སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་བདུན་པ། གཉེན་པོ་ཚིག་རྒྱུག་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་བདུན་པ། གཉེན་པོ་ཚིག་རྒྱུག་བསྟན་པ།

དེ་ནས་ཡང་གསོའ་(གསོ་བ་)རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། སྟོན་པ་ལ་གསེར་དང་རིན་ཆེན་མེ་ཏོག་དང་། བདུད་རྩི་དམུ་ཡད་སྣ་ཚོག་(ཚོགས་)ཕུལ་ནས་ཞུས་པས། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བའི་སྨན་འབུམ་དཀར་པོ་ལས།། གསུམ་པ་མདོར་བསྡུས་རྗེས་སུ་གསུངས་པའི་དོན།། བདག་ཆག་(ཅག་)འཁོར་རྣམས་ཀུན་(ལ་)བཤད་དུ་གསོལ།། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ། དཔྱད་བུ་ཁྲི་ཤེས་ལ་སོགས་གསོའ་(གསོ་)བ་རིག་པ་འཛིན་པ་ཀུན།། གསུམ་པ་མདོར་བསྡུས་རྗེས་ཀྱི་དོན་ལ་གསུམ་ཡིན་ཏེ།། ནད་ལ་གཉེན་པོ་གཅིག་བཏུག་(གཏིག་)ཐུག་འཕྲད་དང་།། མགོ་(འགོ་)ནད་བསྲུང་བ་ནད་ཀྱི་འགོག་པ་དང་།། ལག་ལེན་སྤྱི་ཡི་བསྡུས་པ་གསུམ་ཡིན་ཏེ།། དང་པོ་ནད་མེ་(ལ་)ཅིག་(གཅིག་)བཏུག་(གཏིག་)ཐུག་འཕྲད་སྨན།། དང་པོ་རོ་ནུས་ཞུ་རྗེས་སྦྱར་བར་མི་དགོས་པར།། སྨན་རེས་ནད་རེ་སེལ་བའི་བདུད་རྩི་དང་།། སྦྱོར་སྨན་ནང་གི་རྩི་རུ་ཆེ་བ་གཉིས།། སྤྱིར་ན་ནད་རིགས་ཀུན་ལ་འགྲོ་བའི་བདུད་རྩི་ནི།། གསེར་མདོག་ཨ་རུ་ར་ནི་བདུད་རྩི་ཡིན།། ན་ལེ་ཤམས་(ཤམ་)དང་སྦྲང་རྩི་བད་ཀན་རྩི།། ཏིག་ཏ་གསེར་གྱི་མེ་ཏོག་མཁྲིས་པའི་རྩི།། རུས་ཐང་བུ་རམ་སྒོག་པ་རླུང་གི་རྩི།། བ་ཤ་ཀ་དང་ཧོང་ལེན་ཁྲག་གི་རྩི།། རུས་ཐང་བུ་རམ་སྒོག་པ་རླུང་གི་རྩི།། བ་ཤ་ཀ་དང་ཧོང་ལེན་ཁྲག་གི་རྩི།། ཅོང་ཞིའི་སྦྱར་བ་བད་ཀན་སྨུག་པོའི་རྩི།། ཁ་རུ་ཚ་ནི་ཟས་རིགས་མ་ཞུའི་རྩི།། པར་པ་ཏ་དང་བླ་(གླ་)སྒང་རིམས་ཀྱི་རྩི།། ཤ་དང་འོ་མ་གཅོན་(གཅོང་)ཆེན་ནད་ཀྱི་རྩི།། སྲད་དཀར་བ་ཆུ་འོར་གྱི་ནད་ལ་རྩི།། ད་ལི་(ལིས་)ལྕགས་ཕྱེ་སྐྱ་སྦབ་(རྦབ་)ནད་ལ་རྩི།། དར་ཡ་ཀན་ནི་དམུ་རྫིང་ནད་ལ་རྩི།། རྡོ་ཐལ་བྲག་ཞུན་སྐྲན་གྱི་ནད་ལ་རྩི།། ཛ་(ཛཱ་)ཏི་པ་(ཕ་)ལ་སྙིང་གི་ནད་ལ་རྩི།། ཅུ་གང་དཀར་པོ་གློ་བའི་ནད་ལ་རྩི།། གུར་གུམ་བྲག་ཞུན་མཆིན་པའི་ནད་ལ་རྩི།། ཀ་ཀོ་དྲོད་སྨན་མཚེར་པའི་ནད་ལ་རྩི།། སུག་སྨེ་(སྨེལ་)གྲང་བ་མཁལ་མའི་ནད་ལ་རྩི།། སེལ་(སེ་)འབྲུ་ཕོ་རིལ་ཕོ་བའི་ནད་ལ་རྩི།། ཧུང་(ཧོང་)ལེན་ཙན་དན་དཀར་པོ་འཁྲུག་(འཁྲུགས་)ནད་རྩི།། གྷི་ལྦང་(གི་ལྦང་)ཚད་པ་མ་ལུས་ཀུན་གྱི་རྩི།། ཨ་རུ་(ར་)དང་ཡུང་ལོ་དུག་ལ་རྩི།། བྱེའུ་ལ་ཕུད་(ཕུག་)ས་དུག་ནད་ལ་རྩི།། གུ་གུལ་གླ་རྩི་གཉེན་(གཉན་)རིག་(རིགས་)ཀུན་ལ་རྩི།། སྐྱེར་ཤུན་འབྲས་བུ་གསུམ་ནི་མིག་ནད་རྩི།། མངར་གྱི་མཁུར་བསྐང་(བཀང་)ཁ་ཡི་ནད་ལ་རྩི།། སྐྱུ་རུ་ར་དང་ཡུང་སྐྱེས་ཆུ་འཛག་རྩི།། རྒྱ་ཚ་སྡིག་སྲིན་གསེར་བྱེ་ཆུ་སྲིའི་རྩི།། རྒྱ་སྐག་སྲན་མིའི་(མེའི་)མེ་ཏོག་གློ་རུལ་རྩི།། ཕག་བསྲེགས་ཆུ་སྐོལ་བསྒྲང་(བགྲུངས་)བ་སྐོམ་ནད་རྩི།། ཨ་དྲོང་(ཀྲོང་)ཀན་དྷ་(ཀཎྜ་)ཀ་རི་གློ་མང་རྩི།། དུག་མོ་ཡུང་(ཉུང་)ནི་འཁྲུ་བའི་ནད་ལ་རྩི།། འབྲས་དང་ཡོས་ཐང་སྐྱུག་པའི་ནད་ལ་རྩི།། པུས་དཀར་(པུཥྐར་)མུ་(མཱུ་)ལ་རྩིབ་ལོག་(ལོགས་)ནད་ལ་རྩི།། དར་བ་ཀན་(རྒན་)ནི་གཞང་འབྲུམ་ནད་ལ་རྩི།། བྱི་ཏང་ཀ་ནི་སྲིན་གྱི་ནད་ལ་རྩི།། ཐང་ཕྲོམ་གླང་ཐབས་འབམ་པོ་འབྲས་ལ་རྩི།། སླེ་ཁྲེ་(ཏྲེས་)དྲེག་པ་བོང་ཁྲག་གྲུམ་བུའི་རྩི།། སེང་ལྡེང་མཛེ་ལ་རྔུལ་(དངུལ་)ཆུ་ཆུ་སེར་རྩི།། ཆུ་འཕྲུ་(ཕྲུ་)བརྒྱལ་ནད་རྩི་ལ་བསྙོ་(སྨྱོ་)ལ་མར་སྙིང་(རྙིང་)རྩི།། ལྐོག་ནད་ཉ་ཡི་ཁུ་བ་གཉིས་(གཉིད་)མེད་འོ་མའ་(མ་)རྩི།། སི་ངྷུ་(སི་ནྷུ་)ར་ནི་མེས་ཚིག་རྨ་ལ་རྩི།། རྡོ་བ་སྦལ་རྒྱབ་རུས་པ་ཆག་པའི་རྩི།། མཚལ་བསྲེག་ཐལ་བ་ཤ་རོ་གཅོད་པའི་རྩི།། སྤྲུ་འབྲུ་ཁྲག་མ་ཆོད་པའི་རྩི།། དོམ་མཁྲིས་རྨ་གསར་ཀུན་གྱི་རྩི།། གཉིས་པ་སྦྱོར་སྨན་མཆོག་ལ་ཇུ་(ཅུ་)གང་རྩི།། ག་ཕུར་(པུར་)རྒྱལ་བློན་རྒྱས་ཚད་ནད་ལ་རྩི།། ཇུ་(ཅུ་)གང་བདེ་བྱེད་ཚ་གྲང་འདྲེས་ནས་(ན་)རྩི།། ག་ཕུར་(པུར་)བདུན་པ་འཁྲུག་(འཁྲུགས་)ཚད་ནད་ལ་རྩི།། ཉི་ཤུ་རྩ་ལྔ་སྙིང་(རྙིངས་)ཚད་ནད་ལ་རྩི།། དྷེ་(དེ་)བ་ལྔ་སྦྱོར་རིམས་ཀྱི་ནད་ལ་རྩི།། གཙོ་བོ་བརྒྱད་པ་ཚད་པ་ཀུན་ལ་རྩི།། མ་ནི་བཞི་ཐང་ལྡན་ཚད་འབྱེད་ནས་(ལ་)རྩི།། འབྲས་བུ་གསུམ་(སུམ་)ཐང་ཁྲག་ངན་འབྱེད་ནས་(ལ་)རྩི།། མང་སྦྱོར་ཆེན་མོ་དུག་གི་ནད་ལ་རྩི།། སེལ་(སེ་)འབྲུ་བཞི་པ་དང་ག་འབྱེད་པའི་རྩི།། རྒོད་མ་ཁ་ཕྱེ་མེ་དྲོད་བསྐྱེད་པའི་རྩི།། སེལ་(སེ་)འབྲུ་བརྒྱད་པ་གྲང་ནད་ཀུན་ལ་རྩི།། འཕྲུལ་གྱི་ཐལ་སྨན་སྲིན་ནད་ཀུན་ལ་རྩི།། གཉེན་པོ་བདུན་སྦྱོར་སྨུག་པོ་ཀུན་ལ་རྩི།། བཙན་པོ་དུག་སྨན་མར་སྙིང་(རྙིང་)རླུང་ནད་ལ་རྩི།། ཚ་(ཚྭ་)སྦྱོར་ཆེན་མོ་ཆུ་འགག་ནད་ལ་རྩི།། གསལ་བྱེད་དགུ་པ་མིག་གི་ནད་ལ་རྩི།། བྱ་ཁྱུང་ལྔ་པ་གཉེན་(གཉན་)སྲིན་ནད་ལ་རྩི།། བཙག་(གཙག་)བུའི་གཏེར་(གཏར་)ཁ་ཁྲག་ནད་ཀུན་ལ་རྩི།། སྦྱོང་བཤལ་འཁྲུ་བ་མཁྲིས་པའི་ནད་ལ་རྩི།། ལུམ་(ལུམས་)དང་བསྲེག་པ་འབྲས་ཀྱི་ནད་ལ་རྩི།། བར་གསེར་ནད་ཕྱེ་ཟས་རྣམས་ཀུན་གྱི་རྩི།། སྐོམ་གྱི་ནང་ནས་ཤང་དཀར་རྩེ་མོ་རྩི།། དྲོ་གྲང་སྙོམས་པར་བཅག་པའི་སྤྱོད་ལམ་རྩི།། དེ་ལྟར་ནད་གཞི་དུག་དང་འདྲ་བ་ལ།། སྨན་གྱི་རྩི་བཏབ་བདུད་ཞི་རྩི་གསོང་(སྲུང་)ནས།། བདུད་རྩི་ཞེས་ཀྱང་དེ་ལ་བྱ་བའོ།།

སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་གཉེན་པོ་ཅིག་རྒྱུག་གང་རྩི་བསྟན་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།




མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།