སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་དགུ་པ། གསོ་ཐབས་གཉིས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2023
བཤད་རྒྱུད། >> ལེའུ་ཉེར་དགུ་པ། གསོ་ཐབས་གཉིས་བསྟན་པ།



ལེའུ་ཉེར་དགུ་པ། གསོ་ཐབས་གཉིས་བསྟན་པ། 

ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བཤད་ཟིན་པའི་རྗེས་སུ་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ནས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ནད་ལ་གཉེན་པོ་གང་གིས་གསོ་བའི་གསོ་ཐབས་རྣམས་མི་འདྲ་བ་མང་དུ་ཡོད་མོད་དུ་ཟིན་ཀྱང༌། མདོར་བསྡུ་ན་ནད་སྤྱི་ཐུན་མོང་དུ་གསོ་བ་དང༌། བྱེ་བྲག་སོ་སོའི་ཁྱད་པར་གྱི་སྒོ་ནས་གསོ་བ་སྟེ་རྣམ་པ་གཉིས་ཀྱི་སྒོ་ནས་གསོ་བར་གྱིས་ཤིག

འདིར་ནད་གཞི་ཐུན་མོང་བའི་སྒོ་ནས་གསོ་བར་བྱ་བ་ལ་མདོར་ཧྲིལ་གྱིས་དྲིལ་ན་གསོ་ཡུལ་ཉམས་འཚག་ཅིང་སྦོམ་པ་དང་རིད་པ་གཉིས་སུ་ངེས་པའི་ཕྱིར་གསོ་ཐབས་ཀྱང་རྣམ་པ་གཉིས་ཏེ། གང་ཞེ་ན། སྟོབས་སྐྱེད་པའི་ཕྱིར་བརྟ་བར་བྱ་བ་དང༌། ཉམས་དམས་པའི་ཆེད་དུ་སྨྱུང་བར་བྱ་བ་འདི་གཉིས་ཁོ་ནའོ།།

གསོ་ཐབས་གཉིས་ཀྱི་ནང་ནས་བརྟ་བར་བྱ་བ་ལའང༌། གང་བརྟ་བར་བྱ་བའི་ཡུལ་དང༌། གང་གིས་བརྟ་བ་དང༌། དེའི་ཕན་ཡོན་དང༌། བརྟས་དྲགས་པའི་སྐྱོན་དང༌། དེའི་བཅོས་ཐབས་ཏེ་རྣམ་པ་ལྔའི་སྒོ་ནས་བཤད་པར་བྱའོ།།

དེ་ལ་གང་བརྟ་བར་བྱ་བའི་ཡུལ་ནི་རང་བཞིན་རླུང་ཤས་ཆེ་བ་དང་ཟུངས་ཟད་པ་དང་བུད་མེད་ཁྱིམ་གསར་བླངས་ཀྱི་ཉལ་པོ་མང་དུ་སྤྱད་པས་དུབ་པ་དང༌། བུད་མེད་སྦྲུམ་མ་དང་བཙས་པའི་རྗེས་དང༌། ཁྲག་མང་དུ་ཟགས་པ་དང༌། གློ་རྡོལ་ཅན་དང༌། རྒས་པ་དང་ཕལ་ཆེར་གཉིད་མེད་དུ་གནས་པ་དང༌། མྱ་ངན་གྱིས་གདུངས་པ་དང༌། དཀའ་ཐུབ་དང༌། རྩོལ་བས་དུབ་པ་དང༌། ནམ་ཟླ་སོ་གའི་དུས་དེ་རྣམས་ནི་ཕལ་མོ་ཆེར་བརྟ་བའི་ཆོ་གས་གསོ་བར་བྱ་དགོས་སོ། །བརྟ་བར་བྱ་བ་དེའི་ཁ་ཟས་ནི་ལུག་ཤ་དང་བུ་རམ་དང་ཀ་ར་དང་མར་དང་འོ་མ་དང་ཞོ་དང་ཆང་ལ་སོགས་པའི་བཅུད་ཆེན་པོ་རྣམས་ཀྱིས་བརྟ་བའམ་ཉམས་སྟོབས་རྒྱས་པར་བྱ་བ་ལ་སྨན་གྱི་སྦྱོར་བ་ནི་ནད་གཞིའི་ཁམས་དང་གང་འཕྲོད་པའི་སྨན་མར་འབའ་སམ་ལྟ་བུར་བསྟེན་པ་དང་དཔྱད་དུ་འཇམ་རྩི་དང་ཁྲུས་དང་བསྐུ་མཉེ་སོགས་བྱ་བ་དང༌། སྤྱོད་ལམ་བདེ་བར་གཉིད་ལོག་ཅིང་ཕལ་ཆེར་དལ་བ་དང་གཙོ་བོར་སེམས་དགའ་བ་ཉིད་བརྟ་བའི་མཆོག་ཡིན་ནོ། །བརྟ་བའི་ཆོ་ག་དེ་ཡིས་ལུས་ཀྱི་སྟོབས་རབ་ཏུ་འཕེལ་ཞིང༌། རླུང་ལ་སོགས་པའི་ནད་ཀུན་ཀྱང་ཟིལ་གྱིས་གནོན་པར་ནུས་ཏེ། དཔེར་ན་མི་རྟག་པར་ཁས་ཉེན་པོར་གནས་པ་ཞིག་གིས་བར་སྐབས་སུ་དགྲ་ལ་གནོད་པ་བྱེད་པའི་ནུས་པ་རྙེད་པ་བཞིན་ལུས་ཟུངས་ངན་པ་དེ་འཕེལ་བས་ནད་རང་བཞིན་གྱིས་ཞི་བར་འགྱུར་རོ། །གལ་ཏེ་བརྟ་བ་ཐལ་དྲགས་ན་ཧ་ཅང་ཚོ་ཆེས་པ་དང༌། འབྲས་དང་རྨེན་བུ་དང་ཁམས་རྨོངས་བག་ཅན་དུ་འགྱུར་བ་དང༌། གཅིན་སྙི་བ་དང༌། ལུད་པ་དང་བད་ཀན་འཕེལ་བ་ལ་སོགས་པའི་སྐྱོན་རྣམས་སྐྱེད་པར་བྱེད་དོ། །དེ་ལ་ཚོ་ཆེས་པ་ལ་སོགས་པའི་དྲགས་སྐྱོན་དེ་རྣམས་ལ་སྤྱིར་རྩུབ་ཅིང་བད་ཚིལ་ཟད་པར་བྱེད་པའི་ཟས་སྨན་ཕན་ལ། བྱེ་བྲག་ཏུ་གུ་གུལ་དཀར་ནག་དང་བྲག་ཞུན་དང་སྐྱེར་པའི་ཁན་སོགས་དང་སྦྲང་རྩི་སྦྱར་བས་ཚོ་ཆེས་པའི་ནད་ཀུན་སེལ་བར་བྱེད་ཅིང༌། ཡང་ན་འབྲས་བུ་གསུམ་དང་སྦྲང་རྩི་སྦྱར་བའམ། བཅའ་སྒ་དང༌། ཡ་བཀྵ་ར་དང་བྱི་ཏང་ག་དང་སྐྱུ་རུ་ར་དང་ནས་ཕྱེ་དང་སྦྲང་རྩི་སྦྱར་བའི་ལྡེ་གུས་ཚོ་ཆེས་པའི་ནད་མཐའ་དག་སེལ་བར་ནུས་ལ། དེ་བས་ན་ཧ་ཅང་ཚོ་བ་ལས་སྐེམ་པ་ཉིད་བཟང་བ་དེའི་ཕྱིར་བརྟ་བ་དགོས་པ་རྣམས་ལའང་ཚོད་ཟིན་པར་བྱ་བ་གལ་ཆེའོ།།

སྨྱུང་བའི་སྒོ་ནས་བཅོས་པར་བྱ་བ་ལའང་གང་སྨྱུང་བར་བྱ་བའི་ཡུལ་དང་གང་གིས་ཉམས་དམ་པའི་ཐབས་དང༌། དེའི་ཕན་ཡོན་དང་སྨྱུང་དྲགས་པའི་སྐྱོན་དང་དེའི་བཅོས་ཐབས་དང་རྣམ་པ་ལྔ་ཡོད་དེ། ཉམས་དམས་པའི་ཡུལ་ནི་ཁ་ཟས་མ་ཞུ་བ་དང་སྣུམ་བག་ཆེར་ཟོས་པ་དང་བརླ་རེངས་ཀྱི་ནད་དང༌། རིམས་ནད་དང་གཅིན་སྙི་བ་དང་ཁོང་འབྲས་དང་དྲེག་དང་གྲུམ་བུ་དང་མཆེར་ནད་དང་ལྐོག་མའི་ནད་དང་ཀླད་ནད་དང་སྙིང་ནད་དང་ཚད་པས་འཁྲུ་བ་དང་སྐྱུག་པ་དང་ལུས་ལྕི་བ་དང་དང་ག་མི་བདེ་བ་དང་བཤང་གཅི་འགགས་པ་དང་ཚོ་ཆེས་པ་དང༌། ཆུ་སེར་དང་བད་མཁྲིས་རྒྱས་པའི་ནད་རྣམས་སྐྱེས་པ་སྟོབས་ལྡན་དར་བབས་ལ་བྱུང་བ་དང་དགུན་སྟོད་ཀྱི་དུས་རྣམས་སུ་སྨྱུང་བའི་ཆོ་ག་ཞག་གསུམ་ཚུན་བསྟེན་ཏེ་བཅོས་པར་བྱའོ། །ཉམས་དམས་པར་བྱ་བ་དེའི་སྨན་དུ་ཞི་བ་དང་སྦྱང་བ་རྣམ་པ་གཉིས་ཡོད་པ་ལས། ཐོག་མར་འདུ་བ་མ་སྙོམས་པ་སྙོམས་པར་བྱེད་པ་ཞི་བའི་ཐབས་ཏེ། དེ་ལའང་སྦྱོར་བ་ཟས་དང་སྨན་དང་སྤྱོད་ལམ་དང་དཔྱད་ཀྱི་སྒོ་ནས་བཅོས་དགོས་པ། དེ་ཡང་གོང་དུ་བཤད་པའི་སྨྱུང་བའི་ཡུལ་དེ་དག་གང་ཡང་རུང་བ་དང་ལྡན་པའི་གང་ཟག་ཉམས་སྟོབས་ཅུང་ཟད་ཆུང་བ་རྣམས་ལ་ཁ་ཟས་ཀྱི་རྣམ་གྲངས་མ་ཟོས་པར་བཀྲེས་སྐོམ་ལ་ཡུན་རིང་དུ་བྱས་ལ་དེའི་འོག་ཏུ་མི་བཟོད་པའི་ཚེ་ཡང་ཞིང་འཇུ་སླ་བའི་ཁ་ཟས་ཅུང་ཟད་ཙམ་བསྟེན་པར་བྱ་ཞིང༌། ཉམས་སྟོབས་འབྲིང་རྣམས་ལ་ཐང་དང་ཕྱེ་མ་རིལ་བུ་སོགས་དྲོད་སྐྱེད་པ་དང་སྨིན་པར་བྱེད་པ་ལ་སོགས་པའི་སྦྱོར་བ་གང་ཡིན་པ་རྣམས་མས་རིམ་བཞིན་བསྟེན་པས་ཕན་ལ། སྟོབས་དང་ལྡན་པ་རྣམས་ཀྱིས་ཉིན་མཚན་ཤས་ཆེར་དུ་རྩོལ་བཅག་དང་རྔུལ་དབྱུང་བ་སོགས་བྱ་ཞིང༌། གང་ལ་གང་འཚམ་པའི་མེ་བཙའ་དང་དུགས་ལུམས་གཏར་ག་ལ་སོགས་པའི་དཔྱད་ཀྱིས་བཅོས་པར་བྱའོ། །སྦྱང་བ་ཞེས་བྱ་བ་ནི་ནད་སློང་ཞིང་ལུས་ཀྱི་ཕྱིར་འབྱིན་པར་བྱེད་པ་ཡིན་ཏེ། དེ་དག་གི་སྒོ་ནས་བཅོས་པར་བྱ་བ་ནི། སྦྱོང་བྱེད་ཀྱི་སྦྱོར་བ་གང་ཞིག་ནད་མ་ཞུ་བའི་གནས་ན་གནས་པ་ལ་སྐྱུགས་ཀྱིས་སྦྱང་བར་བྱ་ཞིང༌། ཞུ་བའི་གནས་ན་ཡོད་པ་ལ་མས་བཏང་དྲག་པོ་སྟེ་ནི་རུ་ཧས་དྲང་བར་བྱ་དགོས་ལ། ལུས་ཀྱི་དོན་སྣོད་སྤྱི་ལ་གནས་ན་ལྟོ་བཤལ་བྱ་ལ། རྩ་རྒྱུས་ཀྱི་ནད་རྣམས་ལ་གནས་ན་རྩ་སྦྱོངས་ཀྱིས་སྦྱང་བར་བྱའོ། །དེ་ལྟར་ཞི་སྦྱོང་གཉིས་ཀྱི་སྒོ་ནས་ཉམས་དམས་པའི་ཕན་ཡོན་ནི། མིག་ལ་སོགས་པའི་དབང་པོ་རྣམས་གསལ་ཞིང་ལུས་ཡང་བ་དང་ཡི་ག་བདེ་ལ་བྱ་བྱེད་རྣམས་ལ་ཤུགས་ཀྱིས་བརྩོན་པ་དང་བཀྲེས་སྐོམ་ཚ་དྲོ་སོགས་ཀྱི་དུས་སུ་འབྱུང་བ་དང་བཤང་བ་དང་སྟེང་འོག་གི་རླུང་བདེ་བར་རྒྱུ་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ངོ༌། །ཉམས་དམ་དགོས་པའང་ཧ་ཅང་དྲགས་ན་ལུས་ཟུངས་རེ་རེ་ནས་འཛད་པས་ཤ་སྐེམ་ཞིང་མགོ་བོ་འཁོར་བ་དང་གཉིད་མེད་པ་དང་མདངས་བཀྲག་ཤོར་ཞིང་སྐད་ཀྱི་གདངས་དང་དབང་པོ་ཉམས་པ་དང་ཁ་ཡང་ཡང་སྐོམ་ཞིང་དང་ག་འགགས་པ་དང༌། བྱིན་པ་དང་བརླ་དང་གཞུག་ཏོ་དང་རྩིབ་ལོགས་དང་སྙིང་ག་དང་ཀླད་པ་རྣམས་ན་ཞིང་རིམས་ཀྱིས་འདེབས་པ་འདྲ་བ་དང༌། སྐྱུག་འདོད་ཅིང་རླུང་ནད་སྐྱེད་པ་ལ་སོགས་པ་བྱེད་པར་འགྱུར་རོ། །ཉམས་དམ་དྲགས་པའི་སྐྱོན་དེ་རྣམས་ལ་བརྟས་པར་བྱེད་པ་ཐམས་ཅད་ལ་ཕན་མོད། ཁྱད་པར་དུ་བྱ་རྒོད་ལ་སོགས་པ་ཤ་ཟ་བ་རྣམས་ཀྱི་ཤ་ཟ་བ་དང་འཇམ་རྩི་ཡང་ཡང་བཏང་བ་དང༌། ཁ་ཟས་འགྲངས་པར་ཟོས་ནས་གཉིད་ལོག་པས་ཕག་དང་འདྲ་བར་ལུས་ཤིན་ཏུ་རྒྱས་པར་འགྱུར་ལ། རྣམ་པ་ཐམས་ཅད་དུ་ལུས་ཀྱི་ཉམས་སྟོབས་རྒྱས་པར་བྱེད་པའི་འཚོ་བྱེད་ཀྱི་མཆོག་ནི་ཤ་བཟང་པོ་དང་འདྲ་བར་གང་ན་ཡང་མེད་དེ་འདི་ཉིད་གཅིག་པུས་ཀྱང་ཆོག་གོ།

གསོ་ཐབས་གཉིས་པོ་དེའི་དོན་རྣམས་མདོར་ཧྲིལ་གྱིས་བསྡུ་ན། གོང་དུ་བཤད་པའི་བརྟ་བར་བྱ་བའི་ཡུལ་གང་ཡིན་པ་དེ་རྣམས་ལ་ཉམས་མི་དམས་ཅིང༌། གལ་ཏེ་ནད་འགའ་ཞིག་གི་དབང་གིས་སྦྱང་བ་སོགས་དགོས་པ་ལ་འཇམ་པོའི་སྒོ་ནས་བྱ་དགོས་ལ། དེ་བཞིན་དུ་ཉམས་དམས་པར་བྱ་དགོས་པའི་ཡུལ་ཅན་རྣམས་ལ་བརྟས་པར་བྱེད་པའི་ཆོ་ག་སྤང་བར་བྱའོ། །གཞན་ཡང་འདུ་བ་གསུམ་ལས་རླུང་འཕེལ་བ་དང་ནད་གཞན་བད་མཁྲིས་གཉིས་པོ་གང་ཡང་རུང་བ་ཟད་པ་ལ་ནི་བརྟ་བའི་སྒོ་ནས་གསོ་བར་བྱ་ཞིང༌། རླུང་ཟད་པ་དང་བད་ཀན་མཁྲིས་པ་འཕེལ་བ་ལ་ནི་བཅོས་ཐབས་མཚུངས་པར་སྨྱུང་བས་བཅོས་དགོས་སོ། །ངག་དོན་དུ་རྟེན་གནོད་བྱ་རྣམས་དང་བརྟེན་པ་འདུ་བ་རྣམས་འཕེལ་ཟད་ཀྱི་བཅོས་ཐབས་གཅིག་ཏུ་རུང་ལ། དེའི་ནང་ནས་དམིགས་བསལ་དུ་རྟེན་རུས་པ་དང་བརྟེན་པ་རླུང་གཉིས་ནི་མ་གཏོགས་ཏེ། འདི་ཉིད་ནི་རླུང་ཟད་པ་དང་རུས་པ་འཕེལ་བའི་བཅོས་ཐབས་གཅིག་ཅིང་རླུང་འཕེལ་བ་དང་རུས་པ་ཟད་པའི་བཅོས་ཐབས་གཉིས་གཅིག་པས་གཞན་རྣམས་ལས་གོ་ལྡོག་པའི་ཚུལ་གྱིས་སོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གསོ་ཐབས་གཉིས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།



མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:32 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།