སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་བརྒྱད་པ། འགོ་ནད་བསྲུང་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་བརྒྱད་པ། འགོ་ནད་བསྲུང་ཐབས་བསྟན་པ།

དེ་ནས་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས།། མགོ་(འགོ་)ནད་བསྲུང་བའི་གཉེན་པོར་གསུངས་པ་འདི།། བདག་ཆག་(ཅག་)འཁོར་རྣམས་ཀུན་ལ་བསྟན་དུ་གསོལ།། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལ་སོགས་རིག་པ་འཛིན་པ་ཀུན།། ད་ལྟའི་དུས་འདིར་ནད་སྙོམས་འདུ་བ་སྙོམས།། ནམ་ཞིག་ལྔ་བརྒྱའི་ཐ་མར་གྱུར་པའི་ཚེ།། སེམས་ཅན་དུག་ལྔ་རྒྱས་པས་བསོད་ནམས་བྲི།། འབྱུང་བའི་བཅུད་ཡལ་ཚེ་ཡི་འདུ་བྱེད་བྲི།། འབྱུང་བ་སྟོབས་རྒྱས་འདུ་བའི་གསོ་ནད་དར།། དེ་དུས་བདག་གཞན་སྲུང་བ་མེད་པ་ལ།། གཞན་གསོ་མགོ་(འགོ་)ནད་སྨན་པ་རང་ལ་ཕོག། རང་འཆི་བས་ན་བདག་གཞན་སྲུང་བ་སྟེ།། འདི་ལ་གཉིས་ཏེ་གདོན་དང་ནད་སྲུང་གཉིས།། དང་པོ་གདོན་གྱི་སྲུང་བ་སྟོན་པ་སྟེ།། ག་པུར་བཟང་པོ་དྲུག་དང་གླ་རྩི་དང་།། ཆུ་དག་ཤིང་ཀུན་གུ་ཁུལ་(གུལ་)རྟ་བོན་དང་།། མུ་ཟི་ལ་སོགས་དྲི་ལྡན་སྨན་རྣམས་ཀུན།། མ་ནུ་ལྡོང་རོལ་(རོས་)བྱ་རྒོད་སྤོས་དང་བཅས།། ས་སྡོ་(རྡོ་)སྔོ་སྨོན་(སྨན་)དྲི་ངད་གང་ཆེ་དང་།། སྒོག་པ་ཤིང་ཀུན་བཤུལ་ཆག་(ཆགས་)ཤ་རྣམས་དང་།། བྱ་གཅན་ར་ལུག་ལ་སོགས་ཕག་གི་སྦྲུན(བྲུན)།། ཆུ་གནས་བུ་(འབུ་)སྣ་འབྲུ་སྣ་ཚོགས་ཚད་དང་།། ཞིབ་ཏུ་དྲིལ་ནས་རིལ་བུ་གྲིབ་བསྐམ་ནས།། དུད་པ་བདུག་ཅིང་ཁུ་བ་ལུས་ལ་བྱུག། ཁོང་དུ་བཏང་ནས་(ན་)འབྱུང་པོ་ཐམས་ཅད་བྱེར།། སྟེང་གདོན་འོག་གདོན་ཕོ་མོ་མ་ལུས་སྲུང་།། གཉིས་པ་ནད་ཀྱི་སྲུང་པ་སྤྱི་དང་དགོས(སྒོས)།། སྤྱི་ནས་(ན་)སྨན་དང་མ་བྲལ་དྲི་ངད་ཀྱིས།། ནད་རྣམས་ཀུན་ལ་འགོགས་སུ་བསྲུང་བ་སྟེ།། དགོས་(སྒོས་)སུ་ནད་རིམས་སོ་སོར་བསྲུངས་པ་གསུམ།། དང་པོ་རིམ་(རིམས་)ནད་མ་ལུས་བསྲུང་བ་ནི།། བཙན་དུག་ཤིང་ཀུན་གླ་རྩི་དང་།། ཆུ་དག་གུ་ཁུལ་(གུལ་)མུ་ཟི་བྱ་རྒོད་སྤོས།། སྒོག་སྐྱ་སྦྱར་བ་དྲི་ཆུས་རིལ་བུ་བྱ།། ནང་རེ་གསུམ་ཟོས་སྤྱི་ཡི་ནད་ཡམས་སྲུང་།། བོང་ང་ནག་པོ་གླ་རྩི་མུ་ཟི་དང་།། ཆུ་དག་དང་ནི་གུ་ཁུལ་(གུལ་)དཀར་ནག་དང་།། སྒོག་སྐྱ་ཁྲོལ་བུར་བཏུལ་ནས་སྐེ་ལ་བཏག(བཏགས)།། སྣ་ལ་བདུག་ན་བསྐལ་པའི་ནད་རིམ་(རིམས་)ཐུབ།། སྤྱི་ནས་(ན་)ནད་ཀྱི་ཞུག་(ཞུགས་)སྒོ་སྣ་ཡིན་པས།། ལྟོ་སྟོང་དུས་ནས་ནད་ཀྱི་དྲི་མ་བསྲུང་།། གདན་(གདོན་)སྲུང་སེམས་ཞུམ་འཕྲི་པ་མང་དུས་བསྲུངས།། སྲུང་པ་ཐོག་དང་ཁ་ཟས་འགྲང་པའི་དུས།། ནད་འཇུག་སྐ་(དཀའ་)བས་དེ་དུས་ནད་ལ་བལྟ།། ངང་འབྱུང་ཟག་པས་འོག་ནད་སྲུང་བ་ནི།། རང་གི་དྲི་ཆེན་ས་ལ་མ་རེག་རྩ་(ཚ་)མོ་དང་།། དྲི་ཆུ་བར་མ་ལག་མཐིལ་གཡོན་དུ་བཏུལ།། ལྕེ་རྩ་སྣ་བུག་ལ་སོགས་བུ་ག་དགུ།། བྱུག་པ་ཐིག་ལེ་བླུག་པས་ཉིན་ཅིག་ཐུབ།། གཉིས་པ་མགོ་(འགོ་)ནད་སོ་སོར་སྲུང་བ་ནི།། དང་པོ་ཐར་འབྲུམ་ནག་པོའི་སྲུང་བ་ནི།། མུ་ཟི་ཙན་དན་གླ་རྩི་ཆུ་དག་དང་།། ཤིང་ཀུན་དྲི་ཆུར་སྦྱར་ནས་ཁོང་དུ་བཏང་།། ཙན་དན་གླ་རྩི་གུ་ཁུལ་(གུལ་)སྒོག་སྐྱ་དང་།། དྲི་ཆུ་སྦྱར་ནས་ལུས་ལ་བྱུག་པ་ཡིན།། གླ་རྩི་ཤིང་ཀུན་གུ་ཁུལ་(གུལ་)རྡོ་དྲེག་དང་།། སྒོག་སྐྱ་སྦྱར་ནས་ཁོང་དུ་བཏང་།། ཙན་དན་གླ་རྩི་གུ་ཁུལ་(གུལ་)སྒོག་སྐྱོ་(སྐྱ་)དང་།། བསྲེགས་པའི་དུད་པ་སྣ་ནས་བདུག། དེ་ཡི་(ནི་)འཐོར་པ་བསྲུང་པའི་གོ་ཆ་ཡིན།། གྲེ་གག་ལྷོག་པ་སྲུང་བའི་གོ་ཆ་ཡིན(ནི)།། བྱ་ཁྱུང་རིལ་བུ་ལྔ་སྦྱོར་གུ་ཁུལ་(གུལ་)དང་།། མུ་ཟི་ཐུན་རེ་སྔ་མོ་ཁོང་དུ་བཏང་།། ཡང་ནས་(ན་)བཙན་དུག་ནག་པོ་ཕག་ལ་སོགས།། ནག་(ནང་)རེ་ནས་འབྲུ་འཕྲ་(ཕྲ་)ཚད་ཙམ་རེ་བཟའ།། རྒྱུ་གཟེར་བཤལ་ནད་སྲུང་བའི་གོ་ཆ་ནི།། རྒྱུ་གཟེར་བཤལ་ན་སྲུང་བའི་རང་གིས་ཤི་བའི་ཐོད་རུས་དང་།། ག་ཕུར་(པུར་)ཙན་དན་གླ་རྩི་(ཛཱ་)ཏི་སྦྱར།། སྒོག་སྐྱ་སྤང་སྤོས་ཡུང་(ཡུངས་)ཀར་མགུལ་དུ་བཏག(བཏགས)།། ཁོང་དུ་བཏང་བས་རྒྱུ་གཟེར་སྲུང་བའོ།། འདི་ལྟར་བསྲུང་བའི་གོ་ཆ་མ་མཁས་ན།། མགོ་(འགོ་)ནད་གྲོང་གསེབ་འགྲིམ་པའི་སྨན་པ་ཀུན།། འཛུལ་འགོ་ཟས་ལ་ནམ་མཁའི་བྱ་འཁོར་འདྲ།། བཏང་སྙོམས་མེད་པར་རང་སྲུང་གོ་ཆ་གཅེས།། གསུམ་པ་རྫས་སྦྱོར་དུག་གི་སྲུང་བ་འདི་ལ་གསུམ།། སྣ་ཡི་སྒོ་ལ་སྲུང་བ་བ་སྤུ་བསྲུང་།། རླང་(རླངས་)དང་ཉི་ཟེར་སྲུང་བ་གཉིས་ཀ་གཅེས།། དང་པོ་དུག་ནད་སྲུང་བའི་གོ་ཆ་ནི།། ཞག་སྲུང་ཟླ་བ་ལོ་གཅིག་ཐུབ་པ་ཡི།། དང་པོ་ཞག་གཅིག་ཐུབ་པའི་བསྲུང་བ་ནི།། ཟས་དང་སྦྱར་བའི་ཁོག་སྲུང་བཏང་བ་ནི།། ཆར་མའི་ཉུང་མ་བཙོས་ནས་གྲིབ་སྐམ་བྱ།། ཨ་རུ་གསེར་བདོག་(མདོག་)ཉུང་དཀར་ཆ་མཉམ་ནས།། ཆུ་ཡིས་སྦྲུས་ཟོས་ཞག་ཅིག་(གཅིག་)ཐུབ།། ཟས་ལ་དུག་ཡོད་ཟས་(ཟ་)ལོང་མེད་པར་སྐྱུག། གཉིས་པ་ཟླ་བ་ཐུབ་པའི་སྲུང་བ་ནི།། སྨན་མཆོག་རྣམ་རྒྱལ་ནད་རྣམས་གཉེན་པོ་དང་།། གླ་རྩི་སྒོག་ཅིག་ནད་ལ་བྱ་ར་བ།། ཡུང་ཞིང་(བ་)ཅོང་ཞིས་ནད་རྣམས་འདྲེད་པར་བྱེད།། ཉུང་དཀར་སུམ་ཅུས་ནད་རྣམས་འཁྲེན་པར་བྱེད།། བཟང་དྲུག་དོན་བསྲུང་སྣོད་ནད་པི་པི་ལིང་།། སེ་འབྲུ་པ་ཏོ་དུག་མོ་ཉུང་གིས་བསྲུངས།། ལྒང་པ་སྡིག་སྲིན་གྱིས་ནི་སྲུང་བས་ན།། ཤ་ནི་བ་རུ་ར་དང་ཡུང་བས་སྲུང་།། རུས་པ་དུང་དང་སྤྱི་བཞུར་གཉིས་ཀྱིས་སྲུང་།། རྩ་སྒོ་རྣམས་ནི་ཤིང་མངར་སྐྱུ་རུ་ར།། འབྲི་ཏ་ས་འཛིན་རེ་སྐོན་པ་ཡིས་སྲུང་།། སླེ་ཁྲེ་(ཏྲེས་)རུ་རྟ་གཉིས་ཀྱིས་རླུང་སྲུང་ལ།། ཏིག་ཏས་མཁྲིས་པ་སྲུང་ཞིང་བད་ཀན་ནི།། མ་ནུ་དུས་དཀར་(པུཥྐར་)འུ་སུ་བསེ་ཡབ་སྲུང་།། སྲོ་(སོ་)མ་ར་རྩ་(ཛ་)སེང་ལྡེང་བྱི་ཐང་ཀ། མེ་(མ་)རུ་རྩེ་ཡིས་སྲིན་དང་ཆུ་སེར་སྲུང་།། འདུ་བ་འཁྲུག་(འཁྲུགས་)པ་ཁ་གནོན་གཉེན་པོ་ནི།། འགོས་ནད་གང་ཡིན་དེ་ཡི་སྨན་རྣམས་དང་།། དབྱིག་དུག་བསྲུང་དང་འཇོམས་པའི་གཉེན་པོ་ཡིན།། གསེར་གཡུ་ཟངས་ལྕགས་བྱི་རུ་དངུལ་ལ་སོགས།། སྲན་མ་ཙམ་རེ་ཚ་ལ་བྲག་ཞུན་དང་།། བསེ་རུ་དཀར་པོ་ལ་སོགས་དབྱིག་དུག་སྲུང་།། རྡོ་དུག་སྲུང་བའི་གཉེན་པོ་གང་ཐིག་(གངས་ཐིགས་)དང་།། སྦལ་རྒྱབ་མཚལ་དང་ཅོང་ཞི་རིལ་མ་ཙམ་རེ་ཡིན།། ཟིལ་(ཟེ་)ཚ་རྒྱམ་ཚ་བ་ཚ་གསུམ་ལ་ཐུན་རེ་དང་།། ན་ཆུང་གྲི་ཤིའི་མཆིན་པ་ཉྭ་སྙིང་ཤ། ཁྱི་གུ་མིག་མ་བྱེ་བས་འཐུང་ཞོ་དང་།། བྱ་ཕོ་མཚལ་ལུའི་ཤ་དང་རྨ་བྱའི་ཤ། ཕག་པའི་ཤ་རྣམས་དྲིལ་ནང་རིལ་མ་ཙམ་དུ་དྲིལ།། ཤ་དུག་བསྲུང་ཞིང་འཇོམས་པའི་གཉེན་པོ་ཡིན།། མི་དང་རྟ་དང་ཁྱི་ཡི་ཕྱ་ཚན་དང་།། རྨ་བྱའི་ཤ་དང་བྱིའུ་ལ་ཕུག་དང་།། མི་ར་དོམ་གསུམ་བྱ་ཕོ་མཚལ་བུའི་མཁྲིས།། རྩི་དུག་སྲུང་བ་དུག་སྣ་འཚོགས་(ཚོགས་)ཚད་ནི།། འབྲུ་སྲན་ཙམ་རེ་སྡེབས་(བསྡེབས་)པའི་ཐུན་བསྡུས་ལ།། དེ་ཡི་གཉེན་པོ་གླ་རྩི་བོང་ང་དཀར།། དམར་དང་སེར་ལ་ཐུན་ཚོད་གསུམ་གསུམ་རེ།། སྔོ་དུག་སྲུང་ལ་ཐར་ནུ་ཞོ་ཤ་གསུམ།། དུར་བྱིད་ཐང་ཕྲོམ་འོ་(འོལ་)མོ་སེ་བ་དང་།། མཁལ་གཟེ་མ་མ་རིལ་མ་ཙམ་རེ་ཡིན།། སྔོ་དུག་གཉེན་པོ་ཨུག་ཆོས་ལུག་མིག་དང་།། སྤྲ་ཐོག་ཁུར་རྩ་ཨ་བ་ཤ་ལ་སོགས།། རེ་རལ་དྲུག་ལ་ཐུན་རེ་བྱ་བ་ཡིན།། དུག་ནད་སྤྱི་འཇོམས་འཁོར་གྱི་དམག་མི་ནི།། ཁྱུང་སྡེར་དཀར་སྨུག་གཉིས་དང་དཔའ་བོ་དཀར་སེར་གཉིས།། རྒུ་ཐུབ་རྩོད་ཚིག་(བཙོད་ཚིགས་)ཡུ་གུ་ཤིང་མངར་དང་།། གང་ཆུང་སྤང་རྒྱན་སྤང་རྩི་སྤང་སྤོས་དང་།། འོམ་བུ་གོ་སྙོད་སྟག་ཤ་སེ་རྒོད་དང་།། སྐྱེར་ཤུན་ལ་(ཧ་)བོ་བཅོ་བརྒྱད་ཐུན་རེའོ།། ཚ་བ་སྤྱི་འཇོམས་ག་ཕུར་(པུར་)ཙན་དན་དང་།། གྷི་ལྦང་ལ་སོགས་སྨན་རྣམས་ཞིབ་ཏུ་བཏག(བཏགས)། དར་ལ་བཙག་ལ་ཡུང་མའི་ཁན་དྷ་(ཁཎྜ་)སྦྱར།། རི་ལུ་སྲན་མ་ཙམ་དྲིལ་གྲིབ་སྐམ་བྱ།། ཚེས་གཅིག་ནང་པར་གསུམ་གསུམ་དྲི་ཆུས་ཕུལ།། དེ་ཡིས་ཟླ་བ་རེ་ལ་ཐུབ་པ་ཡིན།། གསུམ་པ་ལོ་གཅིག་བསྲུང་བའི་གོ་ཆ་ནི།། བྱང་བལྟས་གྲིབ་སྐམ་བྱས་པ་ཆར་མའི་ཡུང་(ཉུང་)།། ཡང་ན་ཁསེར་ཁ་སྐམ་གྲིབ་སྐམ་བྱ།། འདྲེད་བྱེད་མི་དང་ཤ་བའི་ཚིལ་ཁུ་ཧུབ་རེ་དང་།། མཁྲེན་(འཁྲེན་)བྱེད་ཡུངས་ཀར་གླ་རྩི་བྱ་ར་བ།། དོན་སྣོད་སྲུང་བ་བཟང་དྲུག་པི་པི་ལིང་།། ཕོ་བ་རིས་དང་བཅའ་ལྒ་ཐེབ་(མཐེབ་)མོ་ཙམ།། ངག་སྨན་འཇིབ་རྩི་བཟང་སྨན་ཨ་རུ་ར།། བྲག་ཞུན་སྨུག་པོ་སྦལ་བའི་སྟོད་ཁོག་གཅིག། རིལ་བུ་བཞི་ལྔ་ཚེས་གཅིག་ནང་པར་ནས།། རྩ་ཁ་དབྱེ་བྱེད་གཡེར་མའི་ཆུ་ཡིས་ཕུལ།། ནང་རེ་རེ་བསྐྱེད་བཅུ་དྲུག་མན་ལ་འཕྲི།། རུས་སུལ་(རུལ་སུངས་)ཟས་དང་སྔ་དྲོའི་ཟས་བསྲུང་ངོ་།། ཕྱེད་ཀྱི་གྲོ་ལ་ཟས་སྐོམ་བཅུད་ཅན་བསྟན(བསྟེན)།། རི་ལུ་རྫོགས་ནས་ནང་མ་གསུམ་ཙམ་ལ།། དོམ་མཁྲིས་རུ་རྟ་འབྲི་གང་(གི་ལྦང་)རིམ་པར་སྐྱུང་།། རྩ་ཁ་སྡེབ་(སྡོམ་)ཕྱིར་ཕྱི་རྗེས་དེ་ལ་བཟའ།། ཕོ་བར་སེལ་(སེ་)འབྲུ་མཁྲིས་པར་དུག་མོ་ཉུང་།། དེ་ཡིས་ལོ་རེའི་བར་དུ་ཐུབ་པར་ངེས།། དེ་རྣམས་དུག་གི་སྲུང་བའི་ལྕེ་རྒྱ་ཡིན།། ནང་ཡོན་(ཡན་)གྲོག་(གྲོགས་)ཀྱི་རྩ་གསུམ་ཚངས་བ་དེ།། གསོ་ཡང་རང་གྲོལ་སྨན་རྒྱལ་བདུད་རྩི་ཡིན།། ཆར་ཉུང་འབྲས་བུ་གསུམ་དང་རྩ་བ་ལྔ།། གཙོ་བོ་གསུམ་དང་དྲུག་ལ་སྨན་མར་ཚུལ་བཞིན་བྱ།། དེ་ལ་གོང་གི་སྨན་ཕྱེ་ཡི་འཕྲེད་(འཕྲོ་)བཏང་ནས།། མངར་དང་སྦྱར་ནས་སྟོན་ཀའི་ཆར་ཆུས་འཕུལ།། ནང་པ་དྲིན་ཆེན་དྲི་ཆུ་བར་པ་གསུམ།། མཁར་(འཁར་)གཞོང་ནང་དུ་ཆོས་སྨན་གསུམ་སྦྱར་ལ།། རས་གཙང་སྣོད་བླུག་མཁན་གསེབ་ཞག་དགུ་བསྲུལ།། གྲིབ་མར་གྲང་སྐམ་ཕྱེ་མ་ཆང་གིས་ཕུལ།། དུག་རྣམས་མ་ལུས་ཚེ་འདིར་ཐུབ་པར་འགྱུར།། ཀུན་ལ་ཟས་ཤུལ་སྤྱོད་ལམ་འཇམ་རྩི་སྲུང་།། ནད་དང་སྦྱོར་བའི་འཇམ་རྩི་འབྱུངས་(འབྱུང་)དུ་(དུས་)བརྟེན(བསྟེན)།། རླུང་ས་རླངས་པ་དྲི་རླུང་སྣ་ནས་འཇུག་པའི་ཕྱིར།། ཀུན་ལ་རྒྱལ་བའི་རྩ་སྒོ་བསྲུང་བ་གཅེས།། གཉིས་པ་སྣ་ཡི་སྒོ་ལ་བསྲུང་བ་ནི།། ག་ཕུར་(པུར་)ཅོང་ཅི་(ཞི་)དྲི་ཆུ་ལག་པར་སྦྱར།། ནང་ལོ་(མ་)བདུན་དྲུག་སྣར་བརྔུབ་དེ་རྗེས་སུ།། ཛ་(ཛཱ་)ཏི་གུར་གུམ་ན་(ནཱ་)ག་གེ་སར་དང་།། སྤང་རྒྱན་ཙན་དན་མར་ཁུའི་དུད་པ་བདུག། མགོ་ལུས་སྦྱིད་ལྗི་(སྦྲིད་ལྕི་)འདི་དང་ཤ་བ་སྦྱར།། ཕྲུམ་སེར་ཁུ་ཕྲོག་(འཕྲིག་)བྱུང་ནས་ཁེག་པའི་རྟགས།། གདོན་རིགས་དྲུག་རྣམས་ཐུབ་པའི་ཆོ་ག་ཡིན།། གསུམ་པ་བ་སྤུའི་སྒ་(སྒོ་)ནས་བསྲུངས་པ་ནི།། མི་ཚིལ་ཤིང་མར་ཟོ་མར་ཚིལ་རྣམས་བཙོ།། ནན་ཏར་བསྡུས་པའི་ཁུ་བ་དྲོད་མ་ཡལ།། དེ་ལ་ཛ་(ཛཱ་)ཏི་གུར་གུམ་སྤང་སྤོས་དང་།། གླ་རྩི་སྤང་རྒྱན་སྦྱར་བས་བསྡུས་པ་བྱུག། ཡང་ནས་(ན་)གླ་རྩི་ཕག་ཚིལ་སྦྲུལ་ཤ་དང་།། སྡིག་སྲིན་མུ་ཟི་ར་ཁྲག་བསེ་མར་ཁུ།། ཡང་ན་ག་ཕུར་(པུར་)ཙན་དན་བསིལ་གསུམ་དང་།། གླ་རྩི་ཆོས་སྨན་ཕག་ཚིལ་ར་ཁྲག་བྱུག། བ་སྤུའི་སྒོ་ཁེག་ལུས་སྦྲིད་ལྗི་(ལྕི་)བ་ཡིན།། ནད་ལ་རེག་པ་འབྱུང་པོའི་ཁ་རླངས་དང་།། ཉི་ཟེར་རླངས་པ་ཉམ་ང་མེད་པ་སྲུང་།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་འགོ་ནད་འགོག་སྲུང་བའི་ལེའུ་སྟེ་ཉི་ཤུ་བདུན་(བརྒྱད་)པའོ།། །།




མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:18 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།