སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས།  གག་ལྷོག་རིམས་ལ་རྒྱུ་རྐྱེན་དབྱེ་བ་དང༌། །དེ་ཡི་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་ལྔ་ལས་ལན་གསུངས་པ།།

སྤྱི་དོན་དང་པོ་རྒྱུ་ནི་རང་གི་ལུས་ལ་ལྷན་སྐྱེས་ཁྲག་ལ་གནས་པའི་དུག་ཅན་གྱི་སྲིན་བུ་བདུན་ཡོད་པ་དེ། །ཁ་དོག་ཟངས་ཀྱི་མདོག་ལྟར་དམར་ཞིང་གཟུགས་ཕྲ་ལ་བལྟས་མི་མངོན་པ་འདི་སྲིན་བཅོས་སུ།ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་སྟེ། །ཞེས་པ་དེ་ཉིད་ཡིན་ནོ། །སྐད་ཅིག་ཙམ་ལ་མགོ་ནས་བཟུང་སྟེ་རྐང་མཐིལ་བར་ཁྱབ་པར་རྒྱུ་ནུས་པ་ཞིག་གོ།།

སྤྱི་དོན་གཉིས་པ་དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་བྱེད་རང་བཞིན་གནས་བའི་ཡུལ་དང་དུས་སྟོན་ཁ་དང་ཟས་དཀར་མངར་དང་སྤྱོད་ལམ་འཐབ་རྩོད་གདོན་རྐྱེན་གྱིས་སྐྱེད་པར་བྱེད་པ་།  །སྲིན་འཁྲུགས་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། །དེ་ཕྱིར་དཀར་མངར་གྱིས་སྲིན་སྟོབས་བསྐྱེད་པས་མི་ལ་གནོད་ཅིང་དུག་གིས་ནུས་པས་སྲིན་བུ་དེ་འཇོམས།།

སྤྱི་དོན་གསུམ་པ་དབྱེ་བ་བབས་ས་མིང་གིས་ཐ་དད་དེ། །མགོ་ལ་བབས་ན་ཀླད་གཟེར་ཞེས་བྱ་ཞིང༌། །གྲེ་བར་གག་པ་རོ་སྟོད་གཟེར་ཐུང་སྟེ། །ཕོ་བར་གཉན་གླང་རྒྱུ་མར་རྒྱུ་གཟེར་ལ། །ལྤགས་ལ་མེ་དབལ་ཚིགས་ལ་རྨེན་བུ་སྐྱེད། །ཉྭ་ལ་ཉྭ་ལོག་ཤར་བབས་ལྷོག་པར་བཤད། །ཤ་རུས་རྩར་བེམ་འདྲུལ་ཕྱིར་འབྲས་ཞེས་བྱ། །འོན་ཀྱང་འདི་རུ་གག་ལྷོག་གཉིས་སུ་བསྡུ། །ལྷོག་པའི་དབྱེ་བ་འབྱུང་བ་ནད་གཞི་རིགས། །འབྱུང་བས་དབྱེ་ན་ས་ལྷོག་མེ་ལྷོག་ཆུ་ལྷོག་རླུང་ལྷོག་བཞི། །ནད་གཞིས་དབྱེ་ན་དཀར་ནག་ཁྲ་བོ་གསུམ། །རིགས་ཀྱིས་དབྱེ་ན་རྒོད་དང་ཡང་རྒོད་དང༌། །ཡམ་བུ་ཡུ་མོ་གྲང་གཉམ་ཞེས་བྱ་བཞི་རུ་བཤད། །གག་པ་པ་ལ་དབྱེ་ན་ཕོ་མོ་བུ་དང་གཉན་གག་གོ།

སྤྱི་དོན་བཞི་བ་བརྟག་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རུ་ངོས་བཟུང་ཕྱི་ནང་གསང་བ་གསུམ། །དང་པོ་ཕྱི་རྟགས་སྐྲངས་དབྱིབས་འབྲུམ་པ་ཆུ་བུར་འདྲ། །ཉ་སྦྲུལ་སྡོམ་སྡིག་རྟ་བླ་སྦལ་ལྕོང་དང༌། །ན་ཆུང་ནུ་མ་ལྟར་སྐྲངས་པས་མཐོང་ན་ཉམ་ང་ཞིང་འཇིགས། །ཁ་དོག་དམར་རམ་ནག་སྨུག་ཁྲ་བོར་སྐྲངས། །ན་ལུགས་ཕྲུམ་སེར་གྲང་ཤུམ་ཁྱེར་དང་ཚིགས་གཞི་ན། །མགོ་ན་ཁ་ཁ་ཤེས་པ་འཕྱོ་སྙིང་འདར་སྙིང་མི་དགའ། །གཉིས་པ་ནང་རྟགས་རྩ་ཆུ་རེག་བྱ་རྒྱུན་སྲང་བཞི། །རྩ་ནི་ཁ་རྒྱུག་གཏིང་གྲིམས་ཁོང་ན་འདར། །ཆུ་ནག་རླངས་འཐིབས་ཀུ་ཡ་འཁྲུགས་ནས་འོང༌། །རེག་བྱ་ལ་ནད་རྟགས་ཏེ་ཚོར་མེད་ཡང་ན་རེག་མི་བཟོད་པ་ཆུང༌། །ཤིན་ཏུ་ཚའམ་ཤིན་ཏུ་གྲང་བར་འགྱུར། །ཚབས་ཆེ་རྒྱུན་སྲང་ཨ་ཟུར་བཞི་སྟེ་སོགས་ཞེས་པ་སོག་འདབ་དང་སོག་པའི་མེ་ལོང་སྟེང་སྐྲངས་པ་སྤྲིན་འཁྲིགས་འབྱིལ་སྤུ་བྱེ་བའམ་ལྗི་ཉམས་བྱེད་པ་དང་ཐ་མ་བ་སྤུ་ལོག །ཨན་སྟོང་ཚིགས་པ་དང་པོའི་འགྲམ་གཉིས་འཕར་སོག་འདབ་གཉིས་སྒལ་མཆན་བར་ལ་དམར་ཐིག་འབྱུང༌། །གསུམ་པ་གསང་རྟགས་ནག་པོ་(མུ་ཟི་འདི་གུ་གུལ་བྱས་པའང་འདུག་ཤུ་དག་གླ་རྩི་)གསུམ་བཏང་བས་དངངས་པ་དང་འདར་བར་ཡིན། གཉིས་པ་བྱེ་བྲག་རྟགས་ལ་ལྷོག་པ་གག་པ་གཉིས། །དང་པོ་ལྷོག་པའི་རྟགས་ལ་ས་ལྷོག་སྐྲངས་བརྟན་སྲ། །སྐྲངས་མདོག་ཐོར་པའི་མགོ་བོ་ནག་པོར་འོང༌། །མེ་ལྷོག་དམར་ཚ་མཆེད་སྐྱེན་མེས་ཚིག་འདྲ། །ཆུ་ལྷོག་འཇམ་བསིལ་ཆུ་བུར་ཆུ་སེར་འཛག །རླུང་ལྷོག་སྐྱ་གསོབ་མི་བརྟན་འཕར་ཞིབ་བྱེད། །དཀར་པོ་ཟུག་ཆུང་རྩ་ཆུ་ཕྱི་ཡུལ་གྲང༌། །ནག་པོ་ཟུག་ཆེ་རྩ་ཆུ་ཕྱི་ཡུལ་ཚ། །ཁྲ་བོ་རྟགས་ཚ་གྲང་གཉིས་འདྲེས་ཟུག་གཟེར་ལྡང་དུབ་བྱེད། །རྒོད་ནི་འབྲོས་སྐྱེན་ནད་དྲག་སྐྲངས་པ་སྐྱེན། །ཡང་རྒོད་ཁོང་དུ་འཆོར་སྐྱེན་འཁོར་སྐྲངས་པ་མ་བཅོས་ན་མཆེད་པ་ལ་ཁྲོའཕྲོ་བར་བྱེད། །ཡམ་བུ་སྐྲངས་པ་འབར་འབུར་ཐུལ་ཡམས་ཐབས་འོང༌། །ཡུ་མོ་གྲང་གཉན་སྲ་བརྟན་ནད་ཟུག་ཆུང་བའམ། །ཡང་ན་སྙི་ལ་འདོལ་ཞིང་གུལ་གུལ་འགུལ་བ་འོ། །ལ་ལ་ལྷོག་པ་གཉིད་པོའང་ཞེས་སུ་འདོགས། །གཉིས་པ་གག་པ་ངོས་བཟུང་ལྕེ་སྟེང་བད་ཀན་མཐུག །ལྕེ་མཆུ་འགྲམ་དང་རྐན་ཕུགས་ཐོར་པ་ཆགས། །གྲེ་བ་སྐད་འགགས་ཟས་དང་སྐོམ་མི་ཐར། །ཁྱད་པར་ཕོ་གག་ཐོར་པ་སྐྱ་ཆོས་ལེ་བ་སྐར་ཆེན་ཤར་བ་འདྲ། །མོ་གག་དམར་ལ་རྒྱ་ཆེ་བ་དབྱིབས་རྒྱ་ཕོར་ཁ་སྦུབ་ལྟ་བུ་སྟེ། །བུ་གག་དཀར་ལ་ལེ་བ་ཞོ་ཆལ་གཏོར་བ་འདྲ་བར་འོང༌། །གཉན་གག་རལ་གྲི་སྣ་མའི་གཞུང་འདྲ་མནའ་མ་ཞེས་པ་བརྡ་རྙིང་སྟེ་རལ་གྲིའི་སོ་གཉིས་རྙིང་པའི་གཞུང་ཐུར་ལྟར་ཉ་རྒྱབ་ཡོད་པ་ལ་མདོག་སྔོ་བྲེང་ངེ་བ་ཡོད་པ་ཡིན་འམ། །རུས་སྦལ་རྒྱབ་ལྟར་འབར་འབུར་དང་གྲོ་ཤིག་གི་བ་དང་ཁྲོ་བོའི་མིག་ལྟར་སེར་འབུར་རེ་བ་དང་འདྲ། །སྐེ་ནང་དུ་བྱུང་ནས་མིག་ཆེ་ལ་བལྟས་པས་མ་ཐོགས་ན་ཕྱི་ཡི་རྟགས་བལྟ་རེག་དྲི་བ་བྱས་ལ་ངོས་བཟུང༌།།

སྤྱི་དོན་ལྔ་བ་བཅོས་པའི་ཐབས་ལ་ལྷོག་པ་གག་པ་གཉིས། །ཟས་སྤྱོད་བསད་སྦྱང་བཞི་ནི་སྤྱི་རུ་རྒྱུག །ཁྱད་པར་ལྷོག་པ་བྱུག་པ་བསྲེག་པས་བཅོས། །བྱེར་ཞུད་འཁྱམས་དང་ཆུ་སེར་ལོག་པ་མནན། །གག་པ་ཞི་བཞུ་བཅད་པ་གསུམ་གྱིས་བཅོས། །ཡར་རྫོང་ཀླད་པ་དང་མར་རྫོང་སྙིང་ལ་ཤོར་བབས་ལོག་གནོན་གཅེས། །སྤྱིར་རྒྱུག་དང་པོ་ཁ་ཟས་དཀར་མངར་རུལ་སྐྱུར་སྤང༌། །ཕྱེ་ཚོད་དྲལ་ཐུག་ཆུ་གྲོག་བསྟེན་པར་བྱ། །གཉིས་པ་སྤྱོད་ལམ་ཆགས་པ་ཉིན་གཉིད་དྲག་ཤུལ་དང༌། །རྟ་ཞོན་འཁྲོ་འཚིག་ཆུ་རྒལ་རང་རང་གཞན་གྱིས་མི་སྡུག་པའི་སྤྱོད་ལམ་བྱ་བ་སྤང༌། །གསུམ་པ་བསད་ཐབས་མཐུན་པ་སྨན་གྱིས་བསད་པ་དང༌། །མི་མཐུན་གཉེན་པོས་བསད་པར་བྱ་བ་དང༌། །ནུས་པ་སྔགས་ཀྱིས་བསད་པ་རྣམ་པ་གསུམ། །དང་པོ་མཐུན་པ་གླ་རྩི་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གུ་གུལ་ནག །ཚ་བ་ཆེ་ན་ན་ག་བུར་གི་ཝཾ་ཙན་དན་སྤང་རྒྱན་དཀར་དམར་བསྣན། །གྲང་བ་ཆེ་ན་ཤུ་དག་ཤིང་ཀུན་བསྣན་པར་བྱ། །ཡང་ན་ཨ་བྱག་སྤང་གི་གུར་གུམ་མམ་ལུག་མིག་སེར་པོ་སྔོི་སྟག་ཤ་གུ་གུལ་ནག །གླ་རྩི་ཤུ་དག་ཨ་རུ་སྦྱར་ལ་བཏང༌། །གཉིས་པ་མི་མཐུན་གཉེན་པོས་བསད་ཐབས་རྐྱང་སྦྱོར་དང༌། །གཙོ་འཁོར་སྦྲག་དང་མང་སྦྱོར་ཆེན་མོ་གསུམ། །དང་པོ་རྐྱང་སྦྱོར་ལ་སྔོན་འགྲོ་བསྡུ་བ་དང་བསད་པ་དང་ལོག་གནོན་དང་བཞི། །དང་པོ་སྔོན་འགྲོ་རྫས་བཞི་ཆུ་(རྨིགས་པའི་ཤ་ནས་ཙམ་ཆུ་དབྱུང་སྲིན་བཅོད་འདིས་ཆུ་མེ་གནོད་སྲིན་གནོན། ནས་དཀར་འབྲུ་གསུམ་གྱིས་རྩམ་པ་མི་འགག་རླུང་གནོན། སྐྱི་འབྲུ་གཅིག་གིས་ཆང་མི་གནོད་མཁྲིས་པ་གནོན། རྒྱ་གཡེར་གཅིག་)གིས་རྩ་ཁ་འབྱེད་ལ་བད་ཀན་གནོན་ནད་ལོག་མི་འོང་ཆུ་དང་སྦྱར་ལ་བཏང༌། །རླུང་མཁྲིས་བད་ཀན་གསུམ་ཉེས་པའི་ཁ་གནོན་གོང་དུ་བཤད་པའི་ཆུ་མི་གནོད་པ་སོགས་ཡོན་ཏན་བརྒྱད་གསུངས་ཀྱང་དགུ་ཡོད་པ་དང་ལྡན། །གཉིས་པ་བསྡུ་བ་བུར་དཀར་ཆང་དང་སྦྱར་ཕུལ་གང་བཏང༌། །རླུང་གནོན་བྱེར་སྡུད་གཉེན་པོས་གསོད་པ་སླ། །གསུམ་པ་བསད་ལ་སྨན་དང་སྦྱར་ཚད་བཏང་ཐབས་གསུམ། །དང་པོ་སྨན་ནི་ངོ་བོ་ར་དུག་པས་མེ་ཏོག་སྔོ་ནག་འཆར་བ་དེ་ཡིན་ཅིང་དེ་ལའང་ཕྱི་འཛིམ་ནང་འཛིམ་གསང་འཛིམ་གསུམ། །ཕྱི་ཡི་འཛིམ་གྱི་ར་དུག་པ་ཡིན་ཏེ་དེའི་རྩ་བ་དགུན་གྱི་དུས་བརྐོས་པ། །ནང་གི་འཛིམ་པ་ནི་རྩ་བ་ལ་མགོ་དགུ་མགོ་བདུན་ལྔ་གསུམ་སོགས་ཆ་མིན་པ་ཡོད་པ་ལ། །གསང་འཛིམ་ནི་འབྲས་བུ་ས་ལ་དྲུལ་བ་སྣ་དེ་ལ་ལོ་གཅིག་སྐྱེས་པ་རྩ་བ་མཐེབ་རྡོག་འདྲ་བ་དེའོ། །བརྐོ་དུས་དེ་ལ་རྨ་མེད་པ་དགོས་ལ་དེ་ཡང་ཞག་བདུན་མེ་ཡི་སྤྲིན་ཏེ་དུད་བ་ལ་བདུག་པའོ།གཉིས་པ་སྦྱར་ཐབས་འཛིམ་པ་དེ་ནས་རྡོག་འབྲིང་པོ་ཙམ་ཞིབས་ཀ་ར་ནས་བརྡར་བའི་ཕྱེ་མ་དང༌། །ལོ་བརྒྱད་ཁྱེའུ་འམ་དགེ་སློང་གཙང་མའི་དྲི་ཆུར་སྦྱར། །གསུམ་པ་བཏང་ཐབས་མ་སོད་གྲི་རྩེ་རེ་བར་དུ་བསྐྱར་ཞིང་སྔ་མ་ཁུ་བ་དང་བཏང༌། །སྨན་ལན་རེ་ལ་རྔུལ་དབྱུང་སོད་རྟགས་ཁ་ལྕེ་དང་ལུས་སྦྲིད་སོར་མོ་རེངས། །ཟུག་ཆོགས་སྐྲངས་ཆོམས་རྔུལ་ཆུར་འབྱུང་བ་ཡིན། །བཞི་བ་སྨན་ནད་བྱུང་བ་ན་ལོག་གནོན་ནི་མིང་པོ་བདུན་གྱི་དུག་རིགས་སྲིང་གཅིག་མ་བྲག་སྐྱ་ཧ་བོ་ཡིན། །དགུན་ཡིན་ན་རྩ་བ་དབྱར་ཡིན་ན་མེ་ཏོག་དབྱར་དགུན་དུས་དང་བསྟུན། །ཐུན་རེ་དང་བོད་ཀྱི་ལན་ཚྭ་དང་ཕྱེ་མར་སྦྱར་ནས་བཏང་བས་སྨན་ནད་ལོག་པ་འཇོམས། །གཉན་པ་སོད་པའི་རྟགས་མེད་ཀྱང་སྨན་ནད་ཅན་རེ་འགའ་འམ་གསུམ་བཏང་བའི་རྗེས་གྱི་ལོག་གནོན་རེ་རེ་བཏང་བ་གཅེས་སོ། །སྦྱོར་བ་རྐྱང་པ་འདི་ལ་དམན་ལྷག་ལོག་གསུམ་འགྱུར། །དམན་པ་ནད་མ་སོད་སྨན་ཟད་པ་དཔེར་ནམ་སོད་གཡག་གི་མི་སོེད་ཤོར་རྟ་ཆད་པ་དང་འདྲ། །སྦྱོར་བ་སྲོག་མེད་གཏོད་ནད་མེད་པར་སྨན་གཏང་བ་ལ་ལོག་པ་གཡག་མེད་རྟ་རྒྱུག་པ་དང་འདྲ། །དེ་བཞིན་ནད་སོད་ཀྱང་སྨན་ཐལ་ཆེས་པ་དེ་ལྷག་པ་གཡག་སོད་བང་ལྷག་པ་དང་འདྲ་བར་སྨན་ནད་ཀྱིས་འཆི། །རྒྱུ་མཚན་དེའི་ཕྱིར་སྦྱོར་བ་འདི་ལ་མཁས་པས་དམན་ལྷག་ལོག་པའི་སྐྱོན་ལ་གཟབ་པར་རིགས་ཏེ་གནད་ཆེའོ། །གཉིས་པ་གཙོ་འཁོར་བཅས་པའི་སྦྱོར་པ་ལ་གཉེན་པོ་ཡོད་མེད་གཉིས། །དང་པོ་མེད་པ་འཛིམ་པ་ཤུ་དག་ར་ཐུག་སྦྲེ། །མི་ཡི་དཔྱི་རུས་ཐལ་བ་བཞི་སྦྱར་ཏེ། །ཐུན་ཚད་ནད་སྦྱར་དྲིལ་ཆུས་སྦྱངས་ལ་བཏང༌། །རྔུལ་དབྱུང་སྨན་ནད་བྱུང་ན་སོད་པ་ཡིན། །མ་སོད་བསྐྱར་ཞིང་སོད་ན་ལོག་གནོན་གོང་ལྟར་གཅེས། །གཉིས་པ་གཙོ་འཁོར་གཉེན་པོར་བཅས་ལ་བཙན་དུག་དང༌། །ཨ་རུ་གླ་རྩི་མུ་ཟི་གུ་གུལ་ནག་པོ་རྣམས་ཐུན་བཞི་བཞི། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཐུན་རེ་རེ་རུ་རྟ་ཤིང་ཀུན་ཤུ་དག་གསུམ་ཡང་ཐུན་བཞི་བཞི་རྣམས། །སྡོམ་བརྒྱད་དྲི་ཆུར་སྦྱར་བའི་གྲི་རྩེ་རེར་རབ་འབྲིང་གི་རིལ་བུ་སྲན་ཙམ་བྱ། །སྦྱོར་བ་འདི་ལ་དངུལ་ཆུ་བཞི་ནི་སྟར་བུས་གཤིག་པ་གཉན་ནད་གང་ལ་ཡང་ཤེས་པས་ཆུ་སེར་སྐེམ་རྣག་མི་འབྱུང་བསྣན་པ་ཡང་ཨོ་རྒྱན་པའི་དངུལ་ཆུ་བཞི་པ་དང་ཁྱད་པར་ཆེར་མེད། གཉན་ནད་ཚ་གྲང་ལ་མཆོག་ཏུ་ཤིས་ཏེ་ཆུ་སེར་སྐེམ་ནག་མི་འབྱུང་གསོ་དཀའ་བའི་ནད་སེལ་པ་ཡིན། །མ་སོད་བར་དུ་བཏང་ཞིང་རྔུལ་དུ་དབྱུང༌། །གསུམ་པ་མང་སྦྱོར་ཚེ་གཅིག་ལུས་གཉིས་བླངས་པའི་ལྕོང་མོ་སྦལ་པར་སོང་བ་སྟེ་ལྕོང་མོ་ལ་རྐང་ལག་ཡོད་པའམ་སྦལ་པ་མཇུག་ཡོད་པ་དེ་ཡིན་ཤས། །གཙོ་བྱས་གདུག་པ་ཅན་གྱི་ཤ་སྡིག་སྦྲུལ་རྩངས་པ་དམིག་པ་སྡོམ་རྟ་བླ་ཉ་ཕྱི་སྦུར་པ་སྲེ་མོང་ངམ་ཏེ་ལོ་བྱ་རྒོད་མི་རྟ་ཁྱི་བྱ་རོག་འུག་པ་རྣམས་གང་ཚོགས་དང༌། །གླ་རྩི་གུ་གུལ་གཉན་དུག་པ་སེར་ནག་སྔོ་ཤ་ལ་བྱ་རྒོད་སྤོས་བྱི་རུག་པ་དང་སྤང་རྩི་པུ་ཤེལ་རྩེ་མུ་ཟི་ལ་སོགས་པ། །རྡོ་རྩི་བཟང་དྲུག་ཤུ་དག་ཤིང་ཀུན་དེ་བ་འུ་སུ་ལྕགས་ཀྱུ་སྤྲི་ཡང་ཀུ་གླ་བ་སོགས་སྔོ་ཡི་དྲི་དུགས་ཆེ་བའི་སྨན་སྣ་ཚོགས་ཚད་དང༌། །སེང་ལྡེང་གཡེར་མ་ཀྱི་བ་སྐྱེར་པ་མཛོ་མོ་བྱི་ཚེར་བ་མེ་ཏོག་བར་ཤུན་ལ་སོགས་ཤིང་ཚེར་མ་ཅན་རྣམས་གང་ཚོགས་དང༌། །བཙན་དུག་བོང་ང་བོང་དུག་སྦྱར་དུག་རེ་ལྕག་ཐཪ་ནུ་དུར་བྱིད་ཐང་འཕྲོམ་ལ་སོགས་རི་ཤོ་རེ་རལ་རྣམས་ཀྱི་རྩ་བ་དུག་སྣ་ཚོགས་ཚད་དང༌། །ཚད་དུ་(དུག་སྨན་ཆ་གཅིག་ཚེར་སྨན་ཆ་གཉིས་ཤ་སྨན་ཆ་གསུམ་དྲི་སྨན་ཆ་བཞི་)སྦྱར་ལ་དངུལ་ཆུ་བསྣན་ཏེ་རྩི་བཞིན་བཏགས་བྱས་ལ། །དྲི་ཆུས་སྦྲུས་པའི་རིལ་བུར་བྱ་ཁྱུང་དུ་བསྒོམས་ལ་སྔགས་འོག་ནས་འབྱུང་བ་ཁྲི་ཚོ་གཅིག་དང་དབང་བསྐུར། །གཉན་ནད་མ་ལུས་ནད་རིགས་ཀུན་ལ་འགྲོ། །ཁྱད་པར་གག་ལྷོག་འཇོམས་པའི་གཉེན་པོ་ཡིན། །གསུམ་པ་སྔགས་ཀྱིས་བསད་པ་ནི་རང་ཉིད་ལྕགས་ཀྱི་བྱ་ཁྱུང་ནག་པོ་ལྕགས་ཀྱི་རྭ་དང་མཆུ་ཏོ་ཡོད་པ་ཞིག་བསྒོམ། །ནད་པ་ལ་སྔགས་ཆུ་བླུད་ཅིང་ཁོང་བསྲུང་སྐྲངས་ཀྱི་མཐའ་ནས་སྣ་ལ་གང་འཕྲོད་པའི་སྔོས་ནས་བརྡེག་ཀྱང་སྔགས་ཆུས་བརྡེག །ཨོཾ་ནག་པོ་ཀཱ་ལ་རཀྵ་རྦད་རྦད། །སོད་སོད།  ཕྱུངས་ཕྱུངས། །སྤུ་གྲི་ཟངས་ཟངས། །ལྕགས་ཀྱི་ལྡེར་མོས་གནོད་བྱེད་འབྱུང་པོའི་སྙིང་ལ་ཟོ། །ནཱ་ག་བྱི་ར་ཡ་སོད།  ནཱ་ག་བྱི་མ་ལིང་སོད། །སྨྲ་བ་བཅད་དེ་བཟླས་པས་སློབ་དཔོན་ཨ་ར་དེ་བས་ནོར་བུ་དང་སྔགས་དང་སྨན་གྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་པ་ལྟར་ཡིན་པས་གཉན་རྣམས་གསོད། །བཞི་པ་སྨན་གྱིས་བཤད་རྗེས་ཐ་མ་རོ་དབྱུང་རྒྱལ་བློན་(ཐར་ནུ་ཆུ་རྩ་ཧོང་ལེན་)དྲི་ཆུས་སྦྱང༌། །བཤལ་ཐེབས་གངས་ཆུ་བསྐོལ་བའི་ལྕག་གིས་བྲབས་ལ་དག་པར་གཉན་བཤལ་ཆེན་མོས་སྦྱང༌། །ཡང་ན་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གླ་རྩི་གུ་གུལ་ནག །ཤུ་དག་མུ་ཟི་སྟག་ཤ་ཤ་ཆེན་དང་། །ལྷོག་དུག་སྟག་ཤ་ཐར་ནུ་ཆུ་རྩ་དུག་པུས་ར་དུག་མེ་ཏོག་པ། །གསེར་གྱི་མེ་ཏོག་ཧོང་ལེན་གི་ཝཾ་རྣམས། །དྲི་ཆུ་སྦྱར་བས་གསོད་སྦྱོང་ཆིག་ཆོད་བྱེད། །བྱེ་བྲག་གཉིས་ལས་དང་པོ་དེ་ནས་ཁྱད་པར་ལྷོག་པ་བཅོས་པའི་འདེལ་ཁ་ལ་གསུམ་ལས། །དང་པོ་བྱུག་པ་བྱ་བ་ནི་འཛིམ་པ་ར་དུག་བཟང་པོ་མུ་ཟི་ལྡུམ་བུ་སྟག་ཤ་བ། །གླ་རྩི་གུ་གུལ་རྣམས་ནི་གཉན་དུག་འདིའི་སྐབས་ཐང་འཕྲོམ་ནག་པོ་བཏང་རྗེས་ལྷོག་པ་གསོད་པར་བགྱིའོ། །སོ་ཏོག་ཐོག་ཀྱི་ལྕེ་བྲག་སྤོས་ཆུ་རྩ་དང༌། །སྤྲུ་རྩ་ཁྱི་སྤྱང་མི་བྲུན་རྣམས་ཀྱིས་སྐྲངས་པ་འཇོམས། །རྭ་ནུས་བསྲེགས་གཞོབ་དུད་པ་བྱ་བལ་ཁྱིམ་བྱའི་བྱ་བྲུན་ཏེ། །བྲག་ཞུན་ཤུ་དག་དྲི་ཆུ་གསུམ་ནི་ཀུན་གྱི་གྲོགས་ཡིན་པས་དེ་ཀུན་ལ་བསྲེ། །ཞིབ་ལ་སླ་བ་མ་སྐམས་ཡང་ཡང་བྱུག །སྐྲངས་པའི་ཚད་ནི་དཀྱིལ་དུ་མི་བྱུག་མི་བཤིག་འབྲོས་སྣ་ནོན་པ་སྐྲངས་སྣ་རྩ་ཉྭ་སྣ་རྣམས་སུ་བྱུག་པ་གཅེས། །སྐྲངས་སྣ་མ་ནོན་ན་ཤོག་བུའམ་སྤུ་ནན་ནམ་ཕྱིང་པའི་ནན་དེ་དག་གང་རུ་ཕྱི་ནང་ཆུ་དང་བྱུག་པ་སྦྱར་བ་བྱ། །བྱུག་པ་ཁོང་སྨན་གཉིས་ཀྱིས་མ་སོད་ན། །གཉིས་པ་མེ་ཡིས་བསྲེགས་ལ་ལུང་པའི་མདོ་སྒོ་རྐང་པར་བྱུང་ན་སྙིང་རྩ་མིག་དམར་དང་ལག་པར་བྱུང་ན་ཨ་སོ་དང་མགོ་ལ་བྱུང་ན་ཚངས་བུག་དང་རྩེ་ཆུང་བསྲེག་གཞན་གར་འབྲོས་ཀྱི་རྩ་སྣེ་བགག །རི་བོའི་རྩེ་ལ་མེ་རྒྱ་གདབ་པ་ཁོང་དུ་ཤོར་ལུས་སྦུབས་ལ་བྱུང་ན་སྤྱི་གཙུག་དང་དཀར་ནག་མཚམས་དང་ཚིགས་པ་དྲུག་བདུན་དང་སྲིན་ལག་བཞི་སོག་པའི་མེ་ལོང་རྐང་མཐིལ་རྣམས་བསྲེག་པ་དང༌། །སྐྲངས་ཀྱི་ཐ་མ་སོར་རེ་རེ་ས་འགྱངས་པར་བྱས་ལ་མེ་བཙའི་དམག་གིས་བསྐོར་བ་དང༌། །གང་སྐྲངས་པའི་སྟེང་དུ་གནམ་ལྕགས་དབབ་པ་བཞི་ཡིས་བཅོས་སྐྲངས་དབྱིབས་ཉ་ལྟ་བུའི་ཟེ་བ་སྦྲུལ་ལྟ་བུའི་མཇུག་མ་བསྡོམ་དང་རྟ་བླའི་རྐང་པ་སྡིག་པའི་རྭ་སྦལ་པའི་རྒྱབ་ལྕོང་མོའི་མགོ་ན་ཆུང་ནུ་མའི་དཀྱིལ་རྣམས་བསྲེག་ཁྱད་པར་སྐྲངས་པ་གང་ཆེའི་སྟེང་དབུས་སུ་བྱ་རྗེས་ཁ་གསུམ་དང་འབུར་པོར་ཡོད་སར་དམར་རྒྱ་གྲམ་དུ་བསྲེག་གོ། །བསྲེགས་རྗེས་ཁོང་སྨན་བྱུག་པ་བསྟུན་ལ་བསད། །ཐུབ་པའི་རྟགས་སུ་སྐྲངས་བྲི་ཟུག་གཟེར་ཆོགས། །ཡང་ན་རྣག་ཏུ་ཁུགས་ན་འཚོ་བ་ཡིན། །རྣག་ཏུ་ཁུགས་ནས་ཡན་ལག་བཞིན་དུ་བཅོས། །གསུམ་པ་ནད་ལོག་བྱེར་ཞུད་འཁྱམས་དང་ཆུ་སེར་ལོག །དང་པོ་བྱེར་ལ་རྩ་ཤ་སྐྱི་རྣག་བྱེར་བ་བཞི། །རྩ་བྱེར་འཕལ་རྩ་ལ་མེ་བཙའ་ཁྲག་རྩ་གཏར་ག་དང་ནད་ལ་རྩ་ལ་སྦྱོངས་ཀྱིས་དགུག །ཤ་བྱེར་སྐྲངས་ཆེ་ན་རྨ་བཅོས་ལྟར་ཁྲ་བོ་ནག་པོའི་ཆས་ཀྱིས་དགུག་ཞུན་བྱས། །སྐྱི་བྱེར་ལྤགས་ལ་སུག་པ་ཆུ་མ་རྩི་བོང་ང་བྲེས་སྙིང་དཀར་གོང་ཐལ་བ་མར་དཀར་བྱུག་བྱེར་བ་སྒྱིད་བུ་སླ་ངའི་དྲེག་པ་ཕ་བ་དགོ་དགོ་དུད་པ་བྱ་བལ་མ་མར་དཀར་སྦྱར་བྱུག་རྨ་ཁ་ཆེ་ན་སུག་པ་ཆུ་མ་རྩི་དྲེས་ཟག་རྙིང་པ་སྒོག་ཐལ་ཀ་ར་མར་དཀར་སྦྱར་བྱུག་སྐམ་རྩིས་དགུག །རྣག་བྱེར་ཁྲུས་ནན་དེབ་དང་ཆིངས་ཀྱིས་ཡན་ལག་བཞིན་དགུག །གཉིས་པ་ཞུད་པ་སྐྲངས་གཞལ་གདོན་བཅོས་ལ་ཞོ་དང་སྦང་མ་སྦྱར་བས་བསླང༌། །ཡང་ན་སྦང་མ་བྱུག་པས་ཕྱེ་བྲན་ལ་བདུག །གསུམ་པ་འཁྱམས་པ་དོན་འཁྱམས་རྩ་དྲག་རྔམ་པ་རྒོད། །འཕྲོས་འཕྲང་དོན་ལ་འཁྱམས་པ་དེའི་རྩ་ལ་མི་བཙས་བཅད་བུར་ཆང་བཏང་བས་ཁོང་དུ་བསྡུས་ལ་གཉེན་པོས་ཁོང་མས་ཕྱེ་མས་བསད། །སྣོད་དྲུག་ལ་འཁྱམས་ན་དང་ག་མི་བདེ་འཁྲུ་སྐྱུག་བྱེད། །དེ་ལ་གར་བབ་དེའི་གཉེན་པོ་སྤྱི་བཅོས་ལྟར་གཉན་བཤལ་ཆེན་མོའི་བཤལ་གྱིས་གར་བབ་དེའི་གཉེན་པོ་སྦྱར་ནས་སྦྱང་བ་ལོག་གནོན་དམ་པ་ཡིན། །བཞི་བ་ཆུ་སེར་ནག་པོར་ལོག་ན་སྨྱོ་འབོག་བྱེད། །མིག་ལྡོག་སྣ་ནས་ཆུ་སེར་ཁྲག་འཛག་ན། །ཕྱི་རྒྱུད་ལྟར་གྱི་སྣ་བཤལ་བཏང་ཞིང་ག་བུར་ཅུ་བོང་རྒྱལ་བློན་སྦྱར། །དྲུག་པ་བདུན་པ་དཀར་ནག་མཚམས་སུ་བསྲེག །དེ་ལ་སྐྱེད་མེད་ལས་ཀྱིས་འཆི་བ་ཡིན། །གཉིས་པ་གག་པའི་སྤྱི་བཅོས་ཐབས་ལ་འདེ་ཁ་ཞི་བཞུ་བཅད་པ་ནི། །དང་པོ་ཞི་བ་ཚྭ་བཙོད་འཛིམ་པ་ཕོ་ཚོས་རྒྱ་སྐྱེགས་གདབ། །གཉིས་པ་བཞུ་བ་ཚྭ་ལ་རྒྱ་ཚྭ་མཚུར་གཉིས་གདབ། །གསུམ་པ་བཅད་པ་རྒྱ་ཚྭ་རུ་རྟ་ཤུ་དག་གདབ། །དེས་མ་ཆོད་ན་ཀྱོང་བུས་བཞར་རྗེས་ལྕགས་ཀྱིས་བསྲེག །གག་པ་གཉན་ཚད་གྲེ་བར་འགགས་པའི་ཕྱིར། །འདི་ལ་དཔྱད་མཆོག་སྦྱོངས་འདྲ་གོང་གི་རོང་དབྱུང་གི་སྦྱོངས་སྨན་ཆེན་མོ་དེ་ཡིན་གཞན་ན་མེད། །ནད་ལོག་ཡར་རྫོང་ཀླད་ལ་ཤོར་བ་ན། །སྣ་ནས་ཆུ་སེར་འཛག་ཅིང་བླ་འཆོལ་སྨྲ། །དེ་ལ་སྣ་བཤལ་བཏང་ལ་ཆུ་སེར་སྦྱང༌། །མར་རྫོང་སྙིང་ལ་ཤོར་ན་ཤེས་པ་སྨྱོ། །ལྕེ་གཞུང་ནག་ལ་ག་བུར་ཅུ་བོང་རྒྱལ་བློན་སྦྱར། །དེ་ལ་སྐྱེད་མེད་ཚེ་ཟད་སྤང་བར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གག་ལྷོག་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།