སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

ལེའུ་ཉེར་བདུན་པ། ཆམ་རིམས་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཆམ་པའི་རིམས་ལ་རྒྱུ་རྐྱེན་དབྱེ་བ་དང༌། །དེ་ཡི་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་ལྔས་ལན་གསུངས་པ་ལས།།

སྤྱི་དོན་དང་པོ་ཆམ་པའི་རྒྱུ་ནི་རིམས་སྤྱི་འདྲ་བ་ལ། །སྤྱི་དོན་གཉིས་པ་ཁྱད་པར་མི་གཙང་ཟས་སྤྱོད་ཁ་ཟས་འདྲེས། །རྡུལ་འཚུབ་གྲིབ་ཕོག་རྐྱེན་ལས་འབྱུང་བ་ཡིན།།

སྤྱི་དོན་གསུམ་པ་དབྱེ་བ་གྲེ་ཆམ་གློ་ཆམ་རིམས་ཆམ་དང༌། །སྣ་ཆམ་དག་དང་རྣམ་པ་བཞི་ཡིན་ནོ།།

སྤྱི་དོན་བཞི་བ་དེ་རྟགས་དང་པོ་གྲེ་བ་རྐན་མཚུལ་ཚ། །བར་དུ་སྣ་ཆུ་འཛག་ཅིང་མཚུལ་པ་འགགས། །ཐ་མ་སྦྲིད་པ་མང་དུ་བསྟུད་ཅིང་འོང༌། །གཉིས་པ་གློ་ཆམ་དང་པོ་གྲེ་བ་ཚ་ཞིང་འཛེར། །བར་དུ་གློ་མང་མགོ་དང་བྲང་རྒྱབ་ན། །ཐ་མ་རྣག་ཏུ་ལུ་ཞིང་གློ་གཅོང་འགྱུར། །གསུམ་པ་རིམས་ཆམ་མགོ་དང་ཚིགས་གཞི་བྱིན་ཉྭ་ན། །རོ་སྟོད་མི་བདེ་བརླ་རྐེད་བརྡུངས་སྙམ་བྱེད། །ཁ་ཁ་དང་ག་མི་བདེ་གྲང་ཤུམ་བྱེད། །སྲོད་ལ་ཤ་ཚ་རྨི་ལམ་ཟ་ཟི་མང༌། །དེ་ལ་དྲག་ཤུལ་བཅུད་ཤོར་རྒྱས་གྱུར་ན། །ཆམ་པ་སྐྱུར་ཤོར་ཞེས་བྱ་ཤི་བ་མང༌། །བཞི་པ་སྣ་ཆམ་སྣ་ཚ་གཡའ་ལ་སྣ་ཆུ་མང༌།།

སྤྱི་དོན་ལྔ་པ་བཅོས་ཐབས་གྲེ་ཆམ་ཟས་སྤྱོད་གཟབ་པས་འཚོ། །གློ་ཆམ་ཨ་རུ་ར་ཡི་ཁམ་མུར་བྱ། །སྲོ་ལོ་ཤིང་མངར་སྤང་རྒྱན་གྲང་ཐང་བཏང༌དེས་མ་ཕན་ན་འོམ་བུ་ཨ་རུ་ལུག་མུར་བཙོད་གོ་སྙོད་རྣམས་བརྣན་པའི་གྲང་ཐང་བཏང་། །གྲེ་བ་ཚ་འཛེར་ལི་ཤི་དྲུག་པ་ཕྱི་རྒྱུད་ལྟར་སྦྱར། །མཇུག་ཏུ་ཆམ་རྒན་ལུད་པ་མ་ཆོད་ན། །ཕྱི་རྒྱུད་ལྟར་ག་བུར་ཉི་ཤུ་རྩ་ལྔས་ཚ་བའི་གཏིང་བཏོན་ལ། །བུར་དཀར་ཆང་གསར་འཇམ་དང་བ་ཞོ་བསིལ་བཅུད་གློ་རླུང་གསོ། །ཆམ་རིམས་ལ་སྨྱུང་བར་འདུག་ལ་ཆུ་སྐོལ་བཏུང་། །འབྲས་བུ་ཨ་བར་སྐྱུར་གསུམ་དང་སླེ་ཏྲེས་ཏིག་ཏ་དང་། །མ་ནུ་ཧོང་ལེན་ཐང་བཏང་སྐབས་སུ་རྔུལ་དུ་དབྱུང་། །ཚ་བ་སྨིན་གསོད་དུས་གཅིག་བྱེད་པ་ཡིན། །དྲི་བཟང་བཞི་ཡན་ལག་བརྒྱད་པར་། ཤིང་ཚ་སུག་སྨེལ་པ་ཊ་དང་། །གེ་སར་དང་བཅས་དྲི་བཟང་བཞི། །ཞེས་གསུངས་པང་དང་ནང་ནུབ་ཞོ་སྦྱར་ཆམ་པ་སེལ། །སེ་འབྲུ་སྐྱུ་རུ་ཞོ་སྦྱར་དེ་བཞིན་ནོ། །བ་ལུ་ད་ཏྲིག་སྟར་བུ་ཚ་བ་སྒ་པི་ཕོ་གསུམ། །ཟི་ར་དབྱི་མོང་ཙི་ཏྲ་ཀ་ཆ་གཉིས། །དྲི་བཟང་བཞི་ལ་ཆ་ཕྱེད་ཆ་གཅིག་ཟེར་བའང་འདུག་ཀ་ར་སྦྱར། །ལུད་པ་ཆམ་པ་རྒྱས་དང་དབུགས་མི་བདེ། །འཇོམས་པར་བྱེད་ཅིང་སྐད་སྙན་ཡི་ག་འབྱེད། །སྣ་ཆམ་ཡོས་ཀྱི་རླངས་པས་བདུགས་ན་ཕན། །ཆུ་འཕྲུལ་ཆབ་ཚ་ཆུ་བསིལ་དུ་རྩམ་པ་རན་པར་བཏབ་དཀྲུགས་ཆུ་འཕྲུལ་བ་དེ་བསྐོལ་བ་ཆབ་ཚ་དེ་གར་པོ་ཡོད་པར་ཕྱེ་ཚོད་ཟོ་དང་ཕྱེ་ཚོད་དང་ཞོ་དར་བསྟེན། །དྲག་ཤུལ་དང་ཉིན་གཉིད་དྲོད་བཅུད་སྤང་བར་བྱ། །འགྲམས་ནས་ཚ་བ་རིམས་སམ་འཁྲུགས་སུ་ཤོར་བ་ན། །བརྩོན་པས་འགྲམས་འཁྲུགས་རིམ་སོགས་རང་རང་གི་གཞུང་དུ་བཤད་པ་བཞིན་བཅོས་པར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཆམ་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །དེ་ལྟར་ལེའུ་བཅུ་དྲུག་ནི་ཚ་བ་གསོ་བའི་སྐབས་ཏེ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།