སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་དྲུག་པ། རྒྱུད་བཞིའི་མཇུག་དོན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་ཉེར་དྲུག་པ།  རྒྱུད་བཞིའི་མཇུག་དོན་བསྟན་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རྒྱུད་བཞིའི་མཇུག་དོན་བསྡུ་ན་གང་དུ་འདུས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་ཞུས་པ་དང༌།

སྟོན་པས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །མདའ་གཤའ་ཕང་བ་བཀང་ཡང་གཏད་ས་མདེ་རྩེ་གང༌། །སོ་ནམ་དུས་བཞིར་བཙལ་ཡང་མདོ་དོན་ལྟོ་རྒྱབ་གཉིས། །རྣམ་གྲངས་དུ་མར་ཕྱེ་ཡང་འབྲས་བུ་གྲུབ་པར་བསྡུ། །དེ་བཞིན་རྒྱུད་དང་ཡན་ལག་གནས་སྐབས་མདོ། །དུ་མར་བརྗོད་ཀྱང་མདོ་དོན་རྣམ་པ་གཉིསཡིན་ཏེ །ནད་དང་ནད་མེད་བྱ་བ་ཧྲིལ་གྱིས་དྲིལ། ནད་མེད་དོན་དུ་རྒྱུན་སྤྱོད་དང་དུས་སྤྱོད་དང༌། །བཅུད་ལེན་དང་རོ་ཙ་དང་རྣམ་པ་བཞི་རུ་ཤེས་པར་གྱིས། །ཟས་དང་སྨན་གཉིས་ནད་ཡོད་མེད་གཉིས་ཐུན་མོང་སྤྱི་རུ་སྦྱོར། །ནད་པའི་བྱ་བ་ལ་གཞི་དང་བརྟག་པ་དང་གསོ་བ་གསུམ། །ནད་ལ་བཞི་བརྒྱ་རྩ་བཞིར་ཕྱེ་ན་ཡང །ཚ་གྲང་གཉིས་སུ་མ་འདུས་ནད་གཞན་མེད། །ངོས་བཟུང་ཞིང་བརྟག་པ་ལ་སྟོང་དང་ཉིས་བརྒྱ་ཡང༌། བསྡུད་ན་ཆུ་ལ་བལྟ་བ་དང་རྩ་ལ་རེག་པ་དང་ནད་པ་ལ་དྲི་བར་མ་འདུས་པའི་བརྟག་ཐབས་གཞན་མེད། །རེག་པ་རྩ་ལ་འཚོ་འཆི་དཔྱད་པས་རྟོགས། །བལྟ་བ་ཚ་གྲང་ཆུ་ལ་མཐོང་བས་གསལ། །སློང་རྐྱེན་གར་བབས་ན་ལུགས་ནད་པ་ལ་དྲིས་པས་ཤེས། །གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཀྱང༌། བསྡུ་ན་སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི་རུ་མ་འདུས་པ་གཞན་མེད། དེལང་ཞི་སྦྱོང་གཉིས་སུ་མ་འདུས་པའིསྨན་གཞན་མེད དེའི་ཡང་བསིལ་དྲོད་གཉིས་སུ་མ་འདུས་པའི་ཞི་བྱེད་མེད། །དྲག་འཇམ་གཉིས་སུ་མ་འདུས་པའི་སྦྱོངས་གཞན་མེད། །འཇམ་རྩུབ་གཉིས་སུ་མ་འདུས་པའི་དཔྱད་གཞན་མེད། །ཕན་གནོད་གཉིས་སུ་མ་འདུས་པའི་ཟས་གཞན་མེད། དྲག་དལ་གཉིས་སུ་མ་འདུས་པའི་སྤྱོད་ལམ་གཞན་མེད། །གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡང༌། བསྡུ་ན་ངོས་བཟུང་དང་གསོ་ཚུལ་དང་གསོ་ཐབས་གསུམ་དུ་འདུས། །ཀྱེ་དྲང་སྲོང་ཆེན་པོ་དེ་ལྟར་ཤེས་པར་གྱིསཤིག ནད་ངོས་ཐམས་ཅད་ལྕེ་ཆུ་ལ་བལྟ་བ་དང་རྩ་ལ་རེག་པ་དང་ནད་པའི་ངག་ལ་དྲི་བས་བཟུང༌ དེ་ཡང་ལྟ་རེག་དྲི་གསུམ་གྱི་ཐབས་ལས་རྟགས་དང་བཅོས་ཐབས་གོམས་པ་བཅོས་བསྐྱེད་དྲི་ཆུའི་ཀུ་ཡ་སྟེ་ལྟར་སྣང་ལྔ་ཕྲུགས་ཀྱི་སྒོ་ནས་ཚ་གྲང་གི་འཁྲུལ་སོ་བསལབར་བྱ བཅོས་ཚུལ་དགུ་ཡིས་སྒོ་ནས་ནད་དང་གཉེན་པོ་སྤྲོད། །ལག་ལེན་བཅོ་བརྒྱད་ཀྱི་སྒོ་ནས་ནད་ཀྱི་ངོ་བོ་གཞོམ། རྩ་རྒྱུད་ལེའུ་དྲུག་པས་མདོར་བསྟན་རྩ་བ་བཟུང༌། །བཤད་པའི་རྒྱུད་ཀྱིས་གསོ་རིག་སྤྱིའི་ཁོག་ཁྲོལ། །མན་ངག་རྒྱུད་ཀྱིས་དགོས་པ་གང་བྱུང་བའི་ནད་རྣམས་སོ་སོར་གསོ། །ཕྱི་མ་རྒྱུད་ཀྱིས་ལག་ལེན་ཐམས་ཅད་མདོ་དོན་དུ་དྲིལ། དེ་ལ་ཡང་ཞི་བྱེད་ཐམས་ཅད་ཕྱི་རྒྱད་ཀྱི་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ཏེ་སྡེ་ཚན་ལྔ་བཞིན་སྦྱོར། །སྦྱོང་བྱེད་ཐམས་ཅད་བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ་སྟེ་ཕྱི་རྒྱུད་ཀྱི་ལས་ལྔའི་ནང་བཞིན་སྦྱོངས།

དཔྱད་རྣམས་གང་བྱེད་རྒྱུད་ཕྱི་མའི་གཏར་བསྲེག་དུག་ལུམས་བྱུག་པ་སྟེ་དཔྱད་ལྔའི་ནང་བཞིན་སྦྱོར། དེ་སྐད་དུའང་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱིས་སྤྱི་ཁོག་ཕུག དེའི་སྟེང་དུ་རང་རང་ནད་ཀྱི་གསོ་ཐབས་རྣམས་སོ་སོར་མདེ་ཁར་ཐོགས། །དུག་དང་སྨུག་པོ་ཚ་བ་རྙིངས་པ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་ཕན་ཚུལ་ནང་འཕྲུལ། །མ་ཞུ་ལྷེན་དང་མེ་དྲོད་ཉམས་པ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་ནང་འཕྲུལ། །འོར་དང་སྐྱ་རྦབ་དམུ་རྫིངས་རྣམ་པ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་ནང་འཕྲུལ། །དེ་བཞིན་སྐྲན་དང་ཁོང་འབྲས་བཅོས་ཐབས་ནང་འཕྲུལ། །འབྲས་དང་སུར་ཡ་རྨ་རྒན་རྣམ་པ་གསུམ། གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་ནང་འཕྲུལ། །འཁྲུ་ནད་རྒྱུ་གཟེར་ཚད་པས་འཁྲུ་བ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་ནང་འཕྲུལ། །དྲེག་དང་གྲུམ་བུ་རྐང་བམ་རྟགས་བཅོས་ནང་འཕྲུལ། །རིམས་ལ་མ་སྨིན་སྟོངས་ཚད་གཅེས་པར་ཟུང །འགྲམས་དང་འཁྲུགས་ལ་ནི་རྒྱས་ཚད་བྱུང་ན་གཅེས་པར་ཟུངས་ །དུག་དང་སྨུག་པོ་ལ་རྙིངས་ཚད་བཅོས་བྱུང་ན་གཅེས་པར་ཟུང །བད་མཁྲིས་ནད་ལ་གབ་ཚད་བྱུང་ན་གཅེས་པར་ཟུང །ཚད་པ་ཀུན་ལ་ནི་རླུང་མཁྲིས་བད་ཀན་གསུམ་གྱི་ཞུ་འཁྱགས་གསུམ་པོ་གཙོ་བོར་ཟུང །ཕོ་མཆེར་མཁལ་ནད་ལ་བད་ཀན་གཙོ་བོར་ཟུང གློ་མཆིན་མཁྲིས་པ་ལ་ཚད་པ་གཙོ་བོར་ཟུང །སྙིང་སྲོག་ལོང་གི་ནད་ལ་རླུང་ཉིད་གཙོ་བོར་ཟུང །ཁོང་ནད་ཀུན་ལ་ཕོ་བ་གཙོ་བོར་ཟུང །ཚད་ནད་བསིལ་གྱིས་མ་ཐུབ་ན་དེའི་ལོག་གནོན་དྲོད། །གྲང་ནད་དྲོད་ཀྱིས་མ་ཐུབ་དེའི་ལོག་གནོན་བསིལ། དེ་ལྟར་ཚིག་འདི་རྣམས་དཔེ་ལ་མ་བཞག་པར་དོན་ལ་ལོང༌། །དོན་འདི་ཡང་ཡལ་བར་མ་བཏང་སེམས་ལ་ཆོངས། །མན་ངག་ཁ་ཁྱེར་མ་བྱེད་པར་དོན་དམ་ལ་ལག་ཏུ་ལོང༌། །སྨན་དཔྱད་རྣམས་ཤེས་ལོ་མ་བྱེད་པར་རྟོག་དཔྱོད་གཟོབས། །མི་སྲོག་ལ་ཚོད་ལེན་མ་བྱེད་པར་གཟོད་མ་ནས་གདེངས་དང་ལྡན་པར་སློབས། སྨན་དཔྱད་ཟས་དཔྱོད་འདི་གྱིས་ཤེས་ལག་འཛུད་མ་སྔ་བར་ནད་ཚ་གྲང་ཀྱི་སྐད་ཆ་ལ་བལྟ་རེག་དྲི་བས་དྲིས། ནད་རིགས་གང་ལའང་དཔྱད་སྙིང་མ་ཆེ་སྨན་པའི་ལག་དགྲས་འཕུང༌དོགས་ཡོད་པས །རི་ཐང་མཚམས་སུ་མགོ་མ་འཁོར་སྤྱང་སྟེ་ཁྲ་འདྲས་དགོསརླུང་མཁྲིས་བད་ཀན་གསུམ་གྱི་རི་ཐང་མཚམས་སུ་སོ་སོར་སྔོན་བསུ་ཐུག་ཕྲད་རྗེས་སྙེག་གསུམ་སོགས་འཁྲུལ་སོ་མང་བས་བསླབ་ཤེས་དང་ལྡན་པའི་སྤྱང་པོ་དགོས་པའི་དོན། །ནད་ཀྱི་ཟོ་ལེན་དུས་པར་པུར་ཙབ་རྩུབ་མེད་པར་གླན་ཏེ་ལུག་འདྲས་དགོསནད་ཀྱི་ཟོ་ལེན་དུས་ནད་དེ་ཅུང་ཟད་ཐུ་དྲག་གི་དབྱིབས་ལ་སེམས་ཆུང་པར་པུར་མི་བྱེད་པར་ནད་དེའི་ཟོ་ལེན་གདེངས་མ་ཁེལ་བར་དུ་ལྟར་སྣང་གི་དབྱིབས་ཇི་འདྲ་ནའང་སྨུག་པའི་དོན། །ནད་ཀྱི་གཉའ་གཅོག་དུས་ཅི་དྲག་གང་དྲག་དང་ཟབ་ཟབ་སྡར་ཏེ་ཝ་འདྲས་དགོསནད་སྟོབས་རྒྱས་པའི་སྐབས་སུ་ནད་དེའི་གཉའ་གཅོག་པའི་དུས་སྨན་དཔྱད་ཟས་སྤྱོད་གང་འཕྲོད་ཐབས་ཅི་དྲག་འཕྲོད་པར་མུ་མཐུད། མི་འཕྲོད་པ་སྤོང་བ་སིགས་ལ་ཨུ་ཚུགས་མིན་པར་སྡར་མཛངས་དང་ལྡན་པ་དགོས་པའི་དོན།  །དཔྱད་ལོག་བྱེད་དུས་ཐེ་ཚོམ་དང་ཉམས་ང་བག་ཚ་བ་མེད་པ་དཔའ་སྟེ་སྟག་འདྲས་དགོས། །ཞེས་གསུངས་སོ།

དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རོ་ནུས་ཞུ་རྗེས་སྦྱོར་བ་མི་དགོས་པའི། །གཅིག་གིས་ནད་སེལ་སྨན་མཆོག་ཡོད་དམ་མེད། །སྦྱར་བའི་སྨན་ལ་གང་གང་མཆོག་ཏུ་འགྱུར། །དེ་བཞིན་ཟས་སྤྱོད་ཀུན་གྱི་མཆོག་གང་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པས།

སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །ཁྱོད་ཀྱིས་ཞུས་པའི་དོན་ལ་ལན་མེད་ན། །ཉན་ཐོས་འགོག་པའི་གོལ་སར་ཤོར་ར་རེ། །དེ་ཕྱིར་དྲིས་ལན་བཤད་ཀྱིས་གུས་པས་ཉོན

ནད་རྣམས་ཀུན་ལ་ཨ་རུ་ར་ཉིད་མཆོག །རླུང་ལ་རུས་ཁུ་དང་བུར་རམ་དང་ཤ་རྙིང་དང་སྒོག་སྐྱ་མཆོག །མཁྲིས་པར་ཏིག་ཏའི་རིགས་རྣམས་དང་གསེར་གྱི་མེ་ཏོག་མཆོག །བད་ཀན་སྐྱ་བོ་ལ་ན་ལེ་ཤམ་དང་སྦྲང་རྩི་མཆོག །ཁྲག་ལ་བ་ཤ་ཀ་དང་ཧོང་ལེན་མཆོག །བད་ཀན་སྨུག་པོའི་ནད་ལ་ཅོང་ཞི་མཆོག །མ་ཞུ་བ་ལ་ཁ་རུ་ཚྭ་ཉིད་མཆོག །སྐྲན་གྱི་ནད་ལ་རྡོ་ཐལ་མརེ་བསྲེགས་པའི་ཁུ་བ་མཆོག །དམུ་རྫིངས་ནད་ལ་དར་ཡ་ཀན་ཉིད་མཆོག །སྐྱ་རྦབ་ནད་ལ་ད་ལིས་དང་ལྕགས་ཕྱེ་མཆོག །འོར་གྱི་ནད་ལ་སྲད་དཀར་དང་བ་ཆུ་མཆོག །གཅོང་ཆེན་ནད་ལ་ཤ་དང་ཆང་དང་འོ་མ་མཆོག །རིམས་ལ་པར་པ་ཏ་དང་གླ་སྒང་མཆོག །འཁྲུགས་ལ་ཙན་དན་དཀར་པོ་ཧོང་ལེན་མཆོག །ཚད་པ་ཀུན་ལ་གི་ཝཾ་མཆོག་ཏུ་བཤད། །དུག་ལ་ཨ་རུ་ར་དང་ཆར་པའི་ཉུང་མ་མཆོག །ཤ་ཡི་དུག་ལ་བྱེའུ་ལ་ཕུག་མཆོག །གཉན་ནད་ཀུན་ལ་གུ་གུལ་དང་གླ་རྩི་མཆོག །མིག་ལ་སྐྱེར་པའི་ཁཎྜ་དང་འབྲས་གསུམ་མཆོག །ཁ་ཡི་ནད་ལ་མངར་གསུམ་གྱི་མཁུར་བཀང་མཆོག །སྙིང་གི་ནད་ལ་ཛཱ་ཏི་ཕ་ལ་མཆོག །གློ་བའི་ནད་ལ་ཤིང་གི་ཅུ་གང་མཆོག་ཏུ་བཤད། །མཆིན་པའི་ནད་ལ་ཁ་ཆེ་གུར་ཀུམ་དང་བྲག་ཞུནརིགས་རྣམས་མཆོག །མཆེར་ནད་ལ་ཀ་ཀོ་ལ་དང་དྲོད་སྨན་པི་པི་ལིང་སོགས་མཆོག །མཁལ་མའི་ནད་ལ་སུག་སྨེལ་དཀར་སྨུག་མཆོག་ཏུ་བཤད། །ཕོ་བའི་ནད་ལ་སེ་འབྲ་མཆོག་ཡིན་ནོ། །གཅིན་སྙི་བའི་ནད་ལ་སྐྱུ་རུ་ར་དང་ཡུང་བ་དང་སྐྱེར་པ་མཆོག །ཆུ་སྲི་བའི་ནད་ལ་རྒྱ་ཚྭ་དང་གསེར་གྱི་བྱེ་མ་མཆོག །སྐྱུག་པའི་ནད་ལ་འབྲས་ཡོས་མཆོག་ཡིན་ལ་འཁྲུ་བའི་ནད་ལ་དུག་ཉུང་མཆོག །གློ་བའི་ནད་ལ་ཨ་ཀྲོང་དང་ཎྜ་ཀ་རི་མཆོག གློ་རྡོལ་ནད་ལ་རྒྱ་སྐྱེགས་དང་སྲན་མའི་མེ་ཏོག་མཆོག །སྐོམ་པའི་ནད་ལ་སོ་ཕག་བསྲེགས་ཁུ་མཆོག །རྩིབ་ལོགས་གཟེར་ལ་པུཥྐར་མཱུ་ལ་མཆོག །གཞང་འབྲུམ་ནད་ལ་དར་བ་སྲིན་ལ་བྱི་ཏང་གམཆོག། །གླང་ཐབས་ལ་ཐང་ཕྲོམ་དཀར་པོ་མཆོག་ཁོང་འབྲས་ལ་འབམ་པོ་མཆོག །དྲེག་ལ་སླེ་ཏྲེས་མཆོག་གྲུམ་བུར་བོང་ཁྲག་མཆོག །ཆུ་སེར་ལ་དངུལ་ཆུ་མཆོག་མཛེ་ལ་སེང་ལྡེང་མཆོག །སྨྱོ་བ་ལ་མར་རྙིང་མཆོག་བརྒྱལ་ལ་ཆུ་ཕྲུ་མཆོག །གཉིད་མེད་ལ་འོ་མ་མཆོག་ལྐོག་ནད་ཉ་ཁུ་མཆོག །མེས་འཚིག་རྨ་ལ་སིནྔྷུ་ར་ཉིད་མཆོག །རུས་པ་ཆག་པ་ལ་སྦལ་རྒྱབ་མཆོག་རུལ་གཅོད་ལ་དངུལ་ཐལ་མཆོག །ཁྲག་གཅོད་ལ་སྤྲུ་འབྲུ་མཆོག་རྨ་ལ་དོམ་མཁྲིས་མཆོག

ད་ནི་སྦྱར་སྨན་རྒྱས་ཚད་ལ་རྒྱུད་ཕྱི་མའི་ག་བུར་རྒྱལ་བློན་གཉིས་པོ་མཆོག །རིམས་ཀྱི་ནད་ལ་ཕྱི་རྒྱུད་ཀྱི་དེ་བ་ལྔ་སྦྱོར་མཆོག །འཁྲུགས་ཀྱི་ནད་ལ་ཕྱི་རྒྱུད་ཀྱི་ག་བུར་བདུན་པ་མཆོག །རྙིངས་ཚད་ཀུན་ལ་རྒྱུད་ཕྱི་མའི་ག་བུར་ཉི་ཤུ་རྩ་ལྔ་མཆོག །ཚད་པ་ཀུན་ལ་རྒྱུད་ཕྱི་མའི་གཙོ་བོ་བརྒྱད་སྦྱོར་མཆོག །ཚ་གྲང་འདྲེས་ལ་རྒྱུད་ཕྱི་མའི་ཅུ་གང་བདེ་བྱེད་གསུམ་པོ་མཆོག །ལྡན་ཚད་འབྱེད་ལ་རྒྱུད་ཕྱི་མའི་མ་ནུ་བཞི་ཐང་མཆོག ཁྲག་ངན་འབྱེད་ལ་རྒྱུད་ཕྱི་མའི་འབྲས་བུ་གསུམ་ཐང་མཆོག །དུག་ནད་ཀུན་ལ་རྒྱུད་ཆེན་གྱི་སྔོའི་མང་སྦྱོར་ཆེན་མོ་མཆོག །དང་ག་འབྱེད་ལ་རྒྱུད་ཕྱི་མའི་སེ་འབྲུ་བཞི་པ་མཆོག །མེ་དྲོད་སྐྱེད་ལ་རྒྱུད་ཕྱི་མའི་རྒོད་མ་ཁ་ཕྱེ་མཆོག །གྲང་ནད་ཀུན་ལ་རྒྱུད་ཕྱི་མའི་སེ་འབྲུ་བརྒྱད་པ་མཆོག །སྐྲན་ནད་ཀུན་ལ་རྒྱུད་ཕྱི་མའི་ཅོང་ཞིའི་འཕྲུལ་གྱི་ཐལ་སྨན་གསུམ་པོ་མཆོག །སྨུག་པོའི་ནད་ལ་གཉེན་པོ་བདུན་སྦྱོར་མཆོགམན་ངག་རྒྱུད་རྩི་སྦྱོར་སྐབས་སེ་འབྲུ་ནས་པི་པི་ལིང་བར་བདུན་པོ་ལ་གོང་གི་ཨ་བྲག་ཅུ་གུར་བཞི་མ་བསྣན་པ་ཡིན་ནོ། །སྙིང་རླུང་ནད་ལ་མན་ངག་རྒྱུད་ཀྱི་བཙན་དུག་སྨན་མར་མཆོག །ཆུ་འགགས་ནད་ལ་རྒྱུད་ཆེན་གྱི་ཚ་སྦྱོར་ཆེན་མོ་མཆོག །མིག་གི་ནད་ལརྒྱུད་ཆེན་གྱི་གསལ་བྱེད་དགུ་པ་མཆོག །གཉན་སྲིན་ནད་ལ་རྒྱུད་ཕྱི་མའི་བྱ་ཁྱུང་ལྔ་པ་མཆོག

ཁྲག་གི་ནད་དཔྱད་མཆོག་ཀུན་ལ་གཏར་ག་མཆོག །མཁྲིས་པའི་ནད་ལ་ཁྲུས་དང་སྦྱང་བ་མཆོག །བད་ཀན་ནད་ལ་སྐྱུགས་དང་མེ་བཙའ་མཆོག །རླུང་གི་ནད་ལ་བསྐུ་མཉེ་དང་འཇམ་རྩི་མཆོག །འབྲས་ཀྱི་ནད་ལ་ལུམས་དང་མེ་བཙའ་མཆོག

ཟས་ཀྱི་མཆོག་ཏུ་ནས་ཧ་ཅང་རང་རྙིང་པ་མིན་པ་ལོ་ལོན་པའི་རྩམ་པ་མཆོག །སྐོམ་གྱི་མཆོག་ཏུ་ཤོང་དཀར་རྩེ་མོ་བཞོས་ཐོག་འོ་མ་དྲོན་མོའི་ཇ་སོ་ཉིང་ཁུའམ་ཆུང་འཇུག་ཏུ་གྲགས་པ་མཆོག །མི་རྔུལ་ཙམ་དུ་བཅག་པ་སྤྱོད་ལམ་མཆོག་ཡིན་ནོ། །དེ་ལྟར་ནད་གཞི་རྣམས་ཀྱི་སྨན་གྱི་མཆོག །བཤད་པས་མཐུ་སྟོབས་ནུས་པ་ཕུལ་དུ་ཕྱིན། །ཞེས་གསུངས་སོ།།

དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ད་ལྟ་དུས་བཟང་སྤྱོད་པ་བཙུན་གྱུར་ཀྱང༌། །ལྔ་བརྒྱའི་དུས་ན་ནད་ངན་དར་བའི་ཚེ། །དེ་དུས་བདག་གཞན་སྲུང་ཐབས་ཡོད་དམ་མེད། །མེད་ན་གཞན་གསོ་རང་ལ་མི་འབྱུང་ངམ། །ཡོད་ན་འགྲོ་བའི་མགོན་པོས་བཀའ་སྩལ་འཚལ། །ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །བདེན་ནོ་ཁྱོད་བདེན་ངས་བཤད་གུས་པས་ཉོན། །ལན་ཅིག་ལྔ་བརྒྱའི་ཐ་མར་བབ་དུས་ན། །འབྱུང་པོ་རྣམས་ཀྱིས་གློ་བུར་ཡེ་འདྲོག་གཏོང༌། །མ་མོ་མཁའ་འགྲོས་ནད་ངན་ཡམས་སུ་འབེབསཤིང་ གཞན་ཡང་མུ་སྟེགས་གདུག་པས་རིག་པ་གཏོང་བའི་རྫས་ཀྱི་སྦྱོར་བ་ཡང་བྱེད། །དེ་དུས་བདག་གཞན་སྲུང་བ་ཤིན་ཏུ་གཅེས། །དང་པོ་འབྱུང་པོའི་གདོན་ཚོགས་སྲུང་བ་ནི། །ག་བུར་དང་བཟང་པོ་ཅུ་གུར་ལི་ཛ་སུག་ཀ་དྲུག་ལ་སོགས་པ་ཡིསྨན་དང་ །གླ་རྩི་དང་ཤིང་ཀུན་དང་གུ་གུལ་ནག་པོ་དང་ཤུ་དག་ནག་པོ་སོགས། །དྲི་དང་ལྡན་པའི་སྨན་ནི་ཐམས་ཅད་དང།༌། བ་བླ་དང་ལྡོང་རོས་དང་མུ་ཟི་སེར་ནག་དང་བྱ་རྒོད་སྤོསལ་སོགས་པ མདོར་ན་ས་དང་རྡོ་དང་སྔོ་སྨན་གྱི་རིགས་དྲི་དུག་ཅན་ཐམས་ཅད་དང༌། །བསེ་དྲི་ཅན་དང་བཤུལ་ཆགས་ལ་སོགས་པའི་ཤ་རྣམས་དང༌། །བྱ་དང་གཅན་གཟན་དང་ར་དང་ལུག་ལ་སོགས་པ་སེམས་ཅན་གྱི། །སྤུ་དང་བྲུན་དང་ཆུ་དང་སེན་མོ་དང་མཁྲིས་པ་དང༌། །སྦལ་དང་སྦྲུལ་དང་ཉ་དང་ལྗོང་མོ་ལ་སོགས་པ་ཆུར་གནས་པ་ཐམས་ཅད་ཀྱི་དང་ གྲོ་ནས་སྲན་སོ་འབྲས་སོགས་འབྲ་སྣ་ཐམས་ཅད་དང་དུག་སྣ་ཐམས་ཅད་དང་ཁྲག་སྣ་ཀུན་བསགས་ལ། །ཞིབ་ཏུ་བཏགས་ལ་རིལ་བུ་དྲིལ་བྱས་ཏེ། །དུ་བས་བདུག་དང་ཁུ་བ་བསྐུ་བ་དང༌། །ཁོང་དུ་བཏང་བས་འབྱུང་པོ་ཐམས་ཅད་འབྱེར། །སྟེང་གདོན་འོག་གདོན་ཀུན་དང་རིམས་རྣམས་ཐུབ

ཁྱད་པར་རིམས་སྲུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་སྲུང་ཐབས་སྔགས་དང་རྫས་གཉིས་ཏེ། །དང་པོ་རང་ཉིད་མཐུ་སྟོབས་བདག་པོར་ཕྱག་ན་རྡོ་རྗེ་བསྐྱེད། །ཨོཾ་ཧྲི་དེ་བ་ལེ་ཁ་ཕུར། ཨ་ཏི་ཕུར། བི་ཕུར་སོད། བི་ཧུབ་སོད། མུར་ཡ་སོད། ཀུ་མ་ར་ཡ་སོད། ལ་ཙི་སོད། ནྔྷ་བནྔྷ་སོད། ཛྲ་པ་ནེ་པ་ནེ་སོད། ཧྲི་དེ་ཧྲི་དེ་སོད། ཏི་ཀ་ཛྙཱ་ན་སོད། མ་མ་དུ་རུ་སོད། པུ་ཙ་ཡོ་གི་ནི་སོད། བརྒྱ་རྩ་བརྒྱད་ཀྱིས་རྒྱུན་གྱི་ཡི་དམ་བྱ། །ཡུལ་ཕྱོགས་སུ་རིམས་ནད་ཡོད་ན་སུམ་བརྒྱ་བཟླ་བར་བྱ། །ནད་པ་གསོ་ན་ནང་དགོང་གུང་སུམ་ཡར་མ་ཆག་པར་བཟླའོ ཡང་ན་ཨོཾ་མུག་ཐུམ་སརྦ་མུག་ཐུམ། ཏེ་ཙ་མུག་ཐུམ་ཐེ་ཕུར་སོད། ནི་ཕུར་སོད། བྱ་རྐང་སོད། ནད་སོད། རིམས་སོད། དལ་སོད། ཡམས་སོད་སྭཱཧཱ། སུམ་ཡར་བརྒྱ་རྩ་མཆིལ་མ་སྲིན་ལག་ལ་བཏབ་པ་དག་གིས། །རྐང་མཐིལ་གྱི་དྲི་མ་སྣུར་ལ་དེ་སྣ་སྒོར་བྱུག

རྫས་སྲུང་ནི་བཙན་དུག་དང་ཆོས་སྨན་དང་གླ་རྩི་དང༌། །ཤུ་དག་ནག་པོ་དང་གུ་གུལ་ནག་པོ་མུ་ཟི་སེར་ནག་བྱ་རྒོད་སྤོསདང་ །སྒོག་སྐྱ་དང་མིའི་དྲི་ཆེན་དང་དྲི་ཆུ་ཡིས་རིལ་བུ་བྱ། །ནང་རེ་སུམ་ཡར་གོང་བཞིན་ཤེས་པར་བྱའོ །ཡང་ན་བཙན་དུག་དང་གླ་རྩི་དང་མུ་ཟི་སེར་ནག་དང་ཤུ་དག་ནག་པོ་དང༌། །གུ་གུལ་དཀར་ནག་གཉིས་དང་སྒོག་སྐྱ་ཡི། །ཁྲོལ་བུའི་ཐུམ་བུ་སྐེར་བཏགས་ཤིང་སྣ་སྒོར་བདུག །དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ན་ཡང༌། །རང་ལུས་རྡོ་རྗེ་ཕ་ལམ་དང་འདྲ་སྟེ་ཅིས་མི་ཚུགས། དེ་ཡང་ལྟོ་སྟོང་དང་སེམས་དཔའ་ཞུམ་པའི་དུས་སུ་ནད་ཀྱི་དྲི་རླངས་བསྲུང༌པ་གལ་ཆེ དེས་ན་རང་ཉིད་འགྲངས་པ་དང་ངོམས་པ་དང་སྲུང་བས་དཔའ་གདེང་སྐྱེད་པར་བྱས་པ་དེའི་དུས་སུ་ནད་པ་ལ་བལྟའོ།

བསྲུང་བ་དང་བསྟེན་པ་བྱེད་ལོང་མེད་པར་དུས་ཐུག་ན་རང་གི་དྲི་ཆེན་དང་དྲི་ཆུ་སྟེ་བདུད་རྩི་གཉིས་ཀྱིས་རང་གི་དབང་པོའི་སྒོ་ཚངས་བུག་མིག་གཉིས་སྣ་བུག་གཉིས་ཁ་རྣ་བ་གཉིས་འོག་སྒོ་གཉིས་སྟེ་དགུ་བསྡམ། །སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོསཔ་དེ་ཉིད །དམག་གདོང་དུ་གོ་ཆ་མེད་པར་གཅེར་བུར་རལ་ཁ་འཐབ་འཛོང་བྱེད་པ་དང་མཚུངསསོ།

ཡང་ཁྱད་པར་ཚ་རིམས་སྲུང་(བ་ནི་རང་ཡི་དམ་དུ་བསྒོམས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་བླ་མ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདག་ཅག་རིམས་ནད་ཐམས་ཅད་ལས་བསྲུང་དུ་གསོལ། བསྐྱབ་ཏུ་གསོལ། མེད་པར་མཛད་དུ་གསོལ། །རྨུགས་པ་སངས་པར་མཛད་དུ་གསོལ། ངྱ་ཐཱ། ཨོཾ་བཛྲ་བཛྲ་མཧཱ་བཛྲ སརྦ་བྱ་ཏི་ཏ་ཧ་ན་ཧ་ན་བཛྲ་ན་སྭཱ་ཧཱ། ཐུང་ཟིམ་བུ་ཐུང་ཟིམ་བུ་སོད། ལང་ལང་ལིང་ལིང་སོད། མེ་མེ་སོད། ལམ་ལམ་སོད། དབལ་སོད། ཚ་བ་མེ་ཡི་དབལ་སོད། བརྒྱ་རྩ་བརྒྱད་བཟླས་ལ་སྣར་གདབ། ག་བུར་བཟང་དྲུག་ཙན་དན་བསེ་རུ། ཨ་ག་རུ། ཨུཏྤལ་གླ་རྩི་ག་དུར་ཀ་ར་དྲི་ཆུའི་རིལ་བུ་ནང་མ་རེ་བཏང་ངོ༌། །ག་བུར་ཛཱ་ཏི་ཙན་དན་སྣར་བདུག་གོ)དང་འབྲུམ་པ་སྲུང༌། (བ་ནི་ཙན་དན་གླ་རྩི་ཤིང་ཀུན་ཤུ་དག་མུ་ཟི་དྲི་ཆུ་ཁོང་དུ་བཏང༌། ཙན་དན་གླ་རྩི་གུར་ཀུམ་མུ་ཟི་གུ་གུལ་སྒོག་སྐྱ་དྲི་ཆུ་ལུས་ལ་བྱུག གླ་རྩི་ཤིང་ཀུན་གུ་གུལ་རྡོ་དྲེག་སྐྱེར་པ་སྒོག་སྐྱའི་དུ་བས་བདུག །ཧེ་བྷ་ག་ཝན་མཉྫུ་ཤྲཱི་ཀུ་མཱ་ར་སརྦ་ཏ་ཐཱ་ག་ཏ་ཡ་སམྦུད་ཏད་ཏ་སརྦ་ཏ་ཐཱ་ག་ཏ་ན་གེ་ཏི། སརྦ་ས་ཏ་ནན་སྭཱཧཱ། ཨོཾ་ཏངྱ་ཐཱ། ཤམ་མེ་ཤམ་མེ་ཤམ་ཤམ་ནེ་ཡ་སྭཱ་ཧཱ། སྲན་མ་ལ་བཟླས་སྐེར་གདགས་ནང་རེ་བཟླས་སོ)

གག་ལྷོག་སྲུང་(བ་ནི་བྱ་ཁྱུང་དུ་བསྒོམས་ལ། ཨོཾ་ལྷང་ལྷང་ཙེར་ཙེར་ཀྲི་ཏ་ཀྲི་ཏ། ཤག་ཤག ཤེལ་ཤེལ། ཐུམ་ཐུམ། བེ་དུ་བེ་ད། ལྷོག་པའི་བུ་སྤུན་བདུན་དང༌། འབྲས་ཀྱི་བུ་སྤུན་གསུམ་དང༌། མཛེ་སོ་ཧ་མཛེ་སོ་ཧ། ད་ཧོ་ད་ཧོ་བྱ་ཀྲི་བྱ་ཀྲི། མུགས་རྒོད་པོ་ཆིག་བདུད་སྭཱཧཱ། ནང་རེ་བཟླས། ཕག་སྣ་དང་འཛིམ་པ་ཤུ་དག་གུ་གུལ་གླ་རྩི་མུ་ཟི་ཕུར་པ་གདགས་བྱ་ཁྱུང་རིལ་བུ་ཁོང་དུ་བཏང་ངོ་)། །དང་རྒྱུ་གཟེར་སྲུང་བ་(ནི་རང་ཤིའི་ཐོད་པ་ཆོས་སྨན་དྲི་ཆུར་སྦྱངས་ལ་བཏང༌། ག་བུར་བཙན་དུག་གླ་རྩི་ཛཱ་ཏི་སྒོག་སྐྱ་སྤང་སྤོས་ཡུངས་ཀར་ཤུ་དག་རྣམས་མགུལ་དུ་བཏགས། ངྱ་ཐཱ། ཙ་བ་མ་རུ་རུ་ཨཱ་ཤུག་མེ་ཨཱ་ཡུཛྙཱ་ན་བྲུམ་ནི་སམ་པུཥྚིཀུ་རུ་སིངྔྷཾ་བདག་ལ་སྲུངས་ཤིག ཅེས་ནང་རེ་ལ་བརྒྱ་རྩ་བཟླས་སོ།།)

ཆམ་པ་བསྲུང(བ་ནི། ཨོཾ་ཨ་ལོ་དཀར་པོ་ཤེ་ས་ཧཱུཾ་ཕ ཅེས་ཞོག་པ་ངག་མ་གྲོལ་གོང་སྟོང་བཟླས་ཤིང་སྣར་འབུད་དོ) དེ་ལྟར་མིན་པར་རང་གིས་སྲུང་བའི་དམ་ཚིག་རྣམས་མ་ཐུབ་པར། རང་ལ་རིམས་འགོས་པས་དྲང་སྲོང་གི་བཀའ་ལ་ཡིད་མི་ཆེསཔའབྱུང་བས དེ་འདྲ་བ་ལ་མ་བྱེད་པར་གཞུང་ནས་གསུངས་པ་བཞིན་དུ་ལོངས་སྤྱོད་པ་དང་དེས་བསླུས་ན་ནི་ང་རང་གིས་མ་ཤེསཔར་ཟད་དོ།

ད་ནི་རྫས་སྦྱོར་དུག་གི་སྲུང་ཐབས་ལ་རྣམ་པ་གསུམསྟེ །དུ་བ་སྣ་སྒོ་དང་རེག་པ་ཆུ་སྒོ་བསྲུང༌བ་དང་ །རླངས་པ་ཉི་ཟེར་བསྲུང་བ་གཉིས་ཀ་གཅེས། །ཟས་ལ་བསྐུར་བ་ཁོང་སྲུང་འདི་ཉིད་ལ། །ཆར་མའི་ཉུང་མ་ཁ་ཚོས་བྱས་པ་དང༌། །ཨ་རུ་གསེར་མདོག་དང་ཡུངས་དཀར་སུམ་པོ་ཆ་མཉམཔའི་ཕྱེ་མ །སྒོག་གཅིག་མའི་ཆུས་སྦྲུ་བའི་རིལ་བུས་ཞག་རེ་ཐུབ། དེ་ནི་ཆག་ཚང་བ་དང་འདྲ་སྟེ་ངོས་འཛིན་ཅིག་དུག་དེ་ཞུ་ལོང་མེད་པར་སྐྱུགགོ།།

ཟས་ལ་བསྐུར་བ་དེའི་ཁོང་སྲུང་ནི་འདི་ཉིད་ཡིན་པ་ལ། །ཆར་མའི་ཉུང་མ་ཁཎྜ་བྱས་པའམ། དེ་ཡང་འདྲེད་བྱེད་(མི་དང་ཤ་བའི་ཚིལ་)གཉིས་འཁྲེན་བྱེད་(ཡུངས་ཀར་རྡོག་པོ་སུམ་ཅུ་)དང་དུག་གི་བྱ་ར་བ་(གླ་རྩི་རིལ་མ་ཙམ) །དོན་སྣོད་སྒོ་སྲུང་(ལ་བཟང་དྲུག་དང་ཚ་བ་གསུམ་ཐུན་རེ་)མན་ངག་སྨན་གསུམ་(ནི་སྦལ་པའི་ཁོག་སྨད་གསེར་མདོག་བྲག་ཞུན་མཐེབ་ཙམ་རེ་)སྦྱར། རིལ་བུ་བཞི་འམ་ལྔ་རེ་ཚེས་གཅིག་གི་ནང་པར་ནས། གཡེར་མ་དང་ཉི་དགས་རྩ་ཁ་ཕྱེ་ལ་ཞག་དགུའི་རིང་རིལ་བུ་རེ་རེ་ཆ་བསྐྱེད དེ་ཡང་སྔ་དྲོའི་ཟས་ལ་བསྲུང་ལྟོ་འཇམ་ལ་དྲོད་བཅུད་ཅན་བསྟེན། །རྫོགས་ནས་ནང་མ་གསུམ་དུ་གུར་གུམ་དོམ་མཁྲིས་འབྲི་མར་གྱིས་རྩ་ཁ་བསྡམ། །དེ་ཡིས་ལོ་རེའི་བར་དུ་ཉམ་ང་མེད། ཡང་ན་སྨན་མཆོག་རྒྱལ་པོ་ཀུན་གྱི་གཉེན་པོ་(རྣམ་རྒྱལ་འཇིགས་མེད་གང་རྙེད་)དང༌། །བྱ་ར་བ་དང་འདྲེད་བྱེད་འཁྲེན་བྱེད་(གླ་རྩི་སྒོག་གཅིག་ཉུང་གཞི་ཅོང་ཞི་བདུད་རྩི་གསུམ་གྱི་མར་ཁུ། ཡུངས་ཀར་)དང༌། །དོན་སྣོད་ཤ་རུས་རྩ་ཡི་སྒོ་སྲུང་(བཟང་དྲུག་སེ་འབྲུ་པ་ཏོལ་དུག་ཉུང་པི་ལིང་སྡིག་སྲིན། བ་རུ་ཡུང་བ། སྤྱི་ཞུར། འབྲི་ཏ་ས་འཛིན་ཤིང་མངར་སྐྱུ་རུ་རེ་སྐོན་)དང༌། །རླུང་མཁྲིས་བད་ཀན་ཁྲག་དང་ཆུ་སེར་སྲིན་(རྣམས་ལ་སླེ་ཏྲེས། ཏིག་ཏ། མ་ནུ་ འུ་སུ། བ་ཤ་ཀ་ཚ་ལ། སོ་ར་སེང་ལྡེང༌། མ་རུ་ཙེ་དང་བྱི་ཏང་ག་སོགས) །འདུ་བ་འཁྲུགས་པའི་ཁ་གནོན་གཉེན་པོ་དང༌། དབྱིག་དུག་སྲུང་དང་འཇོམས་པའི་གཉེན་པོ་(གསེར་གཡུ་ཟངས་ལྕགས་མུ་ཏིག་བྱུ་རུ་དངུལ་བདུན་སྲན་ཙམ། ཚ་ལ་མུ་ཟི་བསེ་རུ་བྲག་ཞུན་བཞི་ཐུན་རེ་)དང༌། །རྡོ་དུག་སྲུང་དང་འཇོམས་པའི་གཉེན་པོ་(སྦལ་རྒྱབ་གངས་ཐིགས་མཚལ་ཅོང་ཞི་བཞི་པོ་ཐུན་གྱི་སུམ་ཆ་རེ། ཟེ་ཚྭ་རྒྱ་ཚྭ་ཚ་ལ་གསུམ་ཐུན་རེ་)དང༌། །རྩི་དུག་སྲུང་དང་འཇོམས་པའི་གཉེན་པོ་(དུག་སྣ་ཚོགས་ཚད་ནས་ཙམ་རེ། གླ་རྩི་ཆོས་སྨན་ཧ་བོ་བོང་ང་གསུམ་ཐུན་རེ་)དང༌། །སྔོ་དུག་སྲུང་དང་འཇོམས་པའི་གཉེན་པོ་(ཞོ་ཤ་གསུམ་ཐར་ནུ་དུར་བྱིད་ཐང་ཕྲོམ་འོལ་མོ་སེ་བ་མཁལ་གཟེ་མ་རྣམས་རིལ་མ་ཙམ་རེ། ཨུག་ཆོས་ལུག་མིག་སྤྲ་ཐོག་ཁུར་རྩ་ཨ་བི་ཥ་རེ་རལ་རྣམས་ཐུན་རེ་)དང༌། །ཤ་དུག་སྲུང་དང་འཇོམས་པའི་གཉེན་པོ་(བུ་མོ་ལོ་བཅོ་ལྔ་ལོན་པའི་མཆིན་པ། སྐྱེས་པ་གྲིར་ཤི་བའི་ཉྭ་ཤ ཁྱི་གུ་མིག་མ་བྱེ་བ་དང་རེའུ་རྒྱ་བོ་ཞོ་འཐུང་གི་ཤ ཕག་གློ་ཁྲའི་མཆིན་པ། བྱ་མཚའ་ལུ་དང་རྨ་བྱའི་ཤ་རྣམས་མ་རུལ་བ་རིལ་མ་ཙམ་རེ། མི་རྟ་ཁྱིའི་ཕྱ་ཚན་བྱེའུ་ལ་ཕུག་རྦ་བྱེའི་ཤ་མི་ར་ཉ་ཕག་དོམ་མཚའ་ལུ་རྣམས་ཀྱི་མཁྲིས་པ་རྣམས་ཐུན་རེ་)དང༌། །དུག་ནད་སྤྱི་འཇོམས་འཁོར་གྱི་དམག་མི་(ཁྱུང་སྡེར་དཀར་སྨུག་བོང་ང་དཀར་དམར་རྩད་རྒུ་ཐུབ་ཡུག་ཤིང་གང་ཆུང་སྤང་རྩི་སྤང་རྒྱན་སྤང་སྤོས་བྲག་སྤོས་འོམ་བུ་གོ་སྙོད་སྟག་ཤ་སེ་རྒོད་སྐྱེར་ཤུན་ཧ་བོ་རྣམས་ཐུན་རེ་)དང༌། །ཚ་བ་སྤྱི་བཅོས་སྨན་(ག་བུར་ཙན་དན་གི་ཝཾ་གསུམ་ཐུན་རེ། རྒྱས་པར་བྱེད་ན་སྨན་ཀུན་ཚོགས་པར་བསག འབྲིང་དུ་བྱེད་ན་རྡོ་རྩི་སྔོ་གསུམ་སྲུང་བྱེད་བཞག་ལ་གཞན་)རྣམས་རྩི་བཞིན་བཏགས། །དར་ལ་བཙགས་ལ་ཉུང་མའི་ཁཎྜ་ཡི། །རིལ་བུ་སྲན་སྦོས་ཙམ་དྲིལ་གྲིབ་སྐམས་བྱ། །ཚེས་གཅིག་ནས་བཟུང་ནང་མ་གསུམ་གྱི་རིང་ནི་དྲི་ཆུས་འཕུལ། །དེ་ཡིས་ཟླ་བ་རེ་རེའི་བར་དུ་ཐུབ། །གསོ་ཡང་འདི་ཉིད་རང་གྲོལ་སྨན་གྱི་རྒྱལ་པོ་ཡིནནོ།།

ཆར་ཉུང་འབྲས་བུ་ཨ་བར་སྐྱུར་གསུམ་དང་རྩ་བ་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་ལྔ། མན་ངག་རྒྱུད་ཀྱི་གཙོ་བོ་དྲུག་ལ་སྨན་མར་ཚུལ་བཞིན་སྦྱར། །དེ་ལ་གོང་གི་སྨན་(རྒྱས་འབྲིང་གང་རུང་ངམ། བསྡུ་ན་རིན་པོ་ཆེ་དྲུག བཟང་དྲུག་ཕྱ་ཚན་གསུམ་བོང་ང་གསུམ་ཁྱུང་སྡེར་རྩད་ཡུང་བ་བཙན་དུག་རྣམས་ཀྱི་)ཕྱེ་ཁ་ཚར་བཏབ། །མངར་གསུམ་དང་སྦྱར་ལ་སྟོན་ཟླ་ཐ་ཆུང་ལ་བཏང༌། སྨན་ཟད་ཀའི་དྲི་ཆེན་དྲི་ཆུ་བར་པ་གཉིས། །འཁར་གཞོང་ནང་དུ་ཆོས་སྨན་གསུམ་སྦྱར་ལ། །རས་གཙང་སྣོད་བླུག་མཁན་གསེབ་ཞག་བདུན་བསྲུལཏེ་བསྙལ་ནས་རུལ་ཏུ་བཅུག་པ དེ་ཉིད་གྲིབ་མ་དང་ལྷགས་པས་སྐམས་པའི་ཕྱེ་མ་ཐུན་བདུན་ཆང་གིས་འཕུལ། །དུག་རིགས་མ་ལུས་མ་ཤིའི་བར་དུ་ཐུབ། །ཀུན་ལ་ཟས་དང་སྤྱོད་ལམ་སོགས་འཇིག་རྩི་བསྲུང༌། །ནད་དང་སྦྱོར་བ་འཇིག་རྩི་བྱུང་ན་བསྐྱར། །དུ་བ་དང་རླངས་པ་ལས་བྱུང་དུག་དང་རིམས་སོགས་དྲི་མ་སྣ་ནས་འཇུག །དེ་ཕྱིར་ཀུན་ལས་རྒྱལ་བའི་ཆེད་དུ་རྩ་སྒོ་བསྲུང༌། །ག་བུར་དྲི་ཆུ་ཅོང་ཞི་ལག་མཐིལ་སྦྱར། །ནང་མ་བདུན་དུ་སྣར་རྔུབ་དེ་རྗེས་ལ། །ཛཱ་ཏི་གུར་ཀུམ་ནཱ་ག་གེ་སར་དང༌། །སྤང་རྒྱན་ཙན་དན་དམར་པོའི་དུ་བས་བདུག །ཁེགས་རྟགས་མགོ་ལུས་ལྕི་འདར་ཕྲུམ་སེར་ཁྱེརའདར་སིལ་གྲང་ཤུམ །དུག་གདོན་རིམས་རྣམས་སྲུང་བའི་མཆོག་ཏུ་བཤད། །བ་སྤུའི་སྒོ་སྲུང་ཙན་དན་མར་ཁུ་དང༌། །ཟོ་མར་རྩི་མར་ཤིང་མངར་མི་ཚིལ་རྣམས། །བསྡུས་ཁུ་དྲོད་མ་ཡལ་བའི་ནང་དག་ཏུ། །ཛཱ་ཏི་གུར་ཀུམ་གླ་རྩི་སྤང་སྤོས་དང༌། །སྤང་རྒྱན་སྦྱར་ཏེ་ལུས་ཀུན་བཀྲུས་རྗེས་བྱུག །ཡང་ན་གླ་རྩི་ཕག་ཚིལ་སྦྲུལ་ཤ་དང༌། སྡིག་སྲིན་མུ་ཟི་སེར་པོ་ར་ཁྲག་སེམས་ཅན་བསེའི་མར་ཁུརསྦྱར་བ་བྱུག །ཡང་ན་ག་བུར་བསིལ་གསུམ་ཅུ་གུར་ལི་ཙན་དན་དང༌། །གླ་རྩི་ཆོས་སྨན་ཕག་ཚིལ་ར་ཁྲག་བྱུག །བ་སྤུའི་སྒོ་འགགས་དེའི་རྟགས་ལུས་སྦྲིད་པ་དང་ལྕི་བ་སྙམ་བྱེད་པ་བྱུང་བ་ཡིན། །རེག་པ་དང་ཉི་ཟེར་གྱི་རླངས་ཀྱིས་ཉམ་མི་ང༌། །ཞེས་གསུངས་སོ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རྒྱུད་འདིར་མ་ཚང་གསོ་དཔྱད་མི་བདོག་གམ།དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ། །བདེ་གཤེགས་རྣམས་ཀྱིས་སྤྲུལ་པས་འགྲོ་དོན་དུ། །རྒྱ་གར་ཡུལ་དུ་སྨན་གྱི་སྦྱོར་བ་གསུངས། །རྒྱ་ནག་ཡུལ་དུ་མེ་བཙའ་རྩ་སྦྱོངས་གསུངས། །དོལ་པོའི་ཡུལ་དུ་གཏར་ག་གཙོ་བོར་བསྟན། །བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས། །དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། །མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། །ནང་པའི་འཁོར་ལ་རིགས་གསུམ་མགོན་པོའི་སྐོར། །གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ། །འཕགས་པའི་ཐུགས་རྗེ་ཕྱོགས་རིས་མེད་མོད་ཀྱང༌། གང་ཟག་མོས་པའི་མཐོང་སྣང་སོ་སོར་ཤར། །དཔེར་ན་མཁའ་ལ་ཟླ་བ་གཅིག་ཤར་ན། །ཆུ་ཡི་སྐྱོགས་རེར་ཟླ་བ་རེ་རེ་བཞིན། རྒྱལ་བས་གཅིག་ཏུ་གསུངས་ཀྱང་གདུལ་བྱ་སོ་སོས་དུ་མར་གོ། ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།