སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དགུ་པ། འོར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་དགུ་པ། འོར་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག འོར་ནད་གསོ་བ་སྤྱི་དོན་རྣམས་པ་བཞི་ལས་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་དུས་རྐྱེན་གྱིས་བསྐྱེད་པ་གསུམ། །དང་པོ་ཁ་ཟས་མ་ཞུ་དྭངས་སྙིགས་འདྲེས། །མཆིན་གནས་ཟུངས་སུ་མ་གྱུར་ཁྲག་ངན་རྒྱས། །དེ་ཉིད་ཤ་ལྤགས་བྱེར་བས་ཆུ་སེར་སྐྱེད། །ཆུ་སེར་འོར་དུ་ལྷུང་སྟེ་གཡོ་བར་འགྱུར། །དུས་བསྐྱེད་སྐྱ་རྦབ་རྙིངས་ལས་འབྱུང་བ་ཡིན། །རྐྱེན་བསྐྱེད་ནད་ཀུན་བཅོས་ཉེས་འཁྲུགས་ལས་འབྱུང༌།།

སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །བསྣད་དང་དུག་ལས་བྱུང་བ་དྲུག་ཏུ་བཤད།།
སྤྱི་དོན་གསུམ་པ་རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་རྟགས་རྩ་རྣམས་ཐམས་ཅད་ཚ་ཞིང་འཁྱུག །ལུས་དང་ཡན་ལག་སྙོམ་ལ་ངལ་བ་སྟེ། །དྲོད་ཆུང་ཁ་ཟས་མི་འཇུ་དང་ག་འགག །དེ་རྗེས་ལུས་ཀུན་གཡོ་ཞིང་སྐྲངས་པ་སྟེ། །ཁྱད་པར་གདོང་བོལ་བྲང་གསུས་ཆུ་སོ་སྐྲངས། །ཤ་དང་པགས་པའི་བར་རྣམས་ཆུ་སེར་ཁེངས། །འོག་ཏུ་གང་བཅུག་ཡོན་པོར་སྐྲངས་པ་ཡིན། །གཉིས་པ་བྱེ་བྲག་རྟགས་ལ་རླུང་འོར་ལུས་འདར་བརྩེ། །པགས་པ་སྐྲངས་ལ་རྩུབ་པ་གསོབ་ལ་ཉིན་མོ་སྐྲངས་ཆེ་མཚན་མོ་ཆུང༌། །མཁྲིས་འོར་མིག་ཆུ་ལྤགས་སེར་དྲོས་ན་སྐྱེ། །ཁྲག་འོར་རྩ་རྣམས་གཟེར་འཁྱུག་མིག་ཆུ་དམར། །བད་ཀན་ལུས་གྲང་གྲང་ན་མི་བདེ་ལ། །སྐྲངས་པ་ཉིན་མོར་སྐྲངས་ཆེ་མཚན་མོ་དྲོས་པས་ཟ་འཕྲུག་བྱེད་སྐྲངས་པ་ཆུང་བ་ཡིན། །ལུས་བསྣད་པའི་འོར་མཚོན་ཕོག་པའི་ལམ་ལ་བརྟེན་ནས་ཆུ་སེར་གཡོས་པས་རེག་བྱ་ཚ་ལ་ཁ་དོག་དམར། །སྦྱར་དུག་དང་གསེ་ཞོ་ཐར་ནུར་སོགས་དུག་རེག་དུག་ཁོང་སོང་བའི་འོར་ནི་དུག་རྟགས་ལྡན་པས་ཤེས། །

སྤྱི་དོན་བཞི་པ་བཅོས་པའི་ཐབས་ལ་སྤྱི་དང་ཁྱད་པར་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་གསར་དུས་སྨྱུང་བྱ་འཇུ་སླ་བསྟེན། །བོང་ང་དཀར་པོ་ཕོ་བའི་བསྲུང་བའི་ཕྱིར་ཐང་ཤིང་དུག་ཉུང་བྱི་ཏང་ག །ཕོ་བ་རིས་བསྐོལ་ཁུ་བས་འོར་ནད་སེལ། །ཚ་གྲང་དང་བསྟུན་ཏེ་སྒ་དང་གུར་གུམ་གང་རུང་བསྣན་པ་སེ་འབྲུ་ལྔ་པས་ཕོ་བའི་མེ་དྲོད་བསྲུང༌། །འབྲས་བུ་ཨ་བར་སྐྱུར་གསུམ་ཐང་ཧོང་ལེན་ཚ་བ་སྒ་པི་ཕོ་གསུམ། །དུར་བྱིད་བ་ཆུ་ལྕགས་སྣོད་བསྐོལ་ཁུ་ལ། །དེ་ནས་སྤོས་དཀར་སྦྲང་རྩི་སྦྱར་བའི་ཁྲུས་ཀྱིས་སྦྱང༌། །སྤོས་དཀར་དེ་ནས་བྲག་ཞུན་འབྲས་ཨ་བར་སྐྱུར་གསུམ་ལ་གོང་ལྟར་ཐང་གིས་བསྡུས། །སླེ་ཏྲེས་ཐང་ཤིང་སྤོས་དཀར་ཨ་རུ་ར། །བ་སྤྲུ་བ་ཆུར་སྦྱར་བླུད་འོར་ཀུན་འཇོམས་འོར་ནད་ཕལ་ཆེར་འདུས་པ་ཤས་ཆེ་བས་འདི་བསྔགས་སོ་ཡང་ན་ལྕགས་ཕྱེ་སྦྱར་ལ། །གཉིས་པ་ཁྱད་པར་རླུང་ལ་ཕྱི་རྒྱུད་བ་ཡི་རྣམ་ལྔའི་མར། །བཟའ་དང་བྱུག་དང་འཇམ་རྩིར་ཟས་སྔོན་ཤ་ཁུ་དན་དའི་ཆང་གིས་སྦྱང་གིས་སྦྱང་བཏང་བ་དང༌། །ཁ་རུ་ཚྭ་དང་ཞུན་མར་ཀན་དྷ་ཀ་རི་ཨ་རུ་ར་སྒ་སྦྱར་བྱུག །མཁྲིས་འོར་སྦྱངས་རྗེས་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་འགྲོན་བུར་དུར་ཐོད་ཐལ། །ཚ་བ་སྒ་པི་ཕོ་གསུམ་ཐལ་བྲག་ཞུན་སོ་མ་ར། །ཀ་ར་སྦྱར་བས་མཁྲིས་འོར་སྐེམ་པར་བྱེད། །ཁྲག་འོར་སྦྱངས་རྗེས་ག་བུར་ཉི་ཤུ་རྩ་ལྔ་ལ། །གཟེ་མ་སྡིག་སྲིན་སླ་ཏྲེས་སྐྱེར་པ་ཆུ་སེར་སྤོས་དཀར་ཐལ་ག་རྡོ་རྗེ་སོ་མ་ར་ཛཱ་སྨན་བསྒྱུར་སེང་ལྡེང་ཁུ་བས་དབུལ། །རྩ་ཁ་ཕྱེ་ཙམ་མང་དུ་གཏར་བ་འབྲས་བུའི་སྨན་མར་ཀྱི་རྗེས་བཅད་བྱ། །བད་ཀན་གྲང་འོར་གོང་ལྟར་སྦྱངས་རྗེས་ལ་ཕྱི་རྒྱུད་ཀྱི་ཐལ་སྨན་བརྣོན་པོས་བསྐམ། །བསྣད་པའི་འོར་ལ་ཁྲག་གང་ཉེའི་རྩ་ལ་གཏར་ཞིང་འཇིབ་རུས་དབྱུང་བ་སོགས་བསིལ་བས་ཏིག་ཏ་བྲག་ཞུན་ཧོང་ལེན་སྲོ་ལོ་ཙན་དན་རྣམས་བྱུག །དུག་བསྐྱེད་པ་ལ་ལེའུ་གྱ་བདུན་པ་ལྟར་དུག་གི་གསོ་བ་དང་འོར་སྤྱི་བཅོས་ལྟག་སྤྲད་སྦྱར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འོར་ནད་གསོ་བའི་ལེའུ་སྟེ་དགུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 3:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།