སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་བཞི་པ། འབྲུམ་བུའི་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་བཞི་པ། འབྲུམ་བུའི་རིམས་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །འབྲུམ་བུའི་རིམས་ནད་བཅོས་པའི་རིགས་པ་བསྟན་གྱིས་ཟུངས། །འདི་ལས་[ལ་]རྒྱུ་རྐྱེན་མཚན་ཉིད་དབྱེ་བ་དང་། །རྟགས་དང་བཅོས་ཐབས་ལྔ་ཡི་སྒོ་ནས་བསྟེན་[བསྟན]། །འབྲུམ་བུའི་རྒྱུ་ནི་རྒྱུ་རིམས་སྤྱི་དང་འདྲ། །ངོ་བོ་ཚ་བ་ཆུ་སེར་ནང་དུ་ལོག་པ་ཡིན། །རུས་པ་ལྷ་བ་རྐང་གི་གཏིང་ནས་སྐྱེ། །འཐོར་བའི་[ཐོར་བའམ་]འབྲུམ་བུ་འོང་བས་ཐོར་འབྲུམ་ཟེར། །གཉིས་པ་དབྱེ་ན་དཀར་པོ་ནག་པོ་གཉིས་ཡིན་ཏེ། །ནག་པོ་འདི་ལ་གསུམ་ནི་སྐྲངས་པས་[པ་]གླང་གཉན་[གཉའ་]དང༌། །ཁྲག་སྐམ་རྩེལ་ཏེ་ཤིག་དང་ཟངས་འཛེར་སྦུ་གུ་ཅན། །དཀར་པོའི་རིགས་སུ་ཤ་བར་[ར་]སྐྱ་བཤར་[ཤར་]དང༌། །རྨོག་མགོ་སྤྱི་ཟླུམ་སིབ་བུ་ཀོབ་ཙེའོ། །དེའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་ཚིགས་གཞི་ན་ལ་གྲང་ཤུམ་བྱེད། །ལུས་པོ་སྙོམས་[སྙོམ་]ལ་དང་ཁ་མི་བདེ་ཞིང༌། །ཁ་ཁ་ཟ་ཟ་[ཟི་]འོང་ལ་སྒྱིད་པ་སྐྱུར། །ཁྱེད་[ཁྱད་]པར་མགོ་བོ་ན་ལ་གློ་སྙིང་གདུང་[བརྡུང༌]། །ཤ་མདངས་མར་[དམར་]ལ་འཐུག་ཅིང་ལུས་ཀུན་རྩེ་[བརྩེ]། །རུས་རྐང་འཆག་སྙམས་[སྙམ་]བྱེད་ཅིང་འཁྲིས་[མཁྲིས་]པ་སྐྱུག །དང་མ་[པོ་]མ་སྨིན་སྔོན་དུ་རྟགས་དེ་འོང་། །བར་དུ་འབྲུམ་པ་ཐན་[ཐོན་]འདོད་བདེ་སྙམ་བྱེད། །གཉིས་པ་བྱེ་བྲག་རྟགས་ལ་དཀར་ནག་གཉིས། །ནག་པོའི་རིགས་ལ་སྐྲངས་པ་གླང་གཉའ་ནི། །ཕྱི་རུ་མི་ཐོན་ཟུག་ཆེ་ལུས་ཀུན་སྐྲངས། །ཐོར་བ་ལེབ་མོ་འདབ་འབྲེལ་མངས་[མང་]དུ་འོང་། །ཆུ་སེར་ནག་པོ་ཉེས་ཀུན་འདུས་ལས་དེ་ཕལ་ཆེ་[ཆེར་]འཆི། །ཁྲག་སྐམ་རྩེལ་ཏེ་ཤིག་ནི་དམར་ནག་འཐུག །རྣག་མེད་ནག་ཐིག་བྱུང་ན་འཆི་བ་ཡིན། །ཟངས་འཛེར་སྦུ་གུ་ཅན་ནི་དཀྱིལ་དུ་ཀྱང་[ཀྱོང་]། །དེ་གཉིས་ཁྲག་དང་མཁྲིས་པ་ལས་གྱུར་ཡིན། །ཁྱེད་[ཁྱད་]པར་མགོ་ན་རྩ་ཆུ་ཕྱི་ཡུལ་ཚ་བར་འོང་། །དཀར་པོ་རྨོག་མགོ་སྤྱི་ཟླུམ་ཆེ་ལ་འཆོལ་བར་འོང་། །ཤ་ར་སྐྱ་བཤར་[ཤར་]དཀར་ལ་འཐུག་པ་སྟེ། །སིབ་བུ་ཀོབ་ལེབ་[ཙེ་]ཙམ་[ཙེམ་]ཙེམ་འཐུག་ཀོབ་འོང་། །དཀར་པོ་གསུམ་པོ་བད་རླུང་ཚ་བ་[ཆམ་པ་]འདྲ། །ཚད་པའི་རྟགས་ཆུང་མ་ལོག་བཅོས་མི་དགོས། །གསུམ་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །དང་པོ་མ་སྨིན་དུས་སུ་སྤུ་སྒོ་དབྱེ། །བར་དུ་ནད་རྒྱས་ཚ་བ་ཁོང་ནས་འཕྲུལ་[འཕུལ]། །ཁ་[ཁོང་]ཤོར་ཕྱིར་འདྲེན་ཐ་མ་འབྲུམ་རྗེས་བཅད། །དང་པོ་སྒོ་དབྱེ་སླེ་ཁྲེས་[ཏྲེས་]འབྲས་བུ་གསུམ། །ཏིག་ཏ་བ་ཤ་(ཀ་)དང་ལི་ག་དུར། །བསྡུས་ཐང་དྲོན་མོ་ཕུལ་གང་ཉིན་ཕྱེད་བཏང༌། །སྨན་ཞུ་རྔུལ་འདོན་བལ་དང་ཕྱེ་ཡིས་ཕྱི། །སྤུ་སྒོ་འབྱེད་པས་འབྲུམ་པ་ཕྱིར་སྐྱེ་མུར་[མྱུར]། །ནད་སྟོབས་ཆེ་ཆུང་སྦྱར་ནས་ཐེབས་[ཐེངས་]འགའ་བཏང་། །འདི་དུས་དཔྱད་མཆོག་རྔུལ་ལས་ལྷག་པ་མེད། །ཆག་ཕྱེ་[ཚེ་]ཕྱེ་མ་[ཐུག་]འོ་ཐུག་[མ་]བཏབ་པ་དང༌། །ཤ་མར་བུ་རམ་ཤོར་ན་དོན་(ལ་)འབབས། །གལ་ཏེ་ཤོར་ན་སྲན་ཁུ་སྲན་ཚོད་བཏང་། །དེ་རྗེས་འབྲུམ་བུའི་རྩེ་མོ་ཉུག་བྱུང་བ། །ཚ་བ་འཕུལ་ལ་ཐང་དང་ཕྱེ་མ་གཉིས། །ཐང་ལ་ལུག་ཆུང་སྒང་ཐོག་ལུག་ཤའི་[ཤོའི་]ཐང་། །ཡར་[གཡེར་]ཤིང་ཐང་གིས་འབྲུམ་པ་ཕྱེ་[ཕྱིར་]ལ་འབུལ་[འཕུལ]། །ཕྱེ་མས་ཚ་བ་ཕུལ་ལ་རྡོ་རྩི་གཉིས། །རྩི་སྦྱོར་ཙན་དན་གྷི་ཝང་ཨ་རུ་ར། །ཛཱ་ཏི་ཅུ་གང་གུར་གུམ་གླ་རྩི་དང༌། །བསེ་རུ་ཀ་ར་སྦྱར་ལ་གངས་ཆུས་དབུལ། །རྡོ་སྦྱོར་དཀར་པོ་གཉིས་དང་གཅིག་ཐུས་[ཆིག་ཐུབ་]གཉིས། །མཚལ་དང་གླ་རྩི་ཚ་ལ་ཀར་སྦྱར་ཐང་གིས་དབུལ། །ཐུན་གྲངས་ཐུན་ཚད་ཚ་སྟོབས་སྦྱར་བ་སྟེ། །དུས་དྲུག་ཏུན་འོག་རེ་རེ་བསྡུས་ནས་བཏང། །རྩིའི་[རྩི་ཡིས་]དོན་བབས་ཚ་བ་སེལ་བར་བྱེད། །རྡོའི་[རྡོ་ཡིས་]ཆུ་སེར་སྐེམས་ཤིང་ཕྱིར་ལ་དབུལ། །ནད་སྟོབས་ཆེ་ན་རྡོ་རྩི་ལྟག་སྤྲད་མཆོགས་[མཆོག]། །འབྲུམ་བུ་མ་ཐོན་ལུས་སྐྲངས་གྲང་ཤུམ་བྱེད། །ནད་འབྲས་ཤིང་མངར་འོ་མ་བསྐོར་བ་བྱུགས། །འབྲུམ་པ་སྐྱེ་འགྲོ་[འཕྲོ་]ནང་དུ་ལོག་པའམ། །འབྲུམ་རྫོགས་སླར་ལོག་ཁོང་ནས་ཕྱིར་དབྱུང་བ། །འཛིམ་དཀར་ནས་ཙམ་ཀར་སྦྱར་ཁོང་དུ་བཏང༌། །རྔུལ་དབྱུང་དེ་རྗེས་རྡོ་རྩི་གང་རུང་པ་[ལ]། །རྔུལ་[དངུལ་]ཆུ་བཞི་ནམ་བསྣན་ལ་ལྟགས་[ལྟག་]པ་སྤྲད། །སྔ་དྲོ་དགོངས་མོ་གྲོ་ཡི་ཆང་གིས་ཕུལ། །གོས་འཐུག་པོ་དང་རྔུལ་འདྲེན་དཔྱད་ལ་འབད། །ཐུན་བསྐྱེད་དྲུག་ཡང་[ཡར་]བཏང་བས་ཕྱིར་འཕུལ་བྱེད། །འབྲུམ་པ་རྫོགས་ནས་ཤི་བ་ཕལ་ཆེ་[ཆེར་]མེད། །ཐ་མར་འབྲུམ་པ་རྫོགས་ནས་རྗེས་གཅོད་པ། །འབྲུམ་པའི་ཤུ་བ་རྣག་ཤ་རླན་ཆེ་ན། །ཤ་རུ་ཕུར་ཡོག་དྲེས་མའི་ཐལ་བ་དང༌། །ལྕི་བ་སེར་ཀའི་ཐལ་བ་བཏབ་པས་སྐེམ། །མཐིལ་བཞི་ཐོན་ནས་སྔོན་མ་ཕལ་ཆེ་[ཆེར་]སྐམ། །གཉིད་ཆུང་གཡལ་མང་ལུས་འདར་ཤེས་པ་ཡང༌། །རྩ་ཆུའི་ཚ་བ་བྲི་ནས་ཁ་ཟས་གློད། །ཞུན་མར་གསར་འཇམ་ཤ་གསར་མར་གསར་སྦྱངས་[སྦྱང༌]། །དང་པོ་བྲིད་དེ་ཐ་མ་ལྷུག་པར་བཏང༌། །ཆང་མང་རྣག་སྟེ་འབྲུམ་ཤུལ་ཟ་བས་ན། །ཁ་ངོམ་[ངོམས་]ཙམ་ལས་ཡོག་འཐུང་སྤང་བར་བྱས་[བྱ]། །འདི་མན་ཁ་ཟས་བཟང་ན་ཟུངས་སྐྱེ་འགྱུར། །གདོང་པའི་ཤུ་བ་འགོག་[བཀོག་]ནས་དྲི་ཆུས་བཀྲུ། །ར་ཕག་ཚིལ་དང་ཚེར་སྔོན་སྦྱར་བ་བྱུག །གཉིས་པ་བྱེ་བྲག་བཅོས་ཐབས་རིགས་དང་བབས་སྦྱར། །རིག་[རིགས་]བཅོས་སྐྲངས་པ་གླང་གཉའི་འབྲུམ་པ་ལ། །བསེ་ཀོ་གླང་གཉའི་ཀོ་བ་སེར་ཙམ་བསྲེག །སྲན་ཕྱེ་བསྲེས་ལ་སྤྱི་སྨན་ལྟག་སྤྲད་བཏང་། །སྐྲངས་པ་ཆེ་ན་གང་ཉེའི་རྩ་ལ་གཏར། །དུར་བྱིད་ཧུང་[ཧོང་]ལེན་སྤོས་དཀར་དུག་པུས་པའི། །རིལ་ལུ་[བུ་]བ་ཆུས་འཕུལ་བའི་བཤལ་གྱིས་སྦྱངས་། །རྩེལ་རེ་[ཏེ་]ཤིག་དང་ཟངས་འཛེར་འདྲ་བ་ལ། །བཟང་དྲུག་གླ་རྩི་ཕག་རིལ་ཁུ་བ་སྒྲུངས། །ར་ཁྲག་སྦྱར་བའི་ལྕགས་མདའ་བཏང་བའམ། །ཏིག་ཏ་དུག་ཉུང་ཧུང་[ཧོང་]ལེན་བ་ཤ་ཀ །གོང་གི་རྩི་སྦྱོར་ཐོག་ཏུ་བསྣན་ལ་བཞིན་[བཏང༌]། །ཤིན་ཏུ་ཚ་བ་ཆེ་ན་ག་པུར་སྣན་[བསྣན]། །དཀར་པོ་སྐྱུ་རུ་སེལ་[སེ་]འབྲུ་རྡོ་སྦྱོར་སྨན་[བསྣན]། །དང་པོ་ཆང་འཕུལ་དེ་ནས་ཆུ་བསྐོལ་དབུལ། །ལུས་སྐྲངས་སྨན་གྱིས་མ་ཐོན་བདུན་ན་འཆི། །འབྲུམ་བུ་དམར་ཐིགས་[ཐིག་]བྱུང་ན་བརྒྱད་ལ་འཆི། །ནག་ལེབ་སྣག་[རྣག་]ཏུ་མ་ཁུག་རྒུན་[དགུ་]ན་འཆི། །སྐྱ་བཤར་[ཤར་]ཟས་བསྡམས་དྲགས་ན་འཆི་བ་ཡིན། །འབྲུམ་རྫོགས་སླར་ལོག་ལས་ཀྱིས་འཆི་བ་ཡིན། །གཉིས་པ་བབས་པ་[ས་]གནས་དང་སྦྱར་ནས་བཅོས་པ་ནི། །སྙིང་ལ་བབས་ན་སྨྱོ་འདར་བསྔངས་ཆུ་[ཆུང་]འོང་། །རྩི་སྦྱོར་སྤྱི་ཏིང་[སྟེང་]ག་བུར་བསྣན་པ་བཏང་། །མ་ཐུབ་སྨྱོ་ཞིང་འཚིགས་[འཚིག་]ན་འཆི་བ་ཡིན། །གློ་འབབ་[གློར་བབས་]གློ་མང་གཟེར་ཞིང་རྣག་ཏུ་འོང་། །སྲོ་ལོ་ཤིང་མངར་ཅི་[རྩི་]སྦྱོར་སྨན་དུ་བཏང་། །མ་ཐུབ་མེད་[མིད་]པ་འགགས་ན་འཆི་བ་ཡིན། །མཆིན་པས་[པར་]བབས་ན་མིག་དམར་མཆིན་སྟེང་གཟེར། །དོམ་མཁྲིས་བྲག་ཞུན་ཁ་ཆེ་གུར་ཀུམ་བསྣན། །འཐིབས་ཀྱིན་ཁྲག་ཏུ་འཁྲུ་སྐྱུག་འཆི་བ་ཡིན། །རྒྱུ་མར་བབས་ན་མཁྲིས་པ་འཁྲུ་སྐྱུག་བྱེད། །བཙོད་དང་དུག་ཉུང་སྙ་ལོ་བསྣན་ནས་བཏང༌། །ཁྲག་ཏུ་འཁྲུ་ན་སྣོད་རྡོལ་འཆི་བ་ཡིན། །དེ་དག་ཀུན་གྱི་འདྲེད་ལ་རྔུལ་[དངུལ་]ཆུ་བཟང་། །མིག་ཏུ་བྱུང་ན་ག་བུར་གླ་རྩི་བྱུག །ཡང་ན་འོལ་མ་[མོ་]སེ་དང་ནུ་ཞོ་བྱུག །དོམ་མཁྲིས་སྐྱེར་ཁན་[ཁཎ་]ཏི་ཚ་རག་དུད་[དུང་]དང་། །ནུ་ཞོ་སྦྱར་བྱུག་འཇམ་འཇིལ་[ལྗན་ལྗིན་]སྒྲོ་ཡིས་བྱབ། །ག་ཕུར་[པུར་]གུར་གུམ་ཆང་བཀྲུ་[བཀྲུས་]གྲོ་[གྲོད་]ཆུས་བདུག །གྲེ་བར་བབས་ན་ཕྱེ་ཐུན་[ཚོད་]ཚན་མོས་བདུག །ཤུ་དག་རུ་རྟ་རྒྱ་ཚའི་ཕྱེ་མ་བཏབ། །ཚར་བོང་ཐང་བཏང་རྟ་སྦངས་ཁུ་བ་བཏང་[བཏུང༌]། །མ་ཐུབ་སྐྱུང་གིས་བཞར་རྗེས་སྨན་ཕྱེ་བཏབ། །ལྒང་པར་བབས་ནས་རྒྱ་ཚ་རུ་རྟ་དང༌། །ཉི་དགའ་གླ་བའི་བསྡུས་ཐང་བཏང་བར་བྱ། །རྒྱ་ཚ་གླ་རྩི་རུ་རྟ་ཆུ་དག་བཞི། །ཆུས་སྦྱར་གསང་བའི་ནང་དུ་སྦུ་གུས་བསྐྱལ། །དེ་ལྟར་བཅོས་པས་ཐོར་པའི་ནད་ལས་གྲོལ་བར་འགྱུར། །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་འབྲུམ་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:35 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།