སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་ལྔ་པ། བྱུགས་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་ལྔ་པ། བྱུགས་པ་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས།། དཔྱད་ལ་བྱུག་པའི་སྡེ་རུ་གསུངས་པ་འདི།། བདག་ཅག་འཁོར་རྣམས་ཀུན་ལ་བཤད་དུ་གསོལ།། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལ་སོགས་གསོ་བའི་རིག་པ་འཛིན་པ་ཀུན།། ལྔ་པ་བྱུག་པའི་སྡེ་ལ་རྣམ་པ་གསུམ་ཡིན་ཏེ།། འགྲོ་འམ་མི་འགྲོ་དང་མི་འགྲོའི་ནད་གཞི་ནི།། ལུས་རྩུབ་ཁུ་བ་ཟགས་དང་ཁྲག་ཟད་དང་།། ཟུང་(ཟུངས་)ཟད་ནད་པོས་(པ་)རྒས་པོ་མྱ་ངན་ཅན།། འཐོར་བའི་རླུང་རྣམས་གཉིད་མེད་མིག་འགྲིབ་དང་།། རྩོལ་དྲག་ལས་བྱས་ལུས་སྒོག་(སྦེག་)དུབ་པ་དང་།། རླུང་ནད་ཅན་ལ་སྣུམ་བྱུག་འགྲོ་བས་མཆོག། འབྲུམ་འཐོར་པགས་ནད་སྐྲངས་ལ་འདེ་གུས་བྱུག། དེ་མིན་སྣུམ་བྱུག་བྱས་ན་སྐྲང་པ་འཁྲེབ།། དབྱིའ་(དབྱིག་)དུག་བརླ་རེངས་མ་ཞུ་ཡི་ག་འཆུས།། བད་ཀན་དམུ་རྫིང་ནད་ལ་སྣུམ་བྱུག་སྤང་།། གཉིས་པ་བྱུག་པ་ལག་ཏུ་བླང་ནས་བྱ་ཐབས་ནི།། སྔོན་འགྲོ་དང་ནི་གང་འགྲོའི་དགོས་བྱུག་གཉིས།། དང་པོ་བྱུག་པ་གང་བྱེད་ཀུན་ལ་སྔོན་འགྲོ་ནི།། ལྟག་པའི་བདུད་(སྡུད་)སྒོ་ཚིགས་པ་བདུན་དང་དྲུག། ལག་པའི་མཐིལ་མོ་བཞི་ལ་སོགས་པ་ཀུན།། མི་ཡི་ཞུན་ཆེན་བྱུག་ནས་མེ་ཉིར་བསྲོ།། སྐམས་ནས་ཕྱེ་ཡིས་ཕྱི་བ་ཀུན་ལ་འགྲོ།། སྙིང་གི་རླུང་འདྲེན་ལྕགས་འབྲས་འཇོམ་(འཇོམས་)པར་བྱེད།། གཉིས་པ་གང་འགྲོའི་ནད་ཀྱི་དགོས་བྱུག་ནི།། འབྲུ་མར་བྱུག་པས་མདངས་ལེགས་རླུང་ཡིན་སངས།། ཞུན་མར་བྱུག་པས་བློ་གསལ་ཤེས་རབ་ཆེ།། སྲམ་དང་ད་བྱིད་ཚིལ་བྱུག་འདོད་ཆགས་ཆེ།། ཤ་ཚིལ་བྱུག་ན་ཀུན་གྱི་སྲོ་ཤིག་སངས།། སྲམ་ཚིལ་རྐེད་ལ་བྱུག་ན་མཁལ་ནད་སངས།། ད་བྱིད་ཚིགས་སར་བྱུག་ན་ས་བོན་འཛག་པ་འཆད(ཆད)།། རྟ་རྐྱང་བོང་བུའི་ཚིལ་བྱུག་ཟ་ཕྲུག་ཆུ་སེར་འཆད(ཆད)།། རྟ་བོན་མུ་ཟི་བྱུག་ན་གདོན་ཆེན་ཞི།། ཁྱི་ཚིལ་བྱུག་པས་ཁྱི་རྨ་དྲེད་(རེད་)པ་ཞི།། ཕག་ཚིལ་མུ་ཟི་ནག་པོས་གླང་ཤུ་སེལ།། ར་ཚིལ་བྱུག་པས་འབྲུམ་བུའི་ནད་རྣམས་སེལ།། རུས་ལ་རླུང་ཞུགས་རུས་པའི་གཏིང་ནད་ལ།། བཅའ་ལྒ་འབྲི་མར་སྦྱར་བའི་བྱུག་པར་བྱ།། གཉིད་འདོད་གླ་རྩི་མར་བསྲེས་མགོ་ལུས་བྱུག། ལྷོག་པའི་ནད་ལ་མུ་ཟི་ར་དུག་དང་།། མི་ཁྱིའི་བྲུན་དང་ཆུ་དག་རྭ་གཞོབ་དང་།། དྲི་ཆུར་བཙོས་པའི་འདེ་གུས་བྱུག་པ་ཡིན།། བྱི་བྲུན་སྣ་སེར་ཙམ་དང་སྔོན་བུ་སྦྱར།། བྱུག་པ་དེ་ཡིས་རྣག་ཁྲག་འདྲེན་དང་འཇིབ།།   གདོང་བཀྲུས་ཕྱེ་(ཁྱེ་)མ་ངོ་ཁབ་འཐོར་འབྲུམ་སེལ།། དུད་པ་ཡུང་སྐྱེར་རུ་རྟ་དུག་མོ་ཉུང་།། དར་བས་ཤུ་འཐོར་ཁྱི་རྨ་ལྤགས་(པགས་)ནད་སེལ།། སླེ་ཁྲེ་(ཏྲེས་)བ་ཡི་ལྕི་བ་ས་མྱག་ཚ་སྐྲངས་སེལ།། ཤུ་དག་སྲོ་(སོ་)མ་ར་ཙ་འབྲས་བུ་གསུམ།། འོམ་བུ་ཨ་རུ་ར་དང་དྲི་ཆུ་སྦྱར།། དུག་གི་ནད་དང་ཡན་ལག་སྐྲངས་པ་སེལ།། ཙན་དན་ཁྱི་ལྕེ་ཧོང་ལེན་གངས་ཆུ་སྦྱར།། ཁྲག་གཟེར་ལྤགས་(པགས་)པའི་ནད་དང་ཚ་བ་སེལ།། སྐྱུ་རུ་ར་དང་ཨུད་པལ་(ཨུ་ཏྤལ་)ཀར་དཀར་གྱིས།། རྔུལ་འབྱམས་རིམས་ནད་ཕྱི་ལ་འཐོར་བ་སེལ།། དུད་པ་རུ་རྟ་ཆུ་རྩ་རེལ་(རེ་)ལྕག་གི། ཐལ་བ་བྱས་ནས་ཚ་(ཚྭ་)ཕབས་ཟོ་མར་སྡེབས(བསྡེབས)།། སྐོགས་ཤུ་ཟ་ཕྲུག་མ་ལུས་དེ་ཡིས་སེལ།། སྦྲུལ་ཤུན་དུད་པ་མ་ཤོར་བསྲེགས་ཐལ་དང་།། ཕག་ཚིལ་བྱུག་པས་བས་ལྡག་ཤ་བཀྲ་སེལ།། སྔོན་བུ་སྲུབ་ཀ་ཞོ་སྦྱར་ཟ་ཕྲུག་སེལ།། གསུམ་པ་བྱུག་པའི་སྨན་སྦྱོར་ཡོན་ཏན་ནི།། འཐོར་བུའི་ནད་སེལ་འཕྲད་བུའི་ཟུག་གཟེར་འཇོམས།། སྐྲངས་པའི་སྟོབས་བཅོམ་གྲམ་པའི་ཆུ་སེར་སྐེམ།། ཡོན་ཏན་མང་དང་ལྡན་པ་བྱུག་པའི་མཆོག། དཔྱད་ལྔའི་ལོག་ནོན་གོ་རིམ་ཐུར་(འདི་)ལྟར་རིག་པས་ཟུངས།། ཞེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་དཔྱད་མཆོག་བྱུག་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།