སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རྒྱུ་རིམས་བཅོས་པའི་རིགས་པ་བསྟན་གྱིས་ཟུངས། །འདི་ལ་རྒྱུ་རྐྱེན་ངོ་བོ་དབྱེ་བ་དང་། །རྟགས་དང་བཅོས་ཐབས་དྲུག་གི་སྒོ་ནས་སྟོན། །རྒྱུ་དང་རྐྱེན་ནི་གོང་དང་འདྲ་བ་ལ། །གཉིས་པ་ངོ་བོ་མཆིན་ཚད་ཐུར་དུ་བབ་[བབས]པ་ལ། །གཉན་ནད་ཆུ་སེར་མཁྲིས་ཚད་བསླང་བ་ཡིས། །རྒྱུ་མ་གཟེར་ཞིང་དམར་བཤལ་འཁྲུ་བ་ཡིན། །གསུམ་པ་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་དོན་འཁྲུ་བ་དང་སྣོད་འཁྲུ་བ། །སྟོབས་ཆེ་སྟོབས་ཆུང་གཉིས་དང་བཞི་རུ་བཤད། །བྱེ་བྲག་དབྱེ་བ་རྒྱུ་གཟེར་རྒྱུ་འཁོར་དང༌། །རྒྱུད་[རྒྱུ]འཁྲོལ་རྒྱུ་ལྐུག་[ལྐུགས]རྣམ་པ་བཞི་ཡོད་དོ། །བཞི་པ་རྟགས་ལ་དང་པོ་མགོ་དང་ཚིག་བཞི་[ཚིགས་གཞི]ན། །འབྲུམ་[ཕྲུམ]སེར་ཁྱེར་ཅིང་རྒྱུ་མ་ན་ལ་ཁྲུ་[འཁྲུ]། །འཁྲུ་བའི་ངས་[བོངས]ཆུང་འཁྲུ་དུས་ཟུག་གཟེར་ཆེ། །དམར་སེར་ཟ་ཁུ་སྨུག་པོ་བེལ་སྣབ་[སྣབས]འཁྲུ། །དོན་འཁྲུ་ཡིན་ན་ཟུག་ཆེ་འཁྲུ་བོངས་ཆུང༌། །སོ་ཁྲག་གཞིབས་དང་ཤ་ཁོག་བཤལ་ཁུག་[ཁུ་]འདྲ། །སྣོད་འཁྲུ་དམར་སེར་ཟ་ཁུ་བེལ་སྣབས་འཁྲུ། །ཟུག་ཆུང་འཁྲུ་བ་ཉུང་ན་ཚ་སྟོབས་ཆེ། །འཁྲུ་མང་ཟུག་ཆེ་སྟོབས་ཆུང་ནད་ལྟགས་ལྡོགས་[རྟགས་]ལྡོག །གཉིས་པ་བྱེ་བྲག་རྒྱུ་གཟེར་བུངས་ཆུང་ཡང་ཡང་འཁྲུ། །འཁྲུ་བའི་དུས་ལ་ལྷག་པར་ཟུངས་[ཟུག་]གཟེར་ཆེ། །རྒྱུ་འཁོར་ཐུན་དུ་བཅང་[བཅད]ནས་བུངས་ཆེར་འཁྲུ། །རྒྱུ་མ་སྐྲངས་སྙམས་[སྙམ་]ཟུག་ཆེ་ཁྲུས་རྗེས་བདེ། །རྒྱུ་འཁྲོལ་ཟུངས་[ཟུག་]ཆུང་ལྡང་དུབ་མེད་པ་ལ། །འཁྲུ་བུངས་རྩ་ཆུའི་ཚ་བ་ཆུང༌བ་ཡིན། །རྒྱུ་ལྐུགས་མི་འཁྲུ་སྦོས་འགགས་གཏུབ་སྙམས་[གཏུབས་སྙམ་]བྱེད། །ལྔ་པ་བཅོས་ཐབས་གསར་རྙིང་དུས་དང་སྦྱར། །གསར་པའི་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་ཡི་བཅོས་ཐབས་ནད་ཐོབས་[སྟོབས་]ཆེ་ཆུང་གིས། །སྟོབས་ཆེན་ནད་ལ་བཅོས་ཚུལ་རྣམ་པ་བདུན། །སྣོད་ཀྱི་རྩི་སྲུང་མཁྲིས་པའི་མེ་བསད་ཅིང༌། །རྒྱུ་ལོང་ཏུམ་[རུལ་]སྦྱངས་ནད་ངོས་[དངོས་]གཉེན་པོས་བསད། །མཆིན་པའི་ཟག་སྡམས་[ཟགས་བསྡམས་]འཁྲུ་བའི་ཁ་ལོ་[དོག་]སྒྱུར། །ཐ་མར་ཆུ་བོའི་རྒྱུ་ལམ་བཅད་དང་བདུན། །དང་པོ་སྣོད་ཀྱི་རྩི་སྲུང་རུལ་བ་ཡིན། །ཅིག་[ཆིག་]ཐུབ་གསུམ་བཏང་རི་བོང་ཀླད་པ་དང་། །ཏིལ་ནག་དོམ་མཁྲིས་སྦྱར་ལ་ནང་ནུབ་བཏུང་། །མཁྲིས་པའི་མེ་བསད་གུར་གུམ་བདུན་པ་གཉིས། །དུས་བཞི་ལྟག་པ་སྤྱད་[སྤྲད་]ནས་བཏང་བར་བྱ། །དེ་འོག་སྦྱང་[སྦྱོང་]བཏང་ཆིག་ཐུབ་གསུམ་པ་དང་། །ཐར་ནུ་ཆུ་རྩ་རེལ་[རེ་]ལྕག་དྲི་ཆུར་བཏང་། །འཁྲུ་མདོག་བློན་གྱིས་ཁ་བསྒྱུར་རུལ་དྲི་སྦྱང་བ་ཡིན། །དམར་ན་བྱ་རྐངས་[རྐང་]སེར་ན་དུག་ཉུང་དང་། །སྨུག་ན་རེ་རལ་ཟ་ཁུ་ཀྱི་[སྐྱི་]འབྲུམ་པ། །བེལ་སྣབས་བྱུང་ན་སྲུག་སྨེ་[སུག་སྨེལ་]སྡེབས་[བསྡེབས་]ལ་བཏང་། །ལན་ཅིག་ལན་གཉིས་ནད་དང་སྟོབས་སྦྱར་ཏེ། །བཤལ་ཐེབས་དྲི་དང་སྦྱོང་བུངས་ཆེ་བ་ཡིན། །ལྕགས་[ལྕག་]གིས་བསྐུལ་ཅིང་ཆུང་[ཆུ་]གྲང་རྗེས་གཅོད་བྱ། །སྦྱངས་རྗེས་གཉེན་པོ་གཅིག་[ཆིག་]ཐུབ་རྣམ་པ་གསུམ། །ལན་ཅིག་ལན་གཉིས་ནད་དང་སྟོབས་སྦྱར་ཏེ། །དྲུག་བདུན་ཐུན་བསྐྱུང་གྲང་བས་[གྲངས་མང་]བཏང་བྱས་ནས། །དངོས་པོ་གསད་དགོས་མ་བསད་མི་ཆོམ་[ཆོམས་]སྲིད། །ཟུག་ཆེ་རྒྱུ་ཞབས་ཆུ་རྡོ་གྲང་མོས་བདུག  །བོང་ང་ཆུ་འཁྱག་སྦྱར་[སྦྱང་]བའི་སྨད་འདྲེན་བཏང༌། །གཞང་ལུག་ཤིང་ལེབ་བྱུག་པ་ཅན་གྱིས་བསྡམ། །དེ་ནས་ཚ་སྟོབས་ཅུང་ཟད་བྲིད་པའི་དུས། །མཆིན་པའི་ཟགས་སྡོམ་གུར་གུམ་དགུ་པ་དང་། །འཁྲུ་མདོག་སྒྱུར་བྱེད་ལྟག་པ་སྤྲད་པ་སྟེ། །དམར་པོ་འཁྲུ་ན་མེ་ཏོག་བྱ་རྐང་སྐག །ཀ་ར་བཏང་ལ་སེར་པོ་འཁྲུ་བ་ན། །དུག་མོ་ཉུང་དང་དོམ་མཁྲིས་ཀ་ར་བཏང་། །ཀ་ར་བཏང་ལ་སེར་པོ་འཁྲུ་བ་ན། །དུག་མོ་ཉུང་དང་དོམ་མཁྲིས་ཀ་ར་བཏང་། །སྨུག་པོ་འཁྲུ་ན་རེ་རལ་ཁྲག་རྐང་བཏང་། །ཟད་[ཟ་]ཁུ་ཀྱི་[སྐྱི་]འབྲུམ་མི་མཁྲིས་ཀ་ར་བཏང་། །བེལ་སྣབ་[བེ་སྣབས་]སུག་སྨེ་[སྨེལ་]ཐོག་རུས་ཀ་ར་བཏང་། །ཟས་སྐོམ་ནས་སྔོན་རྩར་[བཅར་]བརྡུང་ཚོས་པ་ལ། །བ་རའི་འོ་མ་བདའ་ཙམ་[བག་]བཏབ་པ་དང་། །བ་ཚ་མེད་པའི་ཆུ་གྲོག་བརྟེན་[བསྟེན་]པར་བྱ། །དཀར་མངར་རུས་བཅུད་དྲོད་སྐྱུར་ཐམས་ཅད་སྤང་། །དེ་ནས་ཚ་བ་ཆོག་ནས་[ཆོགས་ན་]ནད་སྟོབས་བྲི། །རྩ་དལ་ཆུ་སྔོ་དྲོད་ཆུང་ཕོ་ལོང་འཁྲོག །འཁྲུ་བའི་དྲི་དང་ཟུག་མེད་འཁྲུ་བ་རིངས་[རིང་]། །འཁྲུ་བ་སྒྲ་སྒྲོགས་ཆུར་བསྒྱུར་[སྐྱུར་]སྟེང་ན་ལྡིང་། །དེ་ནས་གཅོད་བྱེད་ཟས་དང་སྨན་དཔྱད་རྣམས། །རིམ་པས་སྤེལ་ནས་ཆུ་བོའི་རྒྱུན་ལམ་གཅོད། །བཙན་ཐབས་བཅད་ནས་[མི་བཅད་]ནད་དྲི་ཆ་ཡིས་བྲིད། །གཉིས་པ་སྟོབས་ཆུང་ནད་ལ་བཅོས་ཚུལ་གསུམ། །རྒྱུ་རིམས་དང་པོ་མཆིན་པའི་རྩ་ཁ་བསྡམ་པ་དང༌། །བར་དུ་ཚ་མཁྲིས་རོལ་དུ་བསད་པ་དང༌། །ཐ་མ་ཆུ་བའོ་[བོའི་]འཁྲུ་རྒྱུན་བཅད་པ་གསུམ། །ཀུན་གྱི་གཙོ་བོ་སྤང་རྩི་དོ་བོ་ཡིན། །དང་པོ་པར་པ་རྟ་[ཏ་]དང་ཁྲག་རྐང་གཉིས། །ཐ་མ་གཙོ་དང་ཆ་མཉམ་ཕྱེ་མ་གངས་ཆུས་འཕུལ། །བར་དུ་ཏིག་ཏ་བོང་ང་སྲོ་ལོ་དཀར། །ཧུང་[ཧོང་]ལེན་བཞི་པོ་གཙོ་བོ་སུམ་ཆ་སྦྱང་[སྦྱར]། །བསྐོལ་གྲང་ཐང་ངམ་ཕྱེ་མ་ཆུས་སྦྱང་གཏོང་། །ཐ་མ་ཚ་སྟོབས་བྲི་ནས་བཅད་པའི་དུས། །སྐྱེར་པའི་མེ་ཏོག་གཙོ་བོའི་སུམ་ཆ་སྦྱར། །བ་ཡར་འོ་མར་བཏབ་བཏང་རྒྱུན་ལམ་བཅད། །ཡང་ན་རྒུ་དྲུས་ཆོས་སྨན་རྒྱུ་གཟེར་གྱི། །ནད་ཀྱིས་ཤི་བའི་ཏོད་རུ་[རུས་]བཙའ་མ་དང་། །ཐོག་རུས་རྒྱལ་པོ་ཡིན་པས་སུམ་གཉིས་གཏང་། །གླ་རྩི་དོམ་མཁྲིས་ཨ་བྱག་བོང་ང་དཀར། །རྩི་མར་ཆུ་རྩ་བྲག་ཞུན་བདུན་པ་ནི། །བློན་པོ་ཡིན་པས་སུམ་ཆ་བྱས་ནས་བཏང་། །འཁྲུ་མདོག་ཁ་བསྒྱུར་གོང་གི་སྨན་བཏང་ན། །གངས་ཆུ་སྦྱར་བས་རུལ་བསྲུང་ཚ་འཁྲུ་བཅོད་[གཅོད]། །གཉིས་པ་བྱེ་བྲག་བཅོས་ཐབས་རྒྱུ་གཟེར་རྒྱུ་འཁོར་གཉིས། །སྤང་རྩི་ཧུང་[ཧོང་]ལེན་བོང་ང་སུམ་ཅུ་ཏིག །ཁྲ་[ཁྲག་]རྐང་སྲོ་ལོ་པར་པ་ཏ་བསྡུས་ཐང་། །མཆིན་པའི་རྩ་ཁ་སྡོམ་དང་མི་རུལ་སྲ། །མར་[དམར་]ཟལ་བ་འོ་ཀ་ར་སྦྱར་ཐང་བཏང་། །རྒྱུ་མའི་ནང་རྩི་མི་ཟད་འདྲེས་[འདྲེད་]པར་བྱེད། །ཁྱེད་[ཁྱད་]པར་རྒྱུ་གཟེར་རྒྱ་བཤལ་བཙོད་[བཙོད་]ཁུ་འཁྲུ། །གུར་ཀུམ་ཨུད་དཔལ་[ཨུཏྤལ་]ཀ་ར་སྲང་ཕྱེད་སྦྱར། །སེར་པོ་གྷི་ཝང་སྒྲོ་པུས་སྲང་ཕྱེད་སྦྱར། །ཁྲག་ཏུ་འཁྲུ་ན་དོམ་མཁྲིས་སྲང་ཕྱེད་སྦྱར། །རྒྱུ་འཁོར་ཆུ་རྩ་དུད་ཁུ་ཐལ་ཁུ་འདྲ། །ཨ་རུ་མཆུ་སྙུངས་[སྙུང་]སྐྱེར་ཤུན་བ་ལེ་ཀ །གསེར་གྱི་མེ་ཏོག་སྲང་བྱེད་སྦྱར་ལ་བཏང༌། །ཁྲག་ནག་ཤེ་རུལ་འཁྲུ་ན་བ་ཤ་ཀ །སླེ་ཁྲེས་[ཏྲེས་]སྲང་ཕྱེད་སྦྱར་བའི་བསྡུས་ཐང་བཏང་། །རྒྱུ་འཁྲོག་དམར་པོ་འཁྲུ་བ་གུར་གུམ་དང༌། །དོམ་མཁྲིས་ཀ་ར་བོང་ངའི་ཅིག་[ཆིག་]ཐང་བཏང་། །ཆུ་སྐྱ་བེལ་སྣབས་སུག་མེ་[སྨེལ་]ཀ་ར་སྦྱར། །རྒྱུ་ལྐུགས་ཨ་རུ་མཆུ་སྙུངས་[སྙུང་]བ་ལེ་ཀ །བསྡུས་ཁུ་གསེར་གྱི་མེ་ཏོག་སུམ་བཅུ་[ཅུ་]ཏིག །ཏིག་ཏ་བོང་ང་དཀར་པོ་བཏབ་ལ་བཏང༌། །ལོང་རྩ་གཉིས་གཏང་[གཏར་]རྒྱུ་ཞབས་གྲོད་ཆུས་བདུག །དེས་འཁྲུ་མ་འདོད་ན་ཅིག་[ཆིག་]ཐུབ་གསུམ་པའི་སྟེང་། །ཨ་བྱག་ཧུང་[ཧོང་]ལེན་དུག་པུས་དྲི་ཆུ་སྦྱར། །གཉན་བཤལ་སྦྱར་བཏང༌འཁྲུ་སྦྱར་[སྦྱང་ཏོང་]གཏོང་བ་ཡིན། །གཉིས་པ་ཟླ་ཕྱེད་འདས་པའི་རྒྱུ་རིམ་[རིམས་]རྙིང་པ་རྣམས། །མཁྲིས་ཕྱེད་[ཕྱེ་]བདུན་ནམ་ཨིན་ཏྲའི་[ཨིཎྜ]བཞི་ཐང་བསྟེན། །དོམ་མཁྲིས་བྲག་ཞུན་རྩི་དམར་དུག་མོ་ཉུང་། །བ་ལེ་ཀ་དང་བོང་ང་ལི་ག་དུར། །འཁྲུ་བ་དྲི་བཅས་དུག་རྣམས་ཆིག་ཐུབས་[ཐུབ་]དང་། །ཧུང་[ཧོང་]ལེན་བཤལ་གྱིས་སྦྱང་བཏང་དྲི་མ་འཁྲུད། །ཕྱེ་ཐུག་འབྲས་དང་བསྐོལ་གྲང་ཆུ་གྲོགས་[གྲོག་]རྣམས། །བུངས་ཆུང་གྲངས་མང་བཏང་ཞིང་གནོད་ཟས་བསྲུང༌། །འཁྲུ་བ་ཆུ་མདོག་སྒ་དང་སྦུ་[ལྦུ་]བ་ཆེ། །ཚ་བ་ཆོམས་པས་གཅོད་དུས་སླེབས་པ་ཡིན། །ཅོང་ཟི་[ཞི་]རྩི་མར་[དམར་]གང་ག་[གཱ་]ཆུང་དང་སུམ་[གསུམ་]ཕྱེའམ། །ཡང་ན་མེ་ཏོག་བྱ་རྐང་ཤ་སྦུས་[བསྡུས]། །ཡང་ན་བ་ཞོ་རི་དྭགས་ཀླད་པ་ནི། །སྤྱིན་དང་འབྲས་ཡོས་འཁྱོར་[ཁྱོར་]གང་ཕྱེ་མ་རྣམ་[རྣམས]། །ཚོས་པར་བྱས་ནས་ཁམ་[ཁྱེམ་]བུ་གསུམ་གསུམ་བཏང་། །ཡང་ན་ད་ཏྲིག་ཀ་པད་[པོད་]མོན་ཆ་ར། །སྨག་དང་ཐ་རམ་འབྲས་ཐུགས་[ཐུག་]སྟབ་རྩོས་[བཏབ་བཙོས་]བཏང་། །ཡང་ན་བརྩོས་[བཙོད་]ཁྲག་རྒོད་ཁྲག་སྦྱར་ལ་བཏང༌། །ཡང་ན་ཐ་རམ་བྱ་རྐང་གདུས་ཁུ་ལ། །སྨག་དང་ད་ཏྲིག་ཀ་པད་[པེད་]མོན་ཆ་ར། །ཞིབ་བཏག་[བཏགས་]བཏབ་ལ་རྩེ་[ཙེ་]གུར་ཧུབ་རེ་ཡང་ཡང་བཏང༌། །འཁྲུ་དྲགས་སྣོད་ཀྱི་དྲོད་ཤོར་གྲང་འབྱམས་ན། །སེལ་[སེ་]འབྲུ་ལྔ་སྦྱར་མདུན་རྒྱབ་ལོང་གསང་བསྲེགས་[བསྲེག]། །གཅོད་དུས་བ་གླང་ལུགས་[ལུག་]དང་རི་དྭགས་ཤ །མ་རུལ་གསར་པའི་ཚོགས་གུ་[ཚོ་ཁུ་]བུངས་ཆུང་བཏང༌། །གསལ་[གསར་]འཇམ་གླ་རྩི་སྒྱ་[རྒྱ་]སྐག་ཤིང་ཐལ་སྦྱར། །ཅོང་ཞི་ཕྱེས་བྲན་ཁ་སྐོམ་བག་རེ་བསྟེན། །འཁྲུ་མཇུག་མ་ཆད་བར་དུ་ཟས་སྐོམ་གཟབ། །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་དམར་བཤལ་གྱི་རིམ་[རིམས་]བཅོས་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།