སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བརྒྱད་པ། མགོ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་ཉེར་བརྒྱད་པ། མགོ་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །ལུས་སྟོད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་པའི་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང་། །སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།།

ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལུས་སྟོད་དབང་པོའི་གསོ་ཐབས་མགོ་དང་མིག །རྣ་བ་སྣ་དང་ཁ་དང་ལྦ་བ་དྲུག །རྒྱས་པར་ནི་ཇི་སྐད་དུ། ནམ་ཚོད་ཡན་ལ་གཏོགས་པའི་ནད། །ཉིས་བརྒྱ་སུམ་ཅུ་རྩ་གཅིག་ཡིན། །ཞེས་སོ། །དང་པོ་མགོ་ཡི་ནད་ལ་རྒྱུ་རྐྱེན་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་རྣམ་བཞིར་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་དུད་པ་ཉིན་མཚན་གཉིད་ཆག་དང༌། །ཆང་མང་མང་སྨྲས་ངུ་བ་དྲགས་པ་དང་། །རླུང་འཚུབ་པ་དང་མ་གོམས་དྲིས་ཕོག་རྒྱུ་ལས་འབྱུང༌།།

སྤྱི་དོན་གཉིས་པ་དབྱེ་བ་གཙོ་བོའི་ནད་བརྒྱད་ཕལ་པ་དྲུག །དང་པོ་རླུང་མཁྲིས་ཁྲག་དང་བད་ཀན་རྐྱང་པ་དང༌། །ཉེས་གསུམ་གཉིས་རེ་ལྡན་པའི་ནད་གསུམ་མགོ་ཡི་སྲིན་དང་བརྒྱད། །ཕལ་པ་མ་རླུང་རྨེན་འབྲས་གློག་པ་ཅན། །སྐྲ་བྱི་སྤྱི་ཐེར་སྐྲ་དཀར་རྣམ་པ་དྲུག།

སྤྱི་དོན་གསུམ་པ་དེ་རྟགས་རླུང་གྱུར་མུར་འགྲམ་ཟུག་ཅིང་གཟེར། །དཔྲལ་བ་སྨིན་མཚམས་ལུག་པ་སྙམ་དུ་སེམསསེལ། །རྣ་བ་འུར་ཞིང་སོ་དང་འགྲམ་པ་ན། །རྩ་འཁྱུག་ལྟ་བ་མི་བཟོད་སྣ་ཆུ་མང༌། །ལྡང་དུབ་ན་ཞིང་སྣུམ་དུགས་བསྡམས་ན་བདེ། །མཁྲིས་གྱུར་རིམས་འདྲ་མགོ་ལུས་མིག་རྣམས་ཚ། །དུ་བས་བདུགས་སམ་མཚན་དུས་གྲང་ན་བདེ། །ཁྲག་གྱུར་རྩེ་ཆུང་རྒྱངས་ལ་མུར་འགྲམ་གཟེར། །ཆང་དང་དྲག་ཤུལ་གཉིད་དང་ཉི་ཚན་གནོད། །བད་ཀན་ལས་གྱུར་མགོ་ལྕི་ཟས་མི་ཞིམ། །སྐྱུག་ཅིང་མིག་སྐྲངས་མཚན་མོའི་དུས་ན་བདེ། །བད་མཁྲིས་མགོ་ནད་མེ་ཉིས་དྲོས་ཚེ་ན། །མགོ་ལྕི་དང་ག་མི་བདེ་ཆང་ནད་ཆེ། །བད་རླུང་ལྕི་འཁྱོམ་ཟི་ལ་ཟས་མི་ཞིམ། །རླུང་མཁྲིས་གཉིས་ལྡན་དཔྲལ་མིག་མུར་འགྲམ་ན། །གྲང་དྲོ་ངེས་མེད་ཕྱེད་གོང་བཀྲེས་དུས་ལྡང༌། །ཇི་སྐད་དུ། ཉི་མ་འཆར་བར་གྱུར་པ་ནས། ཉིན་ཕྱེད་ཀྱི་ནི་བར་དུ་འཕེལ། དེ་ཕན་ཆད་ནི་བདེ་བར་འགྱུར། །ལྟོགས་ན་དེ་ནི་ལྷག་པར་ན། །གྲངས་དང་དྲོ་ལ་ངེས་པ་མེད། །དེ་ནི་ཉི་མར་ཁྲོ་ཞེས་གསུངས་སོ། །རྩ་རྣམས་འཕར་ཞིང་བསིལ་ཕེབས་དགོང་དུས་བདེ། །མགོ་སྲིན་སེམས་འཁྲུལ་སྟོབས་ཆུང་མི་བཟོད་ན། །སྣབས་ཀྱི་མདོག་དམར་རྒྱ་སྲུབས་སྟེང་དུ་སྐྲངས། །ངེས་མེད་ནད་ལྡང་ཟས་སྤྱོད་ཕན་གནོད་ཆུང༌། །གང་ལངས་རྩ་འཕར་སྒྲ་སྐད་དྲག་ཤུལ་ལྡང༌། །དཀར་ནག་བརྟག་ན་འཁར་གོང་མེ་ལ་བསྲེགས་པའི་དམར་པོ་དེ་ལ་ནད་པའི་ལ་མཆིལ་བཏབ་པས་མས་བརྟག་གྲང་ཚེ་ནག་པོར་སོང་ན་ཡ་མ་ནག་པོ་དང་མདོག་དེ་གར་འདུག་ན་དཀར་པོར་ཤེས་པར་བྱའོ།སྦྲུམ་མའི་ཟས་སྤྱོད་ཀྱིས་འི་་རླུང་བུ་ལ་ཤོར་བ་ན་བཙས་པ་དེའི་མགོ་བོ་སྐྲངས། །དེ་བཞིན་རྨེན་འབྲས་སྲ་བར་སྐྲངས་པ་དང་། །སྲིན་ནད་འབྲུམ་ཕྲན་གློག་པས་ཁྱབ་པ་དང༌། །བད་ཀན་ཁྲག་མཁྲིས་ཆུ་སེར་སྐྲ་རྩ་སྲུལ། །ཀོ་ལེར་སྐྲ་བྱི་སྤྱི་བོ་ཐེར་པོ་དང༌། །ལུས་དྲོད་མགོར་ཞུགས་སྐྲ་ཚོས་སྐྲ་དཀར་འབྱུང༌། །ཇི་སྐད་དུ། མྱ་ངན་ཁྲོ་དང་ཉལ་ལས་བྱུང་། །ལུས་ཀྱི་དྲོད་ནི་མགོར་ཞུགས་པས། །ནད་དེས་སྐྲ་ནི་ཚོས་ནས་ནི། །དེ་ནས་སྐྲ་དཀར་སྐྱེ་བར་འགྱུར་ཞེས་གསུངས་སོ།།

སྤྱི་དོན་བཞི་བ་བཅོས་ཐབས་རླུང་ལས་གྱུར་པའི་མགོ་ནད་ལ། །ཞུན་མར་རྗེས་ལ་འོ་མ་དྲོན་མོ་བླུད། །ཤ་སྣ་མང་བརྡུངས་འུ་སུས་བྲན་བཙོས་བདུག །མར་སྣ་ཚོགས་དང་ཀ་ར་སྦྱར་ལ་བྱིན། །རླུང་འཇོམས་སྨན་ཡན་ལག་བརྒྱད་པར་རྩ་བ་བཅུ་ཞེས་དང་གསེར་མཆན་དུ་རྩ་བ་ལྔ་ཞེས་འབྱུང་བ་དང་ཞུན་མར་སྦྱར་བའམ། །རས་བལ་ས་བོན་ཤིང་ཚ་ཛཱ་ཏི་དང༌། །གླ་སྒང་ཆུ་དྲོན་ལ་བཏབ་སྣ་སྨན་བཏང༌། །རྒྱ་སྲུབས་རྣམས་སུ་ཕྱིང་པ་སྣུམ་ལྡན་ཧོར་གྱི་མེ་བཙའ་བྱ། །སྡུད་སྒོ་ལྟག་པའི་བསྡུད་སྒོ་དང་སྤྱི་གཙུག་དང་མཚོགས་མའོ་འདུས་སོ་གསུམ་དང་འཕར་རྩ་གང་ལངས་བསྲེག །མཁྲིས་གྱུར་མར་གསར་སྣུམ་འཆོས་རྗེས་ལ་གཏར། །བསིལ་བའི་སྐྱུག་འཁྲུས་བཤལ་སྐྱུགས་ཀྱི་སྨན་ལ་ཏིག་ཏ་གསེར་མེ་སོགས་སྦྱར་བས་སྦྱང་ཞིང་ཆུ་ཡིས་བྲན། །ཙན་དན་ཨུཏྤལ་རྒྱ་སྤོས་རུ་རྟ་བྱུག །ཀ་ར་གུར་ཀུམ་མར་གསར་སྣ་སྨན་བཏང༌། །ཁྲག་གྱུར་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཐང་བཏང་ལ། །གཏར་དང་ཞལ་ཞལ་བྱ་ཞིང་ཆུ་ལྕག་བརྡེག །བད་གྱུར་མར་རྙིང་སྣུམ་རྗེས་སྐྱུག་ཏུ་གཞུག །ཚ་བ་སྒ་པོ་ཕོ་དབྱི་ཙི་ལྔ་དང་སྤྱང་ཚེར་བ་ཡིས་བདུག །ཙི་ཏྲ་ཀ་དང་སྒ་སྐྱ་སྲན་ཕྱེ་བྱུག །སྨྱུང་བྱས་ལ་ཕུག་སྦྲང་རྩིའི་སྣ་སྨན་བཏང༌། །བད་མཁྲིས་མགོ་ནད་ཆུ་ལྕག་མཚོགས་གསང་དབྱེ། །ལོ་གྲངས་དུ་འགྲོ་བའི་གྲང་ཀྱིས་ཆུས་སྙིམ་པ་བྲན་བུལ་ཏོག་བཏབ་ལ་མཉེ། །སྐམས་ནས་ཞུན་མར་བྱུག་ཅིང་སེ་འབྲུ་གསེར་མཆན་དུ་སེ་འབྲུ་བརྒྱད་པ་སྦྱར། །བད་རླུང་མགོ་ནད་གཉིས་ཀ་ལྡན་པར་བཅོས། །རླུང་མཁྲིས་གཉིས་ལ་མགོ་རླུང་གི་ནད་རླུང་གྱུར་ལྟ་བུར་གསོ། །དེ་རྗེས་ཁྱད་པར་གཏར་ག་མང་དུ་གདབ། །སྲིན་ལ་མི་ཕྱུགས་གང་རུང་ནད་མེད་ཀྱི་གཏར་ཁྲག་དྲོན་མོ་སྣར་བླུག་དེས་ར་རོ་བ་ལྟར་འགྱུར་ལ་དེ་ཤུལ་། །ཉ་རུས་ཤིང་ཀུན་བྱི་ཏང་ག་དང་གསུམ། །བ་ཆུ་སྦྱར་བའི་སྣ་སྨན་བཏང་སྲིན་ཕྱིེར་འབྱུང་བར་འགྱུར། །དེ་རྣམས་མར་དང་སྦྱར་བའི་དུ་བ་སྣ་རུ་བདུག །གླ་རྩི་བཙན་དུག་ཤིང་ཀུན་མ་རུ་རྩེ། །ལང་ཐང་ཙེ་དང་རྩད་བཙོད་ཕུར་མོ་རྣམས། །ཤ་ཚིལ་སྦྱར་ལ་བསྲེགས་པའི་དུ་བས་བདུག །མ་རླུང་རླུང་བཅོས་བྱས་རྗེས་འབྲས་ལྟར་གསོ། །རྨེན་འབྲས་ནད་ལ་དེ་ཡི་གསོ་བ་སྦྱར། །གློག་པ་ཅན་ལ་ལྕགས་ཀྱི་ཞལ་ཞལ་གདབ། །བ་གཅིན་ཁྱིམ་བྱའི་བྲུན་དང་འབའ་ཆ་བསྐུ། །ཡང་ན་རྟ་སྦངས་ཁུ་བ་ཚ་བཏབ་བྱུག །སྤྱི་ཐེར་ཀོ་ལེར་སྐྲ་འབྱི་མགོ་སྦྱངས་བྱས་ལ། །ཐུར་མས་བཙགས་ཏེ་ཕག་པའི་རྐང་མར་ཚིལ། །སོ་མ་ར་ཛ་སྐྱུ་རུ་ར་སྦྱར་བྱུག །སྤང་མ་ལྡོང་རོས་ནལ་ཤམ་ནག་མཚུར་བྱུག །ཡང་ན་སྤང་མ་རུ་རྟ་ཐལ་ཏྲེས་བ་སྦྲུ་ཏིལ། །ཨུཏྤལ་འོ་མ་སྦྲང་སྦྱར་ལྡེ་གུ་བྱུག །ཡང་ན་པད་མ་གེ་སར་སྐྱུ་རུ་ར། །ཤིང་མངར་ཏིལ་ནག་སྦྲང་དང་སྦྱར་ལ་བྱུག་སྦྱོང་བ་འདིས་ནི་སྐྲ་དཀར་ནག་པོར་འགྱུར། །རྩ་བ་ར་ལྕ་ཉེ་བ་གཟེ་ལྔ་དང་ཏིལ་མར་སྣ་སྨན་བླུག །སྐྲ་དཀར་ལུག་རུའི་ཕོ་ཡི་འོག་ཅན་རྭ་ཐལ་བ་ཡུངས་ཀར་བྱུག །ཤིང་མངར་སྟག་ཚེར་ཀཎྚ་ཀ་རི་ཙན་དན་དཀར་པོ་པི་པི་ལིང༌། །ཨུཏྤལ་སྐྱུ་རུའི་ཁུ་བ་མར་བསྐོལ་བའི། །སྣ་སྨན་དུ་བཏབ་མགོ་བསྐུས་ན་སྐྲ་དཀར་དང་ཀླད་ནད་སེལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མགོ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།