ་འགལ་བ་མང་པོ་ཞིག་བདུད་རྩི་བམ་པོ་བརྒྱད་པ་དང་བམ་པོ་མཆོག་ལུང་ཞེས་པར་འབྱུང་མོད་ནའང༌། ཡིད་བརྟན་པར་བྱེད་པའི་གཞུང་མ་ཡིན་ཏེ། དཔེར་ན་རིག་པའི་གནས་མཆོག་བཅོ་བརྒྱད་འདྲེན་པའི་སྐབས་སུ་ཚེ་སྔ་ཕྱི་བར་གསུམ་རིག་པས་ན་ཚེ་རིག་པ་ཞེས་སོགས་མང་དུ་མ་ཐོས་པའི་བླུན་ཚིག་འབའ་ཞིག་ཏུ་འདུག་ཅིང༌། དེ་ལ་སྔ་རབས་པ་ཕལ་ཆེར་གྱིས་ཀྱང་མ་བརྟགས་པར་དེའི་རྗེས་སུ་འབྲངས་ནས་བཤད་པ་བྱས་པས་དཔལ་ལྡན་རྒྱུད་བཞི་ལ་སོགས་པ་གསོ་རིག་གི་གཞུང་རྣམ་པར་དག་པ་རྣམས་ཆུད་བཟན་པར་གྱུར་པ་ཡིན་ལ། འདི་ལ་དགག་པ་དངོས་ནི་བཤད་རྒྱུད་ཀྱི་འགྲེལ་པའི་སྐབས་སུ་བརྗོད་པར་བྱའོ། །གཞན་ཡང་ཅོང་ཞི་རིགས་ལྔ་སོགས་ལ་མི་མཐུན་པ་ཆེར་མེད་ལ། འོན་ཀྱང་ཆུ་ཚན་འབྱུང་བའི་རྒྱུའི་གཅོ་བ་རྡོ་སོལ་ངོས་འཛིན་པ་ན་ཕར་ཆེར་གྱིས་རྡོ་སོལ་ཞེས་པ་དང་རྒོད་མ་ཁའི་རི་ལ་མཐའི་ལྕགས་རི་ཞེས་པའི་ཚིག་ཙམ་ལ་འཁྲུལ་ནས། རྡོ་ཤིན་ཏུ་ནག་ཅིང་སོལ་བ་འདྲ་བ་ཞིག་འབྱུང་བ་དེ་ལ་བྱེད་མོད། དེ་ནི་རིགས་པ་མ་ཡིན་ཏེ། རྡོ་དེ་ནི་ཨཉྫ་ན་ཞེས་ལིག་བུ་མིག་སྟེ་རྡོ་བུང་བའམ་སྟང་ཟིལ་གྱི་མིང་ཡིན་ཞིང༌། འདི་ཉིད་ཆུ་དང་ཕྲད་པ་ལས་རེག་བྱ་ཚ་བའི་རང་བཞིན་བསྐྱེད་མི་ནུས་པའི་ཕྱིར་དང༌། གལ་ཏེ་འདི་ཉིད་ལ་ཆུ་ཚན་འབྱུང་ན་ཆུ་ཚན་གྱི་རྡོ་དྲེག་ཕལ་ཆེར་ནག་པོར་འབྱུང་རིགས་པ་ལ་མི་འབྱུང་བའི་ཕྱིར་རོ། །

གཉིས་པ་རང་ལུགས་ནི། བཟང་དྲུག་ཅེས་པའི་ཚིག་ཉུང་དོན་རྟོགས་སླ་བའི་ཆེད་དུ་བརྡ་སྦྱར་བ་ཙམ་མ་གཏོགས་རྒྱུ་མཚན་བཤད་དུ་མེད་དེ། དཔེར་ན་འབྲས་བུ་གསུམ་ཞེས་པ་ལྟར་རོ། །གལ་ཏེ་འབྲས་བུ་གསུམ་ཞེས་པའི་སྒྲ་བཤད་ན་འབྲས་བུ་གཞན་མེད་པར་ཁས་ལེན་དགོས་ཤིང༌། དེ་བཞིན་དུ་བཟང་པོ་དྲུག་ཏུ་མ་ངེས་པའི་ཕྱིར་རོ། །རྡོ་སོལ་ཞེས་པ་ཡང༌། རྡོ་ཐལ་ཆིག་ཐང་ཕོ་བའི་བད་ཀན་བཤིག །ཅེས་པའི་རྡོ་ཐལ་གྱི་རྒྱུ་སྟེ་རྡོ་གཉིས་ཕན་ཚུན་བརྡབས་ན་ཁ་རུ་ཚའི་དྲི་བྲོ་བས་རྡོ་དྲི་མ་ཅན་ཡང་ཟེར་བ་འདི་ཉིད་ཡིན་ལ། འདིའི་ཕུང་པོ་ཆུ་དང་འཕྲད་པ་ལས་མེ་འབྱུང་ཞིང༌། དེའི་དབང་གིས་ཆུ་ཡང་བསྐོལ་བར་ནུས་ལ། ཆུ་དེས་སླར་རྡོ་ཉིད་བཞུས་ནས་ཞུན་མ་ཕལ་ཆེར་དཀར་པོ་དང༌། གྲོགས་ཀྱི་དབང་གིས་སྣ་ཚོགས་འབྱུང་བ་ཡང་ཡོད་ཅིང༌། རྡོ་འདི་ནི་བད་ཀན་རང་རྒྱུད་པའི་ནད་ཀུན་ལ་བསྔགས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གལ་ཏེ་ཁོ་ན་རེ། མཐའི་ལྕགས་རི་ནག་པོར་ཡོད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། རྡོ་འདི་ལ་རིགས་ལྔ་ཡོད་པའི་ནང་ནས་སྔོ་ནག་ཆར་སྤྲིན་མདོག་ཅན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཞིབ་ཏུ་དཔྱད་པའི་ཚེ་བརྗོད་པར་བྱ་བ་མང་དུ་སྣང་ཡང༌། རེ་ཞིག་རིགས་སོ་སོའི་དབྱེ་བ་ཙམ་ཞིག་བཤད་པར་བྱའོ། །

དེ་ཡང་ཅོང་ཞི་རིགས་ལྔ་ནི། རྡོའི་རྒྱུད་ལས། རྟ་སོ་བཅག་པ་ལྟ་བུ་ནི། །མཁྲེགས་ཤིང་ལྕི་ལ་ཚིལ་བུ་འདྲ། །ཁྲག་མཁྲིས་འཇོམས་ཤིང་འདུས་ནད་སེལ། །ཐུབ་དཀའ་ན་སོ་དར་མས་བསྟེན། །ཞེས་དང༌། །དཀར་པོ་གངས་ཏིག་ཅེས་བྱ་བ། །སྐྱ་གསོབ་སྣ་རིང་མཉེན་ལ་འབོལ། །ཆུ་ཚན་སྨན་ཆུ་ཡོད་སར་འབྱུང༌། །བཅུད་ལེན་དག་ཏུ་བསྟེན་པར་བཟང༌། །བད་ཀན་སྐྱ་སྨུག་སེར་པོ་དང༌། །མགོ་ཆག་རྨ་ཡི་བདུད་རྩི་ཡིན། །འདི་གཉིས་ཕོ་ཅོང་རིགས་ཡིན་ནོ། །ཞེས་དང༌། སྨུག་ཟིལ་བ་ནུ་ལྟ་བུ་ནི། །གཡའ་དང་བྲག་གི་སྲུབས་སུ་འབྱུང༌། །ནུས་པ་བདུད་རྩི་དངོས་དང་མཚུངས། །ནད་རྣམས་ཀུན་ལ་མཆོག་ཏུ་བཤད། །ཅེས་དང༌། གཡའ་འམ་བྲག་གི་སྲུབས་དག་ཏུ། །སེར་ལ་དྲེག་པ་ཆགས་པ་ནི། །སེར་པོ་ཉ་ལྕིབས་ཞེས་བྱ་སྟེ། །བཅུད་ལེན་ཤིན་ཏུ་ཆགས་པ་ཆེ། །མཁལ་ནད་ཅན་ལ་བདུད་རྩི་འདྲ། །འདི་གཉིས་མོ་ཅོང་རིགས་ཡིན་ནོ། །ཞེས་དང༌། ནད་རྣམས་མ་ལུས་ཞི་བྱེད་པ། །དཀར་དམར་སེར་ལ་སྣ་རིང་མཉེན། །ཕོ་མོ་གཉིས་ཀས་བསྟེན་བྱས་ན། །བདུད་རྩི་ལྟ་བུའི་ནུས་པ་ཡོད། །མིང་ནི་མ་ནིང་ཚིལ་བུ་སྟེ། །བཅུད་ལེན་རྣམས་ཀྱི་མཆོག་ཏུ་བཤད། །བསྔགས་པ་ཕོ་ལ་མོ་ཅོང་སྟེ། །མོ་ལ་ཕོ་ཅོང་མཆོག་ཏུ་བསྔགས། མ་ནིང་ཅོང་ཞི་བསིལ་དྲོད་སྙོམས། །ཕོ་མོ་གཉིས་ཀས་བསྟེན་པས་ཆོག །ཅེས་བཤད་པ་ལྟར་ཕོ་ཅོང་གཉིས། མོ་ཅོང་གཉིས། མ་ནིང་ཅོང་ཞི་གཅིག་དང་བཅས་པས་རིགས་ལྔའོ། །

བྲག་ཞུན་རིགས་ལྔ་ནི། ཡན་ལག་བརྒྱད་པ་ལས། །གསེར་དང་དངུལ་དང་ཟངས་ལྕགས་ཚོན་མོ་ཏེང༌། །ཞ་ཉེ་དང་ནི་རྣམ་པ་དྲུག་རྣམས་ཀྱིས། །ཁམས་རྣམས་ལ་ནི་རང་རང་ཁུ་བ་འཛག །ཅེས་དང༌། སོ་ག་ཚ་བས་གདུངས་བྲག་ལས། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང༌། །གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད། །དེ་ནི་བྲག་ཞུན་ཞེས་བྱར་བཤད། །ཅེས་དྲུག་ཏུ་གསུངས་ཀྱང༌། འདིར་ཞ་ཉེ་དང་ཚོན་མོ་ཏེང་གཉིས་རིགས་གཅིག་པའི་དབང་དུ་བྱས་ནས་རིགས་ལྔར་ངེས་པ་ཡིན་ཏེ། བྲག་རྣམས་ཐམས་ཅད་རིན་ཅེན་ལྔ་ཡི་ཁམས། །ཁམས་རྣམས་ལ་ནི་རང་རང་ཁུ་བ་འཛག །ནུས་པ་དག་ཀྱང་རིན་ཅེན་རིགས་དང་མཚུངས། །ཞེས་གསུངས་པའི་ཕྱིར་རོ། །འགའ་(བི་བྱི་ལེགས་ལྡན་མགོན་པོ་སོགས་)ཞིག་ཞ་ཉེ་དཀར་ནག་ལས་འབྱུང་བར་མི་འདོད་པར། མཐིང་ཞུན་ལས་འབྱུང་བར་འདོད་མོད། དེའང་འཐད་པ་མ་ཡིནཏེ། མཐིང་ཞུན་ནི་ཟངས་རྡོ་ལས་འབྱུང་བའི་ཕྱིར་ཟངས་ལས་འབྱུང་བ་དང་མཐིང་ཞུན་ལས་བྱུང་བའི་བྲག་ཞུན་ངོ་བོ་གཅིག་ཡིན་པས་སོ། །དེ་ལྟར་བཤད་པའི་ཅོང་ཞི་དང་བྲག་ཞུན་གྱི་འབྱུང་ཁུངས་ཐུན་མོང་དུ། བདུད་རྩི་བུམ་པར། དང་པོ་ཅི་ཡང་མེད་པ་ཡི། །བསྐལ་བ་དང་པོའི་དབུ་མ་ལ། །ཆེན་པོ་རྣམས་དང་ས་ཡི་སྲས། །གཟུགས་མཛེས་མདངས་ལྡན་ཡིད་དུ་འོང༌། །དྲི་ཞིམ་གསུང་སྙན་ཡིད་འཛིན་པའི། །ལྷ་བུ་ཡིད་བཞིན་ནོར་བུ་དེས། །གངས་རི་ནགས་འདབས་མཚོ་འགྲམ་དང༌། །འཛིང་བྲག་དཀར་པོའི་སྟེང་དུ་བྱོན། །ལྷ་ཀླུ་སྡེ་བརྒྱད་བུ་མོས་མཐོང༌། །ཡིད་འགྱུས་ཆགས་སྐྱེས་སྐུ་ལ་འཁྱུད། །ཞལ་གྱིས་ཞལ་གྱི་ལྗགས་ལ་འཇིབས། །དགའ་བའི་སྐད་དང་མཛེས་པའི་མདངས། །ནུ་མའི་གར་དང་པདྨ་འི་འགྲོས། །ཀུན་ནས་ཡིད་གཡོས་དཀར་དམར་ཤོར། །དཀར་པོ་འཛིང་བྲག་སྟེང་དུ་བྲོས། །རྡོ་ལས་དྲོད་སྐྱེད་ཚིལ་བུར་ཆགས། །དམར་བོ་ངོ་ཚ་བྲག་ལ་བྲོས། །བྲག་ལས་དྲོད་སྐྱེས་བྲག་ཞུན་བྱུང༌། །དཀར་པོའི་དྭངས་མ་འཐོར་བ་ལས། །དམར་པོས་རྗེས་ཕྱི་འབྲངས་ནས་གབ། །གཉིས་ཀའི་བཅུད་འདུས་རིན་ཅེན་མཚལ། །ཁུ་བ་བཏོན་པས་དངུལ་ཆུ་ཟེར། །ཐིག་ལེ་དར་ཡ་ཀན་ཞེས་གྲགས། །ཞེས་བཤད་སྣང་ངོ༌། །

སྨན་ཆུ་རིགས་ལྔ་ནི། དྲི་མེད་ཤེལ་གྱི་བུམ་པ་ལས། རླུང་སེལ་བའི་སྨན་ཆུ་རོ་མངར་ཞིང་མདོག་དང་ཉ་ལྕིབས་སྔོ། ནུས་པ་ལྕི་ལ་འཇམ། ཁ་ནུབ་ཏུ་བལྟས་ནས་འབབ་པའོ། །མཁྲིས་པ་སེལ་བའི་སྨན་ཆུ་རོ་ཁ་ཞིང་མདོག་དང་ཉ་ལྕིབས་སེར། ནད་འཁྲུ་ཞིང་ནུས་པ་རྟུལ། ཁ་བྱང་དུ་བལྟས་ནས་འབབ་པའོ། །བད་ཀན་སེལ་བའི་སྨན་ཆུ་རོ་སྐྱུར་ཞིང་མདོག་དང་ཉ་ལྕིབས་དཀར། ནད་སྐྱུག་ཅིང་ནུས་པ་རྩུབ་ལ་རྣོ། ཁ་ལྷོར་བལྟས་ནས་འབབ་པའོ། །འདུས་པ་སེལ་བའི་སྨན་ཆུ་རོ་མངར་ཁ་སྐྱུར་ཞིང་ནུས་པ་ལྕི་རྟུལ་རྣོ། ཉ་ལྕིབས་དང་ཆུ་མདོག་རྨ་བྱའི་མདོངས་ལྟར་སྣང་པའོ། །རླུང་མཁྲིས་སེལ་བའི་སྨན་ཆུ་རོ་མངར་ཁ་ལ་ནུས་པ་འཇམ་ཞིང་སླ། མདོག་དང་ཉ་ལྕིབས་སྔོ་སེར་དུ་འབྱུང་ངོ༌། །བད་མཁྲིས་སེལ་བའི་སྨན་ཆུ་རོ་ཁ་སྐྱུར་ལ་ནུས་པ་རྟུལ་རྣོ་དང་ལྡན་ཞིང་ཆུ་མདོག་དང་ཉ་ལྕིབས་དམར་སེར་འབྱུང་ངོ༌། །བད་རླུང་སེལ་བའི་སྨན་ཆུ་རོ་མངར་སྐྱུར་ལ་ནུས་པ་ལྕི་རྣོ་འཇམ་པ་དང་ལྡན་ཞིང་ཆུ་མདོག་དང་ཉ་ལྕིབས་སྔོ་སྐྱར་འབྱུང་ངོ༌། །ཞེས་བདུན་དུ་བཤད་པ་ལས། ལྡན་པའི་ནད་གསུམ་སེལ་བའི་སྨན་ཆུ་རིགས་གཅིག་ཏུ་བསྡུས་པས་ལྔ་འབྱུང་ལ། ཡང་ན་འཚོ་བྱེད་གྲུབ་པས། སྨན་ཆུ་རིགས་ལྔ་ཞེས་བྱ་བ། །ཅོང་ཞི་རིགས་ལྔ་དག་ལས་འབྱུང༌། །སྐྱུར་ཞིང་ལན་ཚྭས་བད་རླུང་སེལ། །སྐྱུར་མངར་ལྡན་པས་བད་མཁྲིས་ཏེ། །སྐྱུར་ཚས་བད་ཀན་རྐྱང་པ་སེལ། །སྐྱུར་ཁས་བད་ཀན་ཁྲག་ནད་འཇོམས། །དེ་བཞིན་སྐྱུར་བསྐས་བད་སྨུག་སེལ། །ཞེས་གསུངས་པ་ལྟར་རོ། །ཆུ་ཚན་རིགས་ལྔ་ལ་ཡང་དེའི་ཞལ་ནས། ཆུ་ཚན་རིགས་ལྔའི་ནུས་པ་ནི། །རྡོ་སོལ་མེད་པར་མི་འབྱུང་སྟེ། །རྡོ་སོལ་ཅོང་ཞི་འདྲེས་པའི་ཆུ། །རབ་ཏུ་ཚ་བའི་ནད་རྣམས་སེལ། རྡོ་སོལ་མུ་ཟི་འདྲེས་པའི་ཆུ། །བསིལ་དྲོད་སྙོམས་པས་ལྡན་འདུས་སེལ། །དེ་བཞིན་རྡོ་སོལ་ཅོང་ཞི་དང༌། །མུ་ཟི་གསུམ་འདྲེས་ཆུ་ཚན་ནི། །ཀུན་ན་ཡོད་དེ་གྲང་རྐྱང་སེལ། །རྡོ་སོལ་མུ་ཟི་བྲག་ཞུན་དང༌། །ལྡོང་རོས་འདྲེས་པའི་ཆུ་ཚན་ནི། །ཆུ་སེར་ཚ་བ་ལ་སོགས་སེལ། །ཞེས་རིགས་ལྔར་གསུངས་སོ། །ཞར་ལ་རྡོ་སོལ་རིགས་ལྔ་ཡང་ངོས་འདི་ལྟར་བཟུང་བར་མཛད་པ་ཡིན་ནོ། །རྡོ་རིགས་དཀར་པོ་སྔོ་སྐྱ་དང༌། །སྐྱ་བོ་དམར་རྩ་སྔོ་ནག་ལྔ། །རིམ་བཞིན་འོ་མ་ཕུག་རོན་སྐེ། །གོ་བོའི་རྒྱབ་དང་གློ་བའི་ཁ། །ཆར་སྤྲིན་འདྲ་བ་གང་རྙེད་བཙལ། །བརྡུངས་ཚེ་རྭ་གཞོབ་དྲི་ལྡན་ཞིང༌། །ས་ཡི་འོག་ནས་བརྐོས་པ་གཅེས། །ཞེས་བཤད་པ་འདི་ཉིད་ཡིན་པར་ངེས་དགོས་སོ། །

གཉིས་པ་ཚིག་གི་དོན་ནི། གྲོང་ཁྱེར་དེའི་ནུབ་ཕྱོགས་ན་ཞེས་པ་ནས་རྒྱན་གྱིས་སྤྲས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། སྨན་ཀྱི་གྲོང་ཁྱེར་དེའི་ནུབ་ཕྱོགས་ཀྱི་རི་ངོས་དེ་ན་ནི་ཉི་མ་དང་ཟླ་བའི་སྟོབས་མཉམ་པར་འབབ་པའི་ཕྱིར། ཁྱད་པར་དུ་སྨན་གྱི་རི་བོ་མ་ལ་ཡ་ཞེས་བྱ་བའི་ཐ་སྙད་མཛད་པའི་རི་ངོས་དག་ཡོད་དོ། །དེ་ལ་ཛཱ་ཏི་ལི་ཤི་ཅུ་གང་གུར་ཀུམ་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་དྲུག་གི་སྨན་རྣམས་རང་རང་གི་གནས་ལས་ལེགས་པར་འཁྲུངས་པ་དང༌། ཁྱད་པར་ལྡན་འདུས་ཀྱི་ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ་དང་བྲག་ཞུན་རིགས་ལྔ་དང་སྨན་ཆུ་རིགས་ལྔ་དང་ཆུ་ཚན་རིགས་ལྔ་དང་ལྡན་པ་སྟེ། དེ་དག་ཀྱང་གང་ཞེ་ན། རྟ་སོ་འདྲ་བ་དང་དཀར་པོ་སྣ་རིང་སྟེ་ཕོ་ཅོང་གཉིས། །སྨུག་ཟིལ་དང་སེར་པོ་ཉ་ལྕིབས་ཅན་ཏེ་མོ་ཅོང་གཉིས། །དཀར་དམར་སེར་ལ་སྣ་རིང་བའི་མ་ནིང་ཅོང་ཞི་སྟེ་ཅོང་ཞི་རིགས་ལྔ་དང༌། གསེར་ཞུན་དངུལ་ཞུན། ལྕགས་ཞུན་ཟངས་ཞུན། ཞ་ཉེའི་ཁམས་ལས་འབྱུང་བའི་བྲག་ཞུན་ཏེ་རིགས་ལྔ་པོ་རང་རང་གི་སྐྱེ་གནས་ཀྱི་ཁམས་དང་མཐུན་པའི་ཁ་དོག་ཅན་གྱི་བྲག་ཞུན་རིགས་ལྔ་དང༌། ཕོ་ཅོང་རྟ་སོ་འདྲ་བ་ལས་བྱུང་བ་དང༌། ཕོ་ཅོང་གངས་ཏིག་ལས་བྱུང་བ་དང༌། མོ་ཅོང་སྨུག་ཟིལ་ལས་བྱུང་བ་དང༌། མོ་ཅོང་སེར་པོ་ཉ་ལྕིབས་ལས་བྱུང་བ་དང༌། །མ་ནིང་ཚིལ་བུ་ལྟ་བུ་ལས་བྱུང་བའི་སྨན་ཆུ་སྟེ་སྨན་ཆུ་རིགས་ལྔ་དང༌། རྡོ་སོལ་དང་ཅོང་ཞི་འདྲེས་པ་ལས་བྱུང་བ་དང༌། རྡོ་སོལ་དང་མུ་ཟི་འདྲེས་པ་ལས་བྱུང་བ་དང༌། རྡོ་སོལ་དང་བྲག་ཞུན་འདྲེས་པ་ལས་བྱུང་བ་དང༌། རྡོ་སོལ་དང་ཅོང་ཞི་མུ་ཟི་གསུམ་འདྲེས་པ་ལས་བྱུང་བ་དང༌། རྡོ་སོལ་དང་མུ་ཟི་བྲག་ཞུན་ལྡོང་རོས་བཞི་འདྲེས་པ་ལས་བྱུང་བའི་ཆུ་ཚན་ཏེ་ཆུ་ཚན་རིགས་ལྔ་དང་ལྡན་པའི་རི་བོ་ཡོད་དོ་ཞེས་པའི་དོན་ཏོ། །མདོར་ན་དེ་ལྟར་བཤད་པའི་དྲང་སྲོང་གི་གནས་ཀྱི་རི་བོའི་ཕྱོགས་བཞི་གྲོང་ཁྱེར་དང་བཅས་བའི་ས་ཕྱོགས་ཐམས་ཅད་ཀྱང་སྨན་གྱི་ལྗོན་ཤིང་གི་ནགས་ཚལ་སྟུག་པོ་དང་ལྡན་ཞིང༌། གལ་ཏེ་ནགས་ཚལ་མེད་པའི་ས་ཕྱོགས་འཇམ་པོར་གནས་པ་ཐམས་ཅད་ལའང་གུར་གུམ་གྱི་སྤང་རི་དང་ལྡན་པས་སྤོས་ཀྱི་ངད་ལྡང་བ། དེ་རྣམས་ལས་གཞན་པའི་བྲག་ཐམས་ཅད་ལ་ས་དང་རྡོའི་སྨན་མཚལ་དང་ལི་ཁྲི་དང༌། སྦལ་རྒྱབ་མདུང་རྩེ་ལ་སོགས་པ་ཀུན་དང༌། གསེར་དངུལ་ཟངས་ལྕགས། བཻ་ཌཱུརྱ་དང་པདྨ་རཱ་ག་ལ་སོགས་པ་རིན་པོ་ཆེའི་སྨན་རྣམ་པ་སྣ་ཚོགས་པ་དང༌། རྒྱ་ཚྭ་རྒྱམ་ཚྭ་ལ་སོགས་པ་ཚྭ་སྣའི་རིགས་ཚང་བར་གནས་པ་ཡོད་དོ། །སྨན་གྱི་ནགས་ཚལ་དེ་རྣམས་ཀྱི་སྡོང་པོའི་རྩེ་ལ་རྨ་བྱ་དང་ཤང་ཤང་དང་ནེ་ཙོ་དང༌། སོགས་ཁོངས་ནས་ཁུ་བྱུག་དང་ཀ་ལ་པིངྐལ་སོགས་པའི་བྱ་རྣམས་སྐད་སྙན་པར་སྒྲོག་བཞིན་དུ་བག་ཕབ་སྟེ་གནས་པ། ནགས་ཚལ་གྱི་རྩ་བ་ན་གོ་རོ་ཙ་ནའམ་གི་ཝང་གི་འབྱུང་གནས་གླང་པོ་ཆེ་དང༌། སྲོག་གི་མེ་ཏོག་དང་དོམ་མཁྲིས་ཀྱི་གནས་དོམ་དང༌། རྩི་མ་གི་ཏའམ་ཀསྟུ་རའི་འབྱུང་གནས་གླ་བ་དང༌། སོགས་ཁོངས་ནས་གྭ་དོར་གསུམ་གྱི་འབྱུང་གནས་བསེ་དང་རྒྱ་དང་ཁ་ཤ་ལ་སོགས་པ་སྟེ། མདོར་ན་སྨན་བཟང་པོ་ལུས་ལ་མོད་པའི་སེམས་ཅན་ཐམས་ཅད་ཚང་བར་གནས་པ་ལས། སྨན་གྱི་རིགས་སུ་གྱུར་པ་མ་འཁྲུངས་པའམ། མ་ཚང་བ་གཅིག་ཀྱང་མེད་པའི་རྒྱན་གྱིས་ཡང་དག་པར་སྤྲས་པའོ། །ཞེས་བྱ་བའི་དོན་བླ་ན་མེད་པ་ཡིན་ནོ། །

འདིར་རྟོག་དཔྱོད་དང་ལྡན་པ་རྣམས་ན་རེ། སྣ་ཚོགས་གསལ་བ་དང་འཆི་མེད་མཛོད་རྩ་འགྲེལ་ལས་རི་རབ་ཀྱི་ཤར་ལྷོ་ནུབ་བྱང་རྣམས་སུ་རིམ་པས་སྤོས་ལྡན་སོགས་ཡོད་པར་བཤད་པས། གྲོང་ཁྱེར་ལྟ་ན་སྡུག་དེ་ཉིད་རི་རབ་ཀྱི་རྩེ་ན་ཡོད་པ་ཉིད་ལེགས་ཀྱི། ཁྱོད་ཀྱི་ལུགས་ལའང་འདིས་གནོད་དོ་ཞེ་ན་མ་ཡིན་ཏེ། འདོད་འཇོར་སྤོས་ལྡན་ཤར་ན་ཡོད་པར་བཤད་པས་བདེན་ཡང༌། འབིགས་བྱེད་གངས་ཅན་གཉིས་འདིར་ཡོད་གསལ་ཁ་མེད་ཅིང༌། ནུབ་ཕྱོགས་ན་རི་བོ་མཱ་ལྱ་ཝཱན་ཏེ་འཕྲེང་བ་ཅན་ཡོད་པར་བཤད་པ་འདིར་སྨོས་པ་དང་མི་གཅིག་སྟེ། འདིར་མ་ལ་ཡ་དེ་དྲི་ལྡན་ཞེས་བྱ་བར་གསུངས་པས་ན། རྒྱ་སྐད་བོད་སྐད་གཉིས་ཀ་ཐ་དད་པ་ཡོད་པའི་ཕྱིར་འདོད་དོན་མི་འགྲུབ་ལ། རྒྱུ་དེས་ན་ངེད་ལའང་གནོད་པར་མི་ནུས་སོ། །

གཉིས་པ། སྟོན་པ་ཕུན་སུམ་ཚོགས་པ་བཤད་པ།

གཉིས་པ་སྟོན་པ་ཕུན་སུམ་ཚོགས་ནི། གཞལ་ཡས་ཁང་ཞེས་པ་ནས་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཕྱི་ནང་གི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པའི་སྨན་གྱི་གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་ཅེས་བྱ་བ་དེའི་དབུས་ཀྱི་གཞལ་ཡས་ཁང་རྟ་བབས་དང་བཅས་པའི་སྒོ་བཞིས་ཉེ་བར་མཚན་པ་དེ་དག་གི་དབུས་དྲང་པོ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དང༌། ཁྱད་པར་བཻ་ཌཱུརྱ་སེར་པོ་དང་དཀར་པོ་དང་སྔོན་པོ་རྣམས་ལས་གྲུབ་པའི་ཁྲི་སེང་གེ་དང་གླང་པོ་ཆེ་དང་རྟ་མཆོག་དང་ཁྱུང་དང་རྨ་བྱས་བཏེག་པའི་སྟེང་དུ་ལྷའི་གོས་རིན་ཐང་མེད་པ་བཏིང་བའི་གདན་ལ་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་ཉིད་ཆོས་གསུང་བ་ལ་མངོན་དུ་ཕྱོགས་པའི་སྒོ་ནས་བཞུགས་ཏེ་ནང་དུ་ཡང་དག་པར་འཇོག་པ་མངོན་དུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །

གསུམ་པ། འཁོར་ཕུན་སུམ་ཚོགས་པ་བཤད་པ།

གསུམ་པ་འཁོར་ཕུན་ཚོགས་བཤད་པ་ལ་སྤྱི་དོན་དང་ཚིག་དོན་ནོ། །དང་པོ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་(བི་བྱི། )ན་རེ། འདས་པའི་སྐྱེ་བ་བཞི། མ་འོངས་པའི་སྐྱེ་བ་བཞི། ད་ལྟའི་སྐྱེ་བ་གཅིག་སྟེ་སྐྱེ་བ་དགུ་དུས་གཅིག་ལ་མྱུར་བར་དྲན་པས་ན་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱའོ། །ཞེས་ཟེར་རོ། །འདིས་ནི་གསུང་རབ་ཀྱི་བརྡ་དང་ཐ་སྙད་ཐོས་མ་མྱོང་བར་ཟད་དེ། སྐྱེ་རྒུ་ཞེས་པ་གྲངས་ཀྱི་དགུ་ཡིན་པར་གཟུང་བས་སོ། །འདིའི་རྒུ་ཞེས་པ་ནི་མཐའ་དག་སྡུད་པའི་ཚིག་སྟེ་སེམས་ཅན་སྐྱེས་སོ་ཅོག་ཐམས་ཅད་ཀྱི་མིང་ཡིན་པའི་ཕྱིར་རོ། །དེ་ཡང་འཆི་མེད་མཛོད་ལས། སྲོག་ཆགས་སེམས་ཅན་སྐྱེ་ལྡན་དང༌། སྐྱེ་བོ་སྐྱེ་རྒུ་ལུས་ཅན་ནོ། །ཞེས་དང༌། དེའི་འགྲེལ་པར། དེ་ནས་ཚིགས་བཅད་ཕྱེད་ཀྱིས་སྲོག་ཆགས་ཀྱི་མིང་སྟེ། པྲ་ཎཱི་སྲོག་ཆགས་ཏེ། སྲོག་རྣམས་ལུས་ལ་འཛིན་ཅིང་ལྡན་པའོ། །ཙི་ཏྟ་ནི་སེམས་ཅན་ནོ། །ཛ་ནྨཱི་སྐྱེ་ལྡན་ནོ། །ཛ་ནྟུ་དང་ཛ་རྨུ་སྐྱེ་བོའམ་སྐྱེ་རྒུའོ། །ཤ་རཱྀ་རི་ཎ་ལུས་ཅན་ནོ། །ཞེས་བཤད་པའི་ཕྱིར་དང༌། །དེའི་སྐད་དོད་ལ་ཡང་ཛ་ན་སྐྱེ་བ་ལ་འཇུག་པ་ལ་འདིར་ལྡན་རྐྱེན་ཨ་ནྟུ་དང་སྦྱར་བ་དང་སྐྱེ་ལྡན་ནམ་སྐྱེ་རྒུ་ཞེས་པར་བསྒྱུར་བ་མ་གཏོགས་དགུའི་སྐད་དོད་མེད་པའི་ཕྱིར་རོ། །

ཡང་ཁ་ཅིག་(བདག་ཆེན་)ན་རེ། ལྷའི་སྨན་པ་དེའི་མིང་ལ་སྐྱེ་རྒུའི་བདག་པོའམ་མྱུར་བ་ཞེས་པ་མིང་གི་རྣམ་གྲངས་ཡིན་ཏེ། སྐྱེ་རྒུའི་བདག་པོ་མྱུར་བ་ཞེས་པའི་མིང་གཅིག་ནི་མ་ཡིན་ནོ། །ཞེས་ཟེར་བ་ཡང་མི་འཐད་དེ། སྐྱེ་རྒུའི་བདག་པོ་ཞེས་པ་སྤྱིའི་མིང་དང༌། མྱུར་བ་ཞེས་པ་བྱེ་བྲག་གི་མིང་ཡིན་པའི་ཕྱིར། སྐྱེ་རྒུའི་བདག་པོ་ཞེས་པ་སྤྱིའི་སྒྲ་ཡིན་པར་གང་གིས་ཞེ་ན། པཎྜི་ཏ་དཔལ་འཛིན་སྡེས། སྣ་ཚོགས་སྒྲུབ་བྱེད་པདྨའི་གདན། །འབྱིན་བྱེད་བྱེད་པོ་སྐྱེ་རྒུའི་བདག །ཅེས་དང༌། རབ་འབྱོར་ཟླ་བས་ཀྱང༌། སྐྱེ་རྒུའི་བདག་པོ་གསལ་བ་ཞེས་བཤད་པས། ཚངས་པ་ཡང་སྐྱེ་རྒུའི་བདག་པོ་ཡིན་ལ། སྐྱེ་རྒུའི་བདག་པོ་གསལ་བ་སོགས་གཞན་ཡང་ཡོད་པས་སོ། །དེས་ན་སྐྱེ་རྒུའི་བདག་པོ་ཡང་མང་དུ་ཡོད་ལ། མྱུར་བ་ཞེས་པ་ཡང་མང་དུ་ཡོད་པས་རེ་རེས་གོ་མི་ནུས་ལ། འདིར་སྐྱེ་རྒུའི་བདག་པོ་མྱུར་བ་ཞེས་དམིགས་ཀྱིས་ཕུད་ནས་གསུངས་པས་གཅིག་ཡིན་ཏེ། དཔེར་ན་སྐར་མ་ཡང་ཡིན་ལ་སྨིན་དྲུག་ཀྱང་ཡིན་པས་སྐར་མ་སྨིན་དྲུག་ཅེས་པ་ལྟ་བུའོ། །

ཡང་ཁ་ཅིག་(བྲང་ཏི། )ན་རེ། ལྷའི་སྨན་པ་ཐ་སྐར་ནི་རྒྱུ་སྐར་དབྱུག་པའོ། །ཞེས་ཟེར་བ་ཡང་མི་རིགས་ཏེ། སྐར་མ་ཐ་སྐར་ལ་ལྷའི་སྨན་པ་ཞེས་པའི་ཐ་སྙད་གང་ནས་ཀྱང་མི་འབྱུང་བའི་ཕྱིར་དང༌། འདི་ནི་ཉི་མའི་ཆུང་མ་སྟེ་བུད་མེད་རྟའི་གཟུགས་ཀྱིས་གནས་པར་བཤད་པའི་ཕྱིར། དེ་ལྟར་འཆི་མེད་མཛོད་ལས། གསལ་བའི་བུ་མོ་ཐ་སྐར་དང༌། །སྐར་མ་རྟ་ལྡན་རྒོད་མ་ཅན། །ཞེས་དང༌། དེའི་འགྲེལ་བར། སྐར་མ་ཐ་སྐར་གྱི་མིང་ལ། དཱཀྵ་ཡ་ནྱ་ནི་གསལ་བའི་མོ་ཞེས་བྱ་སྟེ། སྐྱེ་རྒུའི་བདག་པོ་གསལ་བ་ཞེས་བྱ་བའི་བུ་མོ་ཡིན་པས་སོ། །ཨ་ཤྭ་ཡུག་དང་ཨ་ཤི་ནི་ཞེས་པ་ཐ་སྐར་ཏེ། འདི་འདྲའི་གཟུགས་དང་ལྡན་པས་རྟ་ལྡན་མའམ་རྒོད་མ་ཅན་ནོ། །ཞེས་བཤད་དོ། །

ཁ་ཅིག་ན་རེ།(ཤེས་རིན་)ལྷའི་སྨན་པ་ཐ་སྐར་ནི་སྔོན་སྐྱ་སེང་བུ་ལྔའི་ནང་ཚན་གྱི་ཐ་སྐར་གྱི་བུ་རིགས་མེད་དང་ལྷར་བཅས་གཉིས་ཡིན་པར་འདོད་པ་ཡང་མི་འཐད་དེ། སྐྱ་སེང་བུ་ལྔ་ནི་མི་ཡུལ་དུ་བྱུང་བ་ཡིན་ཞིང༌། འདི་སྐབས་ཀྱི་ཐ་སྐར་གྱི་བུ་ནི་ལྷའི་སྨན་པ་ཡིན་པར་བཤད་པའི་ཕྱིར། ཡང་རྒྱུན་ཤེས་ཞེས་པའི་སྐབས་སུ་ཕལ་ཆེར་(དྲང་སྲོང་ཞང་སྨན་ཞིག་པོ་སོགས་)གྱིས་དྲང་སྲོང་ཆེན་པོ་རྒྱུན་ཤེས་དང༌། ཞེས་པའི་རིགས་ཡོངས་སུ་དག་པ་སྟེ། ཆུ་ལྷའི་བུའོ་ཞེས་ཟེར་བ་ནི་མ་བརྟགས་པའི་སྐྱོན་འབའ་ཞིག་ཡིན་ཏེ། ཡན་ལག་བརྒྱད་པ་རྩ་འགྲེལ་དུ། རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ་ཞེས་འབྱུང་བ་མ་གཏོགས་རྒྱུན་ཤེས་ཀྱིས་འདི་ལྟར་བཤད་ཅེས་པ་མི་འབྱུང་བའི་ཕྱིར་དང༌། གཞན་ཡང་རྒྱུན་ཤེས་ནི་ལྷའི་དྲང་སྲོང་ཡིན་ཏེ། འཆི་མེད་མཛོད་དུ། སྣ་ཚོགས་གཙུག་ཕུད་འོད་ཟེར་ཅན། །རྒྱུན་ཤེས་ལ་སོགས་དྲང་སྲོང་བདུན། །ཞེས་དང༌། དེའི་འགྲེལ་པར། དྲང་སྲོང་སྣ་ཚོགས་གཙུག་ཕུད་བདུན་ནི། །མཱ་རི་ཙི་ནི་འོད་ཟེར་ཅན་དང༌། ཨཾ་གི་ར་ནི་ཉི་མ་དང༌། ཨ་ཏྲི་ནི་རྒྱུན་ཤེས་དང༌། སུ་ལ་སྟྱེ་འོང་ཡངས་དང༌། སུ་ལ་ཧ་ནི་ལྷ་མིན་འཇོམས་དང༌། ཀ་རུ་ནི་མཆོད་སྦྱིན་ཅན་དང༌། བ་ཤིཥྛ་གནས་འཇོག་ཅེས་བྱ་བ་རྣམས་སོ། །ཞེས་བཤད་ཅིང༌། སྐབས་འདིར་ཙ་ར་ཀ་སྡེ་བརྒྱད་རྩོམ་པ་པོའི་དྲང་སྲོང་རྣམས་སྨོས་པ་ཡིན་ལ། དྲང་སྲོང་དེ་རྣམས་མིའི་དྲང་སྲོང་འབའ་ཞིག་ཡིན་པར་གངས་ཅན་པ་ཀུན་འདོད་པ་ཡིན་ཏེ། ཁོག་འབུབས་ཁྱུང་ཆེན་ལྡིངས་པ་སོགས་སུ་བརྒྱ་བྱིན་ལ་མིའི་སློབ་མ་བརྒྱད་བྱུང་བ་དེ་རྣམས་ཀྱིས་ཙ་ར་ཀ་སྡེ་བརྒྱད་མཛད་དོ་ཞེས་དང༌། རྒྱུན་ཤེས་ཀྱི་བུས་སྐོས་བསྟན་པའི་སྡེ་སོགས་འབྱུང་ཞིང༌། དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། །ཅེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་མེ་བཞིན་དུ་འཇུག་ཅེས་པ་རྒྱུ་སྐར་བྱ་མའོ་ཞེས་པ་ཡང་མི་འཐད་པའོ། །མིའི་དྲང་སྲོང་ཡིན་པ་སོགས་གོང་དང་མཚུངས་སོ། །ཡང་སྔ་རབས་པ་ཀུན་གྱིས་ཚངས་པ་ཞེས་པ་ལ། ཚངས་པ་ཆེན་པོ། ཀུན་གྲོལ། ལྷ་ཚངས་པ། མེས་པོ་ཚངས་པ། གནས་རིགས་ཚངས་པ། དུང་གི་ཐོར་ཚུགས། ཚངས་པ་གདོང་བཞི་བ་སོགས་རིགས་སོ་སོར་འདོད་མོད། དེ་ནི་ཐོས་པ་དམན་པའི་གཏམ་ཡིན་ཏེ། ཚངས་པ་བདག་སྐྱེས་ལྷ་ལས་རྒན། །ཞེས་སོགས་མིང་གི་རྣམ་གྲངས་ཇི་སྙེད་ཅིག་འབྱུང་བའི་ཕྱིར་རོ། །ཞིབ་ཏུ་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་ཆེན་པོ་རྣམས་སུ་གསལ་ལོ། །ཁྱོད་ལྟར་ན་ཚངས་པས་ཚེ་ཡི་རིག་བྱེད་དྲན་ཞེས་པ་དང༌། རྣམ་བཤད་ལས། ཐོས་པ་འཛིན་པར་གྱུར་པ་ཡི། །ཀུན་གྲོལ་གྱིས་ནི་ཚེ་རིག་དྲན། །ཞེས་བ་ཕན་ཚུན་འགལ་བར་འགྱུར་རོ། །གཞན་ཡང་མ་ཧཱ་དེ་བ་ཤྲཱི་རལ་པ་ཅན་ཐ་དད་དུ་འདྲེན་པ་མི་འཐད་དེ། མཧཱ་དེ་བ་ནི་ལྷ་ཆེན་པོ་ཡིན་ལ། ལྷ་ཆེན་པོ་ཚངས་པ་དང་ཁྱབ་འཇུག་སོགས་མང་དུ་ཡོད་པ་རྣམས་ལས་ཁྱད་པར་དུ་བྱ་བའི་ཆེད་དུ་ཤྲཱི་རལ་པ་ཅན་ཞེས་སྨོས་ཏེ། དོན་དུ་དབང་ཕྱུག་ཆེན་པོའི་མིང་གི་རྣམ་གྲངས་སུ་གསུངས་པའི་ཕྱིར་རོ། །ཁྱོད་ལྟར་ན་ལྷ་ཆེན་པོ་ཞེས་པ་གང་ལ་བྱ། དབང་ཕྱུག་ལ་བྱེད་ན་ཤྲཱི་རལ་པ་ཅན་ཡང་དབང་ཕྱུག་གི་མིང་དུ་སྣ་ཚོགས་གསལ་བ་སོགས་ནས་བཤད་པས། འདིར་ཟློས་པའི་སྐྱོན་ཡོད་ལ། གཞན་ནི་ངོས་འཛིན་དང་བྲལ་བར་འགྱུར་རོ། །

གཉིས་པ་རང་ལུགས་ནི། འགྲེལ་བ་ཟླ་ཟེར་ལས། སྐྱེ་རྒུའི་བདག་པོ་ཡང་ཡིན་ལ་མྱུར་བ་ཡང་ཡིན་པས་སྐྱེ་རྒུའི་བདག་པོ་མྱུར་བའོ། །ཞེས་གསུངས་པ་ལྟར། སྐྱེ་རྒུའི་བདག་པོ་ཞེས་པ་ནི་སེམས་ཅན་ཐམས་ཅད་རང་གིས་བྱས་པར་རློམ་པའི་ལྷ་ཆེན་པོ་རྣམས་ཀྱི་མིང་སྟེ། དེའི་ནང་ནས་མྱུར་བ་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་སྨན་པར་ཁས་ལེན་པ་ཡིན་པས་ན་ལྷའི་སྨན་པ་སྐྱེ་རྒུའི་བདག་པོ་མྱུར་བ་ཞེས་བྱའོ། །ལྷའི་སྨན་པ་ཐ་སྐར་ཞེས་བྱ་བ་ནི། ཨ་མཱ་ར་ཀོ་ཥ་ལས། ཀུན་འགྱེད་གཞོན་ནུ་རྣམ་འབྱེད་བུ། །མཐོ་རིས་སྨན་པ་མ་དྲའི་བུ། །སྣ་སྐྱེས་དང་ནི་ཐ་སྐར་སྐྱེས། །ཞེས་དང༌། དེའི་འགྲེལ་པར། འདི་དྲང་སྲོང་མཐོ་རིས་ཀྱི་སྨན་པ་སྟེ་བསྟན་བཅོས་བྱེད་པ་རྣམས་ཀྱིས་ཀྱང་ལྷའི་སྨན་པ་ཞེས་བཀོད་དོ། །ཞེས་དང༌། སྐར་མ་ཐ་སྐར་དང་ཟླ་བ་འཛོམ་པའི་དུས་སུ་སྐྱེས་པས་ཐ་སྐར་སྐྱེས་ཞེས་བྱའོ། །ཞེས་དང༌། སྐར་མ་ཐ་སྐར་དང་ཟླ་བ་འཛོམ་པའི་དུས་སུ་སྐྱེས་པས་ཐ་སྐར་སྐྱེས་ཞེས་བྱའོ། །ཞེས་དང༌། ཀུན་འགྱེད་ཅེས་ཀྱང་བྱ་སྟེ་ནད་གསོ་བའི་ཕྱིར། ཀུན་ཏུ་འགྱེད་པ་ཞེས་བྱའོ། །ཞེས་དང༌། ཨ་ཤཱ་ནེ་ཡཽ་ཐ་སྐར་གྱི་བུ་དག་ཅེས་པའོ། །སྣ་སྐྱེས་དང་ཀུན་འགྱེད་གཉིས་སྤུན་ནོ། །ཞེས་དང༌། ཨུཏྤ་ལི་ལས། གཤིན་རྗེ་དང་ནི་ཤེད་བུ་དང༌། །གཤིན་རྗེའི་སྤུན་དང་སྣ་སྐྱེས་དང༌། །ཀུན་འགྱེད་དང་ནི་རེ་མནྟ། །དྲུག་པོ་ཉི་མའི་བུ་ཡི་མིང༌། །ཞེས་དང༌། རླུང་གི་སྔོན་རབས་ལས་ཀྱང༌། ཁྱེད་ཅག་འཕེལ་བའི་སྒྲ་དང་སྣ་སྐྱེས་དང༌། །དེ་བཞིན་ཀུན་འགྱེད་དང་ནི་ཆུ་ལྷའོ། །ཞེས་བཤད་པ་ལྟར། འདིར་ཡང་ལྷའི་སྨན་པ་ཐ་སྐར་སྐྱེས་དང༌། ཞེས་བརྗོད་དགོས་ཏེ། ཐ་སྐར་གྱི་བུ་གཉིས་གོ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་མ་བརྗོད་ན་གོང་དུ་བརྗོད་པའི་སྐྱོན་རྣམས་འབྱུང་བ་ཡིན་ནོ། །ལྷའི་དབང་པོ་བརྒྱ་བྱིན་ལ་ནི་མི་མཐུན་པ་མེད་ལ། མིང་གི་རྣམ་གྲངས། དབང་པོ་ལྷ་ལྡན་མཆོད་བྱེད་དང༌། །ཞེས་སོགས་མང་དུ་ཡོད་ཅིང༌། ལྷ་མོ་བདུད་རྩི་མ་ཞེས་པའི་ཁུངས་དང་རྒྱུ་མཚན་མ་རྙེད་པས་ལེགས་བཤད་འདོད་པ་རྣམས་ཀྱིས་ལེགས་པར་རྟོགས་ཤིག །དྲང་སྲོང་ཆེན་པོ་རྒྱུན་ཤེས་དང་ཞེས་པ་ལས། འདིར་བུ་ཞེས་པ་མ་བྱུང་ཡང་ཤུགས་ལས་ཐོབ་པ་ཡིན་ཏེ། ཕ་དྲང་སྲོང་རྒྱུན་ཤེས་ཀྱིས་བསྐྱེད་པའི་མིའི་དྲང་སྲོང་ཡིན་པའི་ཕྱིར། འདུལ་བ་ལུང་གི་དབུ་དུམ་པར་ཡང༌། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུས་འཚོ་བྱེད་གཞོན་ནུས་གསོས་ལ་འདི་ལྟར་སྨྲས་ཏེ། ཞེས་འབྱུང་ཞིང༌། འདིར་བརྒྱ་བྱིན་གྱི་སློབ་མ་མིའི་དྲང་སྲོང་བརྒྱད་པོ་དམིགས་བསལ་དུ་འགོད་དགོས་རྒྱུ་ཡིན་པ་ལ། གཞུང་མ་དག་པ་རྣམས་སུ་མུ་ཁྱུད་འཛིན་དང་གཤོལ་འགྲོ་སྐྱེས་ཆད་ཅིང༌། ལུག་ནག་དང་རྒྱ་སྐྱེགས་ལྷག་པ་ཅིག་འོང་འདུག་ཀྱང༌། གཞུང་རྙིང་པ་རྣམས་དང་འགྲེལ་པ་སྔ་མ་རྣམས་སུ་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང༌། མེ་བཞིན་འཇུག་དང༌། མུ་ཁྱུད་འཛིན་དང༌། འགྲོ་བ་སྐྱོང་གི་བུ་དང༌། གཤོལ་འགྲོ་སྐྱེས་དང༌། དཀའ་གཉིས་སྤྱོད་དང༌། ཐང་ལ་འབར་དང༌། ནབས་སོ་སྐྱེས་ལ་སོགས་པ་ཞེས་འབྱུང་བ་ལྟར་ལེགས་ཤིང༌། འདི་རྣམས་ཀྱི་རིམ་པ་བཞིན་དུ་བསྐོས་བསྟན་པ་དང༌། གཞི་སྒྲུབ་པ་དང༌། བདུད་རྩི་ཆེན་པོ་དང༌། མི་འཇིགས་མཚོན་ཆ་དང༌། བདུད་རྩི་སྒྲུབ་པ་དང༌། སྲོག་གི་སྒྲུབ་པ་དང༌། གསོ་བྱེད་སྨན་སྦྱོར་དང༌། སྦྱོང་བྱེད་རྣམ་ལྔའི་སྡེ་སྟེ། དེ་ལྟར་ཙ་ར་ཀ་སྡེ་བརྒྱད་སོ་སོར་མཛད་ཅེས་གྲགས་སོ། །ཕྱི་པའི་འཁོར་ཞེས་པ་མུ་སྟེགས་པ་རྣམས་ཀྱིས་སྟོན་པར་འཛིན་པ་ཙམ་མ་གཏོགས་མུ་སྟེགས་དངོས་ནི་མ་ཡིན་ཏེ། ཚངས་པ་ནི་རྡོ་རྗེ་གདན་དུ་སངས་རྒྱས་སྟོང་འབྱུང་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་པོ་ཡིན་པར་བཤད་པའི་ཕྱིར་རོ། །གཞན་ཡང་ཡན་ལག་བརྒྱད་པའི་རང་འགྲེལ་དུ་གྲགས་པ་ལས། གནས་དང་པོ་སྨན་དཔྱད་ཀྱི་ཆོ་ག་ཚེ་རིང་བར་བྱ་བ་ལ་སོགས་པའི་དཔྱད་ནི་ཚངས་པ་ཆེན་པོའི་བུ་སྐྱེ་རྒུའི་བདག་ཅེས་བྱ་བ་ལ་བཤད་དོ། །སྐྱེ་རྒུའི་བདག་པོས་སྨན་དཔྱད་བསླབས་ནས་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ལ་བཤད་དོ། །

ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་སྔོན་གྱི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང༌། ནབས་སོ་སྐྱེས་དང༌། ཐང་ལ་འབར་དང༌། དཀའ་གཉིས་སྤྱོད་དང༌། མུ་ཁྱུད་འཛིན་དང༌། འགྲོ་བ་སྐྱོང་གི་བུ་དང༌། གཤོལ་འགྲོ་སྐྱེས་ཞེས་བྱ་བ་ལ་བཤད་དོ། །དྲང་སྲོང་ཆེན་པོ་འདི་རྣམས་ཀྱིས་ཀྱང༌། དྲང་སྲོང་མེ་བཞིན་འཇུག་ལ་སོགས་པ་ལ་བཤད་དོ། །དྲང་སྲོང་མེ་བཞིན་འཇུག་ལ་སོགས་པས་སྨན་དཔྱད་ཀྱི་གཞུང་བསླབས་ནས་དྲང་སྲོང་རེ་རེས་ཀྱང་སྨན་དཔྱད་ཞིབ་མོ་རྒྱས་པ་སོ་སོར་བྱས་པའི་གཞུང་རྩིང་ཞིབ་སྣ་ཚོགས་སུ་གྱུར་པ་ལས་ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །མཧཱ་དེ་བ་ཤྲིའ་རལ་པ་ཅན་ཞེས་པ་དབང་ཕྱུག་ཆེན་པོའི་མིང་ཡིན་ཏེ། གཡོན་ཕྱོགས་ལྷ་དང་ལྷ་ཆེན་པོ། །རལ་པའི་ཁུར་ཅན་སྔོ་དམར་ཅན། །ཞེས་སོགས་མིང་གི་རྣམ་གྲངས་མང་དུ་འབྱུང་བའོ། །ཁྱབ་འཇུག་ཅེས་པ་ལ་འགའ་(རྙིང་མ་བ། )ཞིག་གིས་རཱ་ཧུ་ལ་དང་གཅིག་ཏུ་འཆད་མོད་ནའང་ཁྱབ་འཇུག་ནི་ལྷའི་གཙོ་བོ་ཡིན་ལ་རཱ་ཧུ་ལ་ནི་སྒྲ་གཅན་ཏེ། ལྷ་མ་ཡིན་གྱི་དབང་པོ་ཡིན་པའི་ཕྱིར་འཐད་པ་མ་ཡིན་ནོ། །དེས་ན་འདིས་ནི་ལྷ་མིན་གྱི་དབང་པོ་རྣམས་འཇོམས་པ་ཡིན་ཏེ། སྒྲ་གཅན་གསོད་དང་སྦྲང་གི་བུ། །རང་སྐྱེས་སྦྱིན་དགྲ་པད་དཀར་མིག །ཅེས་དང༌། མེ་ཏོག་འཕྲེང་ལྡན་སྟོབས་ལྡན་འཇོམས། །འཁར་བའི་དགྲ་དང་འོག་དབང་སྐྱེས། །ཀུན་འགེངས་ལྷ་མིན་འཇོམས་པ་དང༌། །ཞེས་སོགས་གཏམ་རྒྱུད་དང་བཅས་ཏེ་གསུངས་པའི་ཕྱིར། གཞོན་ནུ་གདོང་དྲུག་ཅེས་པ། རིག་པ་དང་ལྡན་པས་ལྷ་རྣམས་ཀྱི་བླ་མའམ་སློབ་དཔོན་དུ་བསྐོས་པ་ཞིག་སྟེ། །མིང་གི་རྣམ་གྲངས། སྨིན་དྲུག་བུ་དང་བདེ་ཆེན་དང༌། འཛམ་བུའི་ཚལ་སྐྱེས་གདོང་དྲུག་པ། ཞེས་སོགས་མང་དུ་བཤད་ལ། དོན་དུ་གཟའ་ཕུར་བུ་ཡིན་པར་གསུངས་སོ། །

གཉིས་པ་ཚིག་གི་དོན་ནི། སྟོན་པ་དེ་ལ་ཞེས་པ་ནས་ཐབས་ཅིག་ཏུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། །གཞལ་ཡས་ཁང་གི་དབུས་ན་བཞུགས་པའི་སྟོན་པ་བཅོམ་ལྡན་འདས་དེ་ལ་འཁོར་ནི་ལྷ་དང་དྲང་སྲོང་དང༌། ཕྱི་པ་དང༌། ནང་པ་དང་བཅས་པའི་འཁོར་སྡེ་བཞིས་ཡོངས་སུ་བསྐོར་བ་ཏེ། དེ་དག་སོ་སོ་ནས་གང་ཞེ་ན།

དང་པོ་ལྷའི་འཁོར་ནི་འདི་ལྟ་བུ་ཡོད་དེ། གཟུགས་ཁམས་ཀྱི་ལྷའི་སྨན་པ་སྐྱེ་རྒུའི་བདག་པོ་མྱུར་བ་ཞེས་པ་དང༌། འདོད་ཁམས་ཀྱི་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་དང༌། སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱིན་མིག་སྟོང་ཅན་དང༌། ལྷ་མོ་བདུད་རྩི་མ་དང༌། སོགས་ཁོངས་ནས་ཚོགས་པའི་ལྷ་རྣམས་བསྟན་པ་ཡིན་ཏེ། །དེ་ཡང་འདི་ལྟར། དེ་ལ་ཉི་མ་བཅུ་གཉིས་ཏེ། སྣ་ཚོགས་ལྷ་རྣམས་བཅུ་རུ་དྲན། །ནོར་ལྷ་བརྒྱད་དུ་ཡང་དག་བཤད། །དེ་བཞིན་དགའ་ལྡན་སུམ་ཅུ་དྲུག །འོད་གསལ་དྲུག་ཅུ་རྩ་བཞི་དང༌། །རླུང་ལྷ་ཞེས་བྱ་བཞི་བཅུ་དགུ། །འཕྲེང་བ་ཆེན་པོ་ཞེས་བྱ་བ། །དེ་བཞིན་ཉིས་བརྒྱ་ཉི་ཤུའོ། །གྲུབ་པ་ཞེས་བྱ་བཅུ་གཉིས་བཤད། །དྲག་པོ་རྣམས་ནི་བཅུ་གཅིག་བཤད། །ཅེས་པ་ལ་སོགས་ལྷའི་འཁོར་འབུམ་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །

གཉིས་པ་དྲང་སྲོང་གི་འཁོར་ནི་འདི་ལྟ་བུ་ཡོད་དེ། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང༌། མེ་བཞིན་འཇུག་དང༌། མུ་ཁྱུད་འཛིན་དང༌། འགྲོ་བ་སྐྱོང་གི་བུ་དང༌། གཤོལ་འགྲོ་སྐྱེས་དང༌། དཀའ་གཉིས་སྤྱོད་དང༌། ཐང་ལ་འབར་དང༌། ནབས་སོ་སྐྱེས་དང༌། སོགས་ཁོངས་ནས་ལུག་ནག་དང༌། རྒྱ་སྐྱེགས་སྣ་དང༌། མདའི་མཆོག་ལ་ཉ྄ཚའི་ལག་པ་ལ་སོགས་པ་མིའི་དྲང་སྲོང་གི་འཁོར་འབུམ་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །

གསུམ་པ་ཕྱི་པའི་འཁོར་ནི་འདི་ལྟ་བུ་ཡོད་དེ། མུ་སྟེགས་སྤྱོད་པའམ་རིག་བྱེད་པ་རྣམས་ཀྱི་སྟོན་པར་འཛིན་པའི་མེས་པོ་ཚངས་པ་དང༌། སེར་སྐྱ་པའམ་གྲངས་ཅན་པ་རྣམས་ཀྱི་སྟོན་པར་འཛིན་པའི་མཧཱ་དེ་བ་ཤྲཱི་རལ་པ་ཅན། གྲངས་ཅན་པའམ་གཅེར་བུ་པ་རྣམས་ཀྱི་སྟོན་པར་འཛིན་པའི་ཁྱབ་འཇུག་དང༌། རྒྱང་འཕེན་པ་རྣམས་ཀྱི་སྟོན་པར་འཛིན་པའི་གཞོན་ནུ་གདོང་དྲུག་པ་དང༌། སོགས་ཁོངས་ནས་ཚོགས་ཀྱི་བདག་པོ་དང་རཱ་མ་ཎ་ལ་སོགས་པ་མུ་སྟེགས་ཀྱི་འཁོར་འབུམ་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །

བཞི་པ་ནང་པའི་འཁོར་ནི་འདི་ལྟ་བུ་ཡོད་དེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེར་གྱུར་པ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། གསུང་རྡོ་རྗེར་གྱུར་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཐུགས་རྡོ་རྗེར་གྱུར་པ་ཕྱག་ན་རྡོ་རྗེ་དང༌། དེའི་རྣམ་པར་སྤྲུལ་པ་ཀུན་དགའ་བོ་དང༌། ལན་གསུམ་དུ་སྨན་པའི་རྒྱལ་པོར་དབང་བསྐུར་བའི་འཚོ་བྱེད་གཞོན་ནུས་གསོས་དང༌། སོགས་ཁོངས་ནས་འོད་སྲུང་དང༌། ཉེ་བར་འཁོར་ལ་སོགས་ནང་པའི་འཁོར་འབུམ་ཕྲག་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་བྱ་བའི་དོན་ནོ། །

བཞི་པ། དུས་ཕུན་སུམ་ཚོགས་པ་བཤད་པ།

བཞི་པ་དུས་ཕུན་སུམ་ཚོགས་པ་ནི། དེའི་ཚེ་དེའི་དུས་ན་ཞེས་པས་བསྟན་ཏེ། སྤྲུལ་པའི་གཞལ་ཡས་ཁང་དུ་སྟོན་པ་བཅོམ་ལྡན་འདས་འཁོར་སྡེ་བཞིའི་ཚོགས་དང་བཅས་ཐབས་ཅིག་ཏུ་བཞུགས་པ་དེའི་ཚེ། ཡང་དག་པར་མཉམ་པར་གཞག་པས་ཟབ་མོའི་ཆོས་སྟོན་པར་དགོངས་ཏེ། གསོ་བ་རིག་པའི་རྒྱུད་འདི་ཉིད་གསུང་པ་ལ་མངོན་པར་ཕྱོགས་པ་དེའི་དུས་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གནས་དང་སྟོན་པ་དང་འཁོར་ཕུན་ཚོགས་འཛོམ་པ་ནི་ཆོས་གསུང་བའི་དུས་ཡིན་པས། འདིས་དུས་ཕུན་ཚོགས་སུ་འཇོག་པ་འཐད་ཀྱི། ཚེ་ལོ་བརྒྱ་པ་ཞེས་སོགས་ནི་དུས་ཕུན་ཚོགས་སུ་འཇོག་པའི་ཤེས་བྱེད་མ་མཐོང་ངོ༌། །

ལྔ་པ། ཆོས་ཕུན་སུམ་ཚོགས་པ་བཤད་པ།

ལྔ་པ་ཆོས་ཕུན་ཚོགས་ལ་གཉིས། སྤྱི་དོན་དང་ཚིག་དོན། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། སྟོན་པས་གསུངས་པའི་ཚིག་གཅིག་ལ་ཞེས་པའི་སྐབས་སུ། འཇིག་རྟེན་པའི་ཚིག་ཁོ་ན་ལ་ཞེན་པ་ཁ་(བྱང་པ་ཅིག །སྟོན་པས་གསུངས་པའི་ཚིག་གཅིག་པོ་དེ་ཤེས་རབ་སྟོང་པ་ཉིད་དང་ཐབས་བདེ་བ་ཆེན་པོ་སྟོན་བྱེད་ཀྱི་ཨེ་ཝཾ་ཡིན་ལ། སྟོན་པས་ཨེ་ཝཾ་གཅིག་པོ་ལས་མ་)གསུངས་ཀྱང༌། འཁོར་སྡེ་བཞི་པོས་རང་རང་གི་སྟོན་པའི་ལུགས་སུ་གོ་བར་ཟད་དེ། སྟོན་པའི་ཐུགས་རྗེ་ཕྱོགས་རིས་མེད་མོད་ཀྱང༌། །གང་ཟག་མོས་པའི་མཐོང་སྣང་སོ་སོར་ཤར། །ཞེས་སོགས་ལུང་དང་བཅས་ཏེ་གཟེངས་བསྟོད་ནས་ཟེར་རོ། །འདི་ནི་གསུང་རབ་མང་དུ་མ་ཐོས་པའི་སྐྱོན་འབའ་ཞིག་ཡིན་ཏེ། ཚིག་གཅིག་ཅེས་པ་ལ་དེ་ལྟར་གཟུང་བའི་ཕྱིར་རོ། །དེ་ལ་སླར་འདི་འདྲི་སྟེ། སངས་རྒྱས་ཀྱིས་ཚིག་གཅིག་ཏུ་གསུངས་པའི་ཨེ་ཝཾ་དེ་ལྷ་དང་ལྷ་མ་ཡིན་སོགས་གང་གི་སྐད་དུ་གསུངས། ལེགས་པར་སྦྱར་བ་ལྷའི་སྐད་དུ་གསུངས་སོ་ཞེ་ན། འོ་ན་མི་དང་ལྷ་མ་ཡིན་སོགས་ཀྱིས་གོ་མི་ནུས་ཏེ། ལྷའི་སྐད་ཁོ་ནར་གསུངས་པའི་ཕྱིར། གཞན་ཡང་སངས་རྒྱས་ཀྱི་གསུང་དེ་གསུང་རྣམ་པ་ཐམས་ཅད་པ་མ་ཡིན་པར་འགྱུར་ཏེ། ལྷའི་སྐད་དུ་རིགས་སུ་ཆད་པའི་ཕྱིར་ཏེ། དེ་ལྟ་ན་གསུང་གཅིག་པོ་དེ་ལ་འཁོར་སྡེ་བཞི་པོས་སོ་སོར་གོ་བར་མི་འཐད་ཅིང༌། ཡན་ལག་དྲུག་ཅུ་དང་མི་ལྡན་པའི་སྐྱོན་སོགས་མང་དུ་ཡོད་དོ། །མི་ལ་སོགས་པའི་སྐད་དུ་གསུངས་སོ་ཞེ་ན་ཡང་རིག་པ་མཚུངས་སོ། །གཞན་ཡང་ཁྱོད་ལྟར་ན་སྐྱོན་འདི་ཡོད་དེ། ཨེ་ཝཾ་ཞེས་པའི་ཚིག་གཅིག་པུ་གསུངས་ཞེས་པ་དེ། དྲང་དོན་གྱི་དབང་དུ་བྱས་སམ་ངེས་དོན་གྱི་དབང་དུ་བྱས། དྲང་དོན་གྱི་དབང་དུ་བྱས་ན་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་སོགས་ལ་གཟིགས་ནས་སོ་སོའི་བློ་དང་འཚམ་པར་དངོས་སུ་གསུང་དགོས་པས་ཨེ་ཝཾ་གཅིག་པུས་ཡོངས་སུ་རྫོགས་པར་གོ་མི་ནུས་ལ། ངེས་དོན་གྱི་དབང་དུ་བྱས་ན་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པའི་མཐུ་ལས་ཆོས་འབྱུང་བ་མ་གཏོགས་ཡི་གེ་གཅིག་ཀྱང་གསུངས་པ་མེད་དེ། བརྗོད་འདོད་ཀྱི་ཀུན་སློང་རྒྱུ་དང་བཅས་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །

དེ་ལྟར་ཡང་གསང་བ་བསམ་གྱིས་མི་ཁྱབ་པ་ལས། འཕྲུལ་འཁོར་ལས་བྱས་སིལ་སྙན་ནི། །རླུང་གིས་བསྐྱོད་པས་སྒྲ་འབྱིན་ཞིང༌། །དེ་ལ་བརྡུང་བ་འགའ་མེད་མོད། །དེ་ལྟ་ན་ཡང་སྒྲ་འབྱུང་ལྟར། །དེ་བཞིན་སྔོན་ལེགས་སྦྱངས་པའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡིས། །བསྐུལ་བས་སངས་རྒྱས་གསུང་འབྱུང་ངོ༌། །དེ་ལ་འདིར། རྟོགས་སྤོང་མི་མངའ་ཞེས་པ་དང༌། མ་གསུངས་མི་གསུང་གསུང་བར་མི་འགྱུར་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཚིག་གཅིག་ཅེས་པ་ཙམ་ལ་འཛིན་ན་ཨེ་ཝཾ་ཡང་ཚིག་གཅིག་ཏུ་མི་རུང་སྟེ། སྒྲ་པའི་ལུགས་ལྟར་ན་ཚིག་གཉིས་ཡང་ཡིན་ཞིང༌། གསུང་རབ་སྤྱིའི་ལུགས་ལྟར་ན་ཚིག་གཅིག་ཀྱང་མ་ཡིན་པའི་ཕྱིར། དེ་དོན་ཅི་ཞེ་ན། སྒྲ་པའི་ལུགས་ལ་སྔ་མ་མིང་ངམ་རྟགས་ལ་ཕྱི་མ་ཏི་སོགས་དང་སི་སོགས་གང་རུང་སྦྱར་བ་ལ་བརྟེན་ནས་ཚིག་ཏུ་འགྲུབ་པ་ཡིན་ཏེ། ཀ་ལཱ་པ་ལས། སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ན་ཚིག་གོ་ཞེས་དང༌།  གདམས་པ་ཤོག་གཅིག་མར། ཏིང་དང་སུབ་ཀྱི་མཐའ་ཅན་ཚིག ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཨེ་ཡང་རྣམ་དབྱེའི་མཐའ་ཅན་ཡིན་ཞིང་ཝཾ་ཡང་དེ་ལྟར་ཡིན་པས་ཚིག་གཉིས་སུ་ཐལ་ལ། ཐུན་མོང་བ་ལྟར་ན། སྨྲ་སྒོ་མཚོན་ཆར། ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་འགྱུར་པ་ན། །མིང་ནི་རབ་ཏུ་འགྲུབ་པར་འགྱུར། །ཞེས་དང༌། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང༌། །དེ་དག་ཁྱད་པར་རྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་ཡིན། །ཞེས་བཤད་པ་ལྟར། ཡི་གེ་དུ་མ་འདུས་པ་ལས་མིང༌། མིང་དུ་མ་འདུས་པ་ལས་ཚིག་ཏུ་འགྲུབ་དགོས་པ་ལ་འདིར་ཡི་གེ་གཉིས་འདུས་པ་ལས། མིང་ཙམ་ཞིག་འགྲུབ་ཀྱང༌། མིང་དུ་མ་མ་འདུས་པས་ཚིག་མ་ཡིན་ནོ། །གཞན་ཡང་དོན་ཙམ་སྟོན་པ་མིང༌། དོན་གྱི་ཁྱད་པར་སྟོན་པ་ཚིག་ཅེས་པའི་ཚིག་ཀྱང་འདི་ལ་མ་གྲུབ་སྟེ། ཨེ་ཝཾ་ཞེས་པ་དངོས་སུ་བསྒྱུར་ན་འདི་སྐད་ཅེས་བྱ་བ་ཡིན་ལ། འདི་སྐད་ཅེས་སྨོས་པས་དོན་ཙམ་ཡང་མི་སྟོན་དོན་གྱི་ཁྱད་པར་ཇི་ལྟར་སྟོན་ན་ཞིབ་ཏུ་སོམས་ཤིག །དེའི་ཕྱིར་རང་གིས་མི་ཤེས་པ་རྣམས་གཞན་ལ་དྲིས་ནས་ལེགས་པར་སྨྲ་བར་བྱའོ། །

ཡང་མི་ཤེས་པ་དག་ན་རེ། སྟོན་པས་གསུངས་པའི་ཚིག་གཅིག་པོ་དེ་གང་ཞེ་ན། ཨོཾ་ཨ་ཐཱ་ཞེས་པ་འདི་ཉིད་ཡིན་ཏེ། འདི་ལ་བརྟེན་ནས་ཚངས་པས་ཚེའི་རིག་བྱེད་ཀྱང་དྲན་པ་ཡིན་པས་སོ། །ཞེས་ཟེར་བ་ལའང་རིག་པ་འདིས་མཚུངས་ཏེ་འཐད་པ་མ་ཡིན་ནོ། །གཞན་ཡང་རང་གི་ལུས་ངག་ཡིད་གསུམ་དྲང་པོར་བསྲངས་ནས་ཞེས་སོགས་ཀྱི་སྐབས་སུ་ཁ་(བྲང་ཏི་སོགས།)ཅིག །རང་གི་ཞེས་པ་རྒྱུད་གསུང་བ་པོ་དང་འཛིན་པ་པོའི་ལུས་ངག་ཡིད་གསུམ་ལ་རླུང་མཁྲིས་བད་ཀན་འཕེལ་ཟད་སོགས་རྒྱུ་འབྲས་ཀྱི་ཉེས་པའི་སྐྱོན་གྱིས་མ་གོས་པར་དྲང་པོར་བཞག་ནས་གཞན་གྱི་ཉེས་པ་མ་སྙོམས་པ་སྙོམས་པར་བྱེད་པས་ན། དེ་དག་གང་ཡིན་པ་དེ་ནི་དྲང་སྲོང་གི་ལུགས་ཞེས་བྱའོ་ཞེས་དང༌། ཡང་ཁ་(བདག་ཆེན།)ཅིག་དེ་བཞིན་གཤེགས་པའི་ལུས་ངག་ཡིད་གསུམ་གྱི་རྟག་ཏུ་དྲན་པ་ཉེ་བར་བཞག་པ་དང་ལྡན་པས་ན་ལུས་ངག་ཡིད་གསུམ་དྲང་པོ་བཞག་ནས་ཞེས་སོགས་ཟེར་རོ། །འདིས་ནི་སངས་རྒྱས་ཀྱི་སྤངས་རྟོགས་ཕུན་སུམ་ཚོགས་པའི་རྣམ་གཞག་ཆ་ཙམ་ཡང་མ་ཐོས་པར་ཟད་དེ། སངས་རྒྱས་སྨན་བླས་ལུས་ངག་ཡིད་གསུམ་མ་སྤངས་པར་ཁས་བླངས་སོ། །ཁོ་ན་རེ། སངས་རྒྱས་ལ་ལུས་ཡོད་དེ་སྐུ་ཡོད་པས་སོ་ཞེ་ན། སངས་རྒྱས་ཀྱི་སྐུ་ནི་ལུས་མ་ཡིན་ཏེ། ལུས་ངག་ཡིད་གསུམ་ཟད་པར་སྤངས་པ་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་འབྱུང་བར་གསུངས་པའི་ཕྱིར། གལ་ཏེ་སངས་རྒྱས་ལ་ལུས་ཡོད་ན་དབང་པོ་ལྔ་ཡང་ཡོད་དགོས་ལ། དབང་པོ་ལྔ་ནི་ཡང་དག་པར་སྤངས་པ་མགོན་པོ་བྱམས་པས་གསུངས་ཏེ། ཇི་སྐད་དུ། དབང་པོ་ལྔ་རྣམས་གཞན་གྱུར་ནས། །དོན་ཀུན་འཇུག་དང་ཐམས་ཅད་ཀྱིས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང༌། །ཞེས་དང༌། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་མིག་སོགས་འདི་དག་ཚད་ཡིན་ན། །དེ་ལ་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ངག་དང་ཡིད་ལ་ཡང་མཚུངས་སོ། །རྣམ་པ་གཅིག་ཏུ་ན་རྒྱུད་འཛིན་པ་པོ་རྣམས་ལ་ཡང་རྒྱུ་འབྲས་ཀྱི་ཉེས་སྐྱོན་དང་བྲལ་བར་ཁས་བླངས་པས་དེང་སང་གི་སྨན་པ་རྣམས་ལ་ཡང་ཐལ་ཆེས་སོ། །གཞན་ཡང་བཤད་རྒྱུད་ལས། ནད་དང་ལུས་ཟུངས་དྲི་མ་རྣམ་པ་གསུམ། །ཕན་ཚུན་གཅིག་ལ་བརྟེན་ནས་རག་ལུས་ཤིང༌། །ཆགས་གནས་འཇིག་པའི་རྩ་བ་ཡིན་ཕྱིར་ལུས། །ཞེས་ནད་ཟུངས་དྲི་མ་གསུམ་འདུས་པའི་ཕུང་པོ་དེ་ཉིད་ལུས་སུ་བཤད་པས་ན་སངས་རྒྱས་ལ་ནད་ཡོད་པར་འགྱུར་ཞིང༌། གལ་ཏེ་ནད་ཡོད་ན་ནི་དེའི་རྒྱུ་འདོད་ཁྲོ་གཏི་མུག་གསུམ་ཡང་ཡོད་པར་ཐལ་ལ། དེ་ལྟ་ན་སངས་རྒྱས་སྨན་བླ་ཡང་མིང་ཙམ་དུ་ཟད་དོ། །གཞན་ཡང་ཕལ་ཆེར་(འབྲེལ་བྱེད་པ།)གྱིས་རང་གི་ལུས་ངག་ཡིད་གསུམ་དྲང་པོར་བསྲངས་ནས་གཞན་གྱི་ཉེས་པ་མ་སྙོམས་པ་སྙོམས་པར་བྱེད་པས་ན་དྲང་པོར་སྲོང་བས་ན་དྲང་སྲོང་སྟེ། ཞེས་སོགས་སྨྲ་བར་སྣང་ན་ཡང༌། དྲང་སྲོང་གི་སྐད་དོད་ལ་རྀ་ཥི་ཞེས་པ་ཙམ་མ་གཏོགས་དྲང་བ་དང་སྲོང་བའི་སྐད་དོད་སོ་སོར་མེད་པས་འཐད་པར་མ་མཐོང་ངོ༌། །

གཉིས་པ་རང་ལུགས་ནི། སྟོན་པས་གསུངས་པའི་ཚིག་གཅིག་ཅེས་པ་ཚིག་འབྲུ་གཅིག་ཁོ་ནའི་དོན་མ་ཡིན་ཏེ། སྟོན་པས་འཁོར་སྡེ་བཞི་པོ་སོ་སོའི་གོ་ཚུལ་དང་མཐུན་པར་གསོ་དཔྱད་འབུམ་པ་སོགས་རྣམ་པ་བཞི་ཀའི་ཚིག་དུ་མ་གསུངས་པར། གསུང་རྣམ་པ་ཐམས་ཅད་པའི་རང་བཞིན་གྱི་ཟབ་མོའི་ཚིག་གི་རྒྱུན་ཅིག་ཁོ་ནས་གསུངས་པ་ལས་འཁོར་སྡེ་བཞི་པོ་སོ་སོར་རང་རང་གི་སྟོན་པ་བཅོམ་ལྡན་འདས་སྨན་གྱི་བླ་མ་ཁོ་ནའི་ལུགས་སུ་གོ་བར་ཟད་དོ། །ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ། །དེ་ཡང་སྟོན་པས་གསུངས་པའི་ཚིག་རྒྱུན་གཅིག་པོ་དེ་ཉིད་འཁོར་སྡེ་བཞི་པོ་རང་རང་གི་མོས་པ་དང་རྗེས་སུ་མཐུན་པར་གོ་བ་ཡིན་ཏེ། ལྷ་རྣམས་ཀྱིས་གསོ་དཔྱད་འབུམ་པ་དང༌། དྲང་སྲོང་རྣམས་ཀྱིས་ཙ་ར་ཀ་སྡེ་བརྒྱད་དང༌། ཕྱི་རོལ་པ་རྣམས་ཀྱིས་དབང་ཕྱུག་ནག་པོའི་རྒྱུད་དང༌། ནང་པ་རྣམས་ཀྱིས་རིགས་གསུམ་མགོན་པོའི་སྐོར་དུ་གོ་ཞིང་གླེགས་བམ་དུ་བསྡུས་པའི་ཕྱིར་རོ། །དཔེར་ན་དངོས་པོ་ཆུ་གཅིག་པོ་ལ་འགྲོ་བ་རིགས་དྲུག་པོ་རང་རང་གི་མཐོང་ཚུལ་མི་འདྲ་བ་རེ་རེ་བཞིན་དུ་ཤེས་པར་བྱའོ། །

དེ་ལྟར་ཡང༌། གསུང་ནི་གཅིག་ཏུ་གསུང་མཛད་པ། །དུ་མ་ཉིད་དུ་རིག་འགྱུར་ཏེ། །དེ་ནི་བདག་གི་ཆེད་དུ་ཞེས། །ཐམས་ཅད་ཀྱིས་ནི་རྟོགས་པའི་ཕྱིར། །ཞེས་དང༌། གསུང་གཅིག་དུ་ནི་གསུང་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་དང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་དམ་བཅས་པའི་དབང་གིས་ངེས་པར་བྱའོ། །གལ་ཏེ་གཞན་དག་ན་རེ། བདུད་རྩི་སྙིང་པོ་ལས། སྨན་གྱི་ལུང་དང་གསེར་འོད་དམ་པ་དང༌། །གསོ་དཔྱད་འབུམ་པ་ལ་སོགས་བཀའ་ཡིན་ཏེ། །ཙ་ར་ཀ་དང་མདོ་ལྔ་ལ་སོགས་པ། །ཕྱི་ནང་དྲང་སྲོང་གིས་མཛད་བསྟན་བཅོས་ཡིན། །ཞེས་གསུངས་པས། ཙ་ར་ཀ་བསྟན་བཅོས་ཡིན་ནོ་ཞེ་ན་སྐྱོན་མེད་དེ། ཡོངས་གཏད་དུ། ལྷའི་འཁོར་ལ་གསོ་དཔྱད་འབུམ་པ་དང༌། །དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། །མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། །ནང་པའི་འཁོར་ལ་རིགས་གསུམ་མགོན་པོའི་སྐོར། །ཞེས་གསུངས་པའི་ཕྱིར་རོ། གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ལས། ཀྱེ་བཅོམ་ལྡན་འདས་ཅིའི་ཕྱིར་ཙ་ར་ཀ་ཆེན་པོ་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་ལ་འཕུར་བ་དང་ཆུ་ལ་མི་བྱིང་བ་དང༌། རིལ་བུ་ཁར་བཅུག་ནས་བར་སྣང་ལ་འགྲོ་བ་དང༌། ཞེས་སོགས་ནས་འདོད་ཁྲོ་གཏི་མུག་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་བཅོས་པའི་ཐབས་དང༌། དེ་ཀུན་ཤེས་པར་བྱ་བའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་ཙ་ར་ཀ་ཆེན་པོ་ཞེས་བྱ་བ་གསུངས་སོ། །ཞེས་གསུངས་པ་དང༌། སངས་རྒྱས་ཀྱི་གསུང་གཅིག་པོ་དེ་དྲང་སྲོང་གི་འཁོར་རྣམས་ཀྱིས་ཇི་ལྟར་གོ་བ་བཞིན་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་བརྒྱད་ཀྱི་སྡེ་རེ་རེ་ནས་བསྡུས་པས་ན། སྡུད་པ་པོའི་དབང་དུ་བྱས་ནས་བསྟན་བཅོས་སུ་གསུངས་པ་ཡིན་ལ། དཔེར་ན་མངོན་པ་སྡེ་བདུན་ཡང་སངས་རྒྱས་ཀྱི་བཀའ་ཤ་སྟག་ཡིན་ཀྱང༌། སྡུད་པོ་དགྲ་བཅོམ་པ་བདུན་གྱིས་བསྡུས་པས་བསྟན་བཅོས་ཡིན་ཞེས་པ་ལྟར་རོ། །གལ་ཏེ་མངོན་པ་སྡེ་བདུན་བཀའ་མ་ཡིན་ན་སངས་རྒྱས་ཀྱི་བཀའ་ལ་སྡེ་སྣོད་གསུམ་མ་ཚང་བའི་སྐྱོན་འབྱུང་བ་བཞིན། སྟོན་པ་སྨན་བླའི་གསུང་ལ་ཡང་ལུགས་སྡེ་བཞི་མེད་པར་ཐལ་བའི་སྐྱོན་སོགས་མང་དུ་ཡོད་དོ། །དེས་ན་སོ་སོ་རང་རང་གི་ཞེས་པ་དང༌། སྟོན་པས་ཞེས་པ་བཅོམ་ལྡན་འདས་གཅིག་པུ་ལ་འཆད་པ་འཐད་ཀྱི། གཞན་དུ་གསོ་དཔྱད་འབུམ་པ་སྟེ། སྐྱེ་རྒུའི་བདག་པོར་མ་གྱུར་པས་རང་དབང་དུ་བྱས་པར་ཐལ་བ་དང༌། དེ་བཞིན་དུ་ཙ་ར་ཀ་དང༌། དབང་ཕྱུག་ནག་པོའི་རྒྱུད་ཀྱང་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དང༌། ཚངས་པས་བྱས་པར་འདོད་དགོས་པས་འཐད་པ་མ་ཡིན་ནོ། །འོ་ན་འཁོར་སྡེ་བཞི་པོས་སྟོན་པའི་གསུང་རིགས་མི་འདྲ་བ་དེ་ལྟ་བུ་བཞིར་གོ་ན། རྒྱུད་བཞི་པོ་ཡོངས་གཏད་དང་བཅས་པ་འདི་ཉིད་འདི་ལྟར་གོ་བའི་གང་ཟག་སུ་ཞིག་ཡོད་སྙམ་ན། འདི་ནི་ལུགས་སྡེ་བཞི་གའི་སྙིང་པོ་བསྡུས་པའི་ཚུལ་དུ་དྲང་སྲོང་ཡིད་ལས་སྐྱེས་ཁོ་ནས་གོ་ཞིང་དེ་ལྟར་དུ་བསྡུས་པ་མ་གཏོགས། གཞན་སྡེ་བཞི་པོས་འདི་ལྟར་མ་གོ་ཞེས་པ་ནི་བདེན་ངེས་སོ། །དེ་ལྟར་ཡང༌། གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །ཞེས་གསུངས་པ་ཡིན་ནོ། །དེས་ན་དྲང་སྲོང་གི་ལུགས་ཞེས་པ་ཡང་དྲང་སྲོང་གཞན་གྱི་ལུགས་ནི་མ་ཡིན་ཏེ། དྲང་སྲོང་ཡིད་ལས་སྐྱེས་ཀྱི་ལུགས་ཞེས་བྱ་བའི་དོན་དུ་འཆད་དགོས་པ་ཡིན་ནོ། །དེ་ལྟར་མ་བཤད་ན་སྐྱོན་འདི་ལྟར་འབྱུང་སྟེ། རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་གི་ལུགས་ཡིན་ན་ཙ་ར་ཀ་སྡེ་བརྒྱད་དུ་འགྱུར་ཞིང༌། དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི་ལུགས་ཡིན་ན། ལུགས་སྡེ་བཞི་ག་དང་བཅས་པ་ལ་ཁྱབ་ཆེས་པའི་སྐྱོན་སོགས་ཉེས་པ་མང་དུ་འབྱུང་ངོ༌། །འོ་ན་རིགས་གསུམ་མགོན་པོའི་སྐོར་དེ་གང་ལྟ་བུ་ཞིག་ལ་བྱེད་ཅེ་ན། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། སྤྱན་རས་གཟིགས་དང༌། ཕྱག་ན་རྡོ་རྗེ་གསུམ་གྱི་དྲང་སྲོང་རིག་པའི་ཡེ་ཤེས་མཆེད་བཞི་ལས་ཐོས་པའི་སྨན་གྱི་གསུང་རབ་རྣམས་ལ་བྱ་སྟེ། དེ་ཡང་འཇམ་དཔལ་དབྱངས་ཀྱིས་བདུད་རྩི་ལྷུང་བཟེད་དང༌། རིན་ཅེན་སྒྲོམ་བུ་དང༌། བྱང་ཁོག་དོན་འགྲེམས་སོགས་དང༌། སྤྱན་རས་གཟིགས་ཀྱིས་རིག་པ་དཔྱད་ཀྱི་གཟུགས་བདུད་རྩི་ཐིགས་པ་དང༌། བྱང་ཁོག་འགྲེལ་པ་དམར་ནག་སོགས་དང༌། ཕྱག་ན་རྡོ་རྗེས་མགོ་བོའི་རྩོད་ཟློག་དང༌། རོ་པྲ་འཕྲུལ་གྱི་མེ་ལོང་དང༌། །ལྕང་ལོ་ནག་པོའི་རྒྱུད་སོགས་སོ་སོར་བསྡུས་པ་རྣམས་ལ་རིགས་གསུམ་མགོན་པོའི་སྐོར་ཞེས་བྱ་སྟེ། སྟོན་པའི་གསུང་རྒྱུན་གཅིག་པུ་ལ་རིགས་གསུམ་མགོན་པོ་སོགས་ནང་པའི་འཁོར་ཐམས་ཅད་ཀྱིས་འདི་ལྟར་ཐོས་ཤིང༌། ཇི་ལྟར་ཐོས་པ་བཞིན་དུ་བཀའ་བསྡུས་པ་ལས་བྱུང་བའི་ལུགས་སྡེ་གཅིག་ཡིན་པའི་ཕྱིར་རོ། །

གཉིས་པ་ཚིག་གི་དོན་ནི། སྟོན་པས་ཞེས་པ་ནས་ཞེས་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་བཅོམ་ལྡན་འདས་དྲང་སྲོང་གི་རིག་པའི་ཡེ་ཤེས་མཆེད་བཞི་པོས་རིམ་པ་བཞིན་གསུངས་པའི་ཚིག་ཟབ་ལ་རྒྱ་ཆེ་བའི་གསུང་གི་རྒྱུན་གཅིག་ཁོ་ན་ལ་ལྷ་དང་དྲང་སྲོང་དང་ཕྱི་པ་དང་ནང་པའི་འཁོར་རྣམ་པ་བཞི་སོ་སོ་རང་རང་གི་སྟོན་པ་སངས་རྒྱས་སྨན་གྱི་བླ་མའི་ལུགས་འབའ་ཞིག་ཏུ་གོ་བར་ཟད་དོ་ཞེས་བྱ་བ་སྟེ། དེ་ཡང་ལྷ་རྣམས་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་པའི་ལུགས་ནི་བདག་ཅག་རྣམས་ཀྱི་འདིའོ་ཞེས་དང༌། དེ་བཞིན་དུ་དྲང་སྲོང་དང་ཕྱི་པ་དང་ནང་པའི་འཁོར་སོ་སོ་རང་རང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་པའི་ལུགས་ནི་བདག་ཅག་རྣམས་ཀྱི་འདིའོ་ཞེས་གོ་ཞིང་འཛིན་ནོ། །ཞེས་བྱ་བའི་དོན་དང༌། འདིས་ནི་ཞེས་སོགས་ཀྱིས་དྲང་སྲོང་གི་སྒྲ་བཤད་སྟོན་པ་མ་ཡིན་པར་གཞུང་འདིའི་བྱེད་ལས་སྟོན་པ་ཡིན་ཏེ། གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞི་ཡོངས་གཏད་དང་བཅས་པ་འདི་ནི་ཚིག་དོན་ཉམས་སུ་ལེན་པ་པོ་རང་རང་གི་ལུས་ངག་ཡིད་གསུམ་དྲང་པོར་བསྲངས་ནས་གཞན་ཕ་རོལ་པོ་རྣམས་ཀྱི་ཉེས་པ་རླུང་མཁྲིས་བད་ཀན་འཕེལ་ཟད་འཁྲུགས་པས་མི་སྙོམས་པ་མཐའ་དག་མགོ་སྙོམས་པར་བྱེད་པས་ན་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཀྱི་ལུགས་ཞེས་བྱའོ། །ཞེས་པ་སྟེ། གཞུང་གི་བྱེད་ལས་དང་སྡུད་པ་པོའི་ཁྱད་པར་གྱིས་རྒྱུད་འདི་དག་གི་ཆེ་བ་བརྗོད་པར་བྱས་པ་ཡིན་ནོ། །དེས་ནི་དཔལ་ལྡན་རྒྱུད་བཞིའི་གླེང་གཞིའི་དོན་ཟབ་ལ་རྒྱ་ཆེ་བ་རྣམས་ལེགས་པར་བཤད་ཟིན་ཏོ། །

འདིར་སྨྲས་པ། དྲང་སྲོང་མཆེད་ཀྱི་སྣང་བ་ཡིས། །ཡིད་ནི་ཡང་དག་སིམ་གྱུར་ཅིང༌། །ཚིག་དོན་དག་ཀྱང་རིག་པའི་ཕྱིར། །འདི་ལ་ཉེས་པ་ཇི་ལྟར་འབྱུང༌།།

དེ་ཕྱིར་གསོ་རིག་བསྟན་པའི་ནགས་ཀླུང་མཁའ་འདྲའི་ཕ་རོལ་བལྟ་འདོད་རྣམས། །མང་དུ་ཐོས་པའི་འཁོར་ལོ་བཞི་ལྡན་ལུང་རིགས་རྟ་བརྒྱས་མྱུར་འདྲེན་པའི། །དཔལ་ལྡན་རྒྱུད་བཞིའི་དགོངས་དོན་རྣམ་བཤད་ཤིང་རྟ་ཤིན་ཏུ་ཡངས་པོ་འདིར། །ཞུགས་ན་བདེ་བླག་མཐོང་བར་འགྱུར་མོད་རྐང་པས་བགྲོད་བྱ་ག་ལ་ཡིན།

གལ་ཏེ་དབུལ་པོ་འགའ་ཞིག་རིན་ཅེན་གྱི། །གླིང་དུ་བགྲོད་ནས་ཡིད་བཞིན་ནོར་བུའི་གཏེར། །དོན་དུ་མི་གཉེར་མཆིང་བུ་ལེན་པ་ན། །དེ་ལ་རྣམ་ཐོས་བུས་ཀྱང་ཅི་བྱར་ཡོད། །

མངོན་སུམ་མིག་གིས་བལྟ་བར་མི་བཟོད་ཀྱང༌། །ལྐོག་ཏུ་གྱུར་ཚེ་ཚ་ཟེར་ཆུང་ཞེས་པ། །དུག་གིས་སྦགས་པའི་ལྕེ་གཉིས་འཛིན་པ་ཡི། །ལོགས་རིང་རྣམས་ཀྱིས་སྔོན་གྱི་ལས་བྱས་དམད། །

འོན་ཀྱང་འོད་ཟེར་བྱེ་བས་ཡོངས་བསྐོར་བའི། །ཉིན་བྱེད་ཁྱུང་སྔོན་སྐྱེས་ཀྱིས་དྲངས་པའི་ཚེ། །ཕྱོགས་ཀུན་ཅིག་ཅར་ཉིད་དུ་གསལ་བྱེད་པ། །སུ་ཞིག་གིས་ཀྱང་འགོག་པར་ནུས་སམ་ཅི། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་གའི་གླེང་བའི་གཞི་བཤད་པའི་ལེའུ་སྟེ་དང་པོའོ། །ཞེས་ཐོག་མའི་དོན་རྣམ་པར་བཀོད་པའི་དོན་ཏོ། །འདིར་ལེའུ་ལྡང་ཚད་ནི་སྤྱིར་བཏང་བའི་དབང་དུ་བྱས་ནས། ཡི་གེ་དུ་མ་ཞིག་འདུས་པ་ལས་མིང༌། མིང་དུ་མ་ཞིག་འདུས་པ་ལས་ཚིག །ཚིག་ཉི་ཤུ་རྩ་བརྒྱད་དམ་སུམ་ཅུ་རྩ་གཉིས་རྐང་པ་བཞིར་བཅད་པ་ལ་ཤླཽ་ཀ །དེ་མང་དུ་འདུས་པ་ལས་ལེའུའམ་སརྒའམ་རབ་ཏུ་བྱེད་པའམ་སྐབས་ཞེས་བྱ་བའི་རྣམ་གྲངས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་གསོ་བ་རིག་པའི་གཞུང་ལུགས་དམ་པ་དཔལ་ལྡན་རྒྱུད་བཞིའི་གླེང་གཞིའི་དོན་ལྷག་མ་ལུས་པར་རྒྱས་བསྡུས་ཇི་ལྟར་འཚམ་པའི་དོན་གྱིས་བཤད་ཟིན་ཏོ།། །།

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 10:48 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།