སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གསུམ་པ། རིམས་ཀྱི་ཚ་བ་བལ་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 

ལེའུ་ཉེར་གསུམ་པ། རིམས་ཀྱི་ཚ་བ་བལ་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རིམས་ཞེས་བྱ་བའི་རྒྱུ་རྐྱེན་གང་ལས་བྱུང༌། །ངོ་བོ་རྒྱུ་མཚན་ཅི་ལས་མིང་དུ་བཏགས། །རིམས་ལ་དབྱེ་བའི་ནད་རིགས་དུ་ཞིག་མཆིས། །མངོན་ཚུལ་མི་འགྱུར་རྟགས་ནི་ཇི་ལྟར་འོང༌། །དེ་ལ་བཅོས་ཐབས་རྣམ་པ་དུ་ཡིས་བཅོས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།  དྲང་སྲོང་རིག་པའི་ཡེ་ཤེས་དེས་སྤྱི་དོན་རྣམ་པ་བདུན་གྱི་སྒོ་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།

སྤྱི་དོན་དང་པོ་རིམས་ཞེས་བྱ་བའི་ནད་འབྱུང་རྒྱུ་རྐྱེན་ནི། །དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་ལོ་ལྔ་སྟོང་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས་ལྔ་བརྒྱ་དང་པོ་གསུམ་ནི་འབྲས་བུའི་དུས་ཏེ་དགྲ་བཅོམ་པ་ཕྱིར་མི་འོང་རྒྱུན་བཞུགས་གསུམ་འབྱུང་། ལྔ་བརྒྱ་བར་པ་གསུམ་ནི་བསྒྲུབ་པའི་དུས་ཏེ་ཤེས་རབ་དང་ཏིང་འཛིན་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་འབྱུང་། ལྔ་བརྒྱ་པ་ཕྱི་མ་གསུམ་ནི་ལུང་གི་དུས་ཏེ་མངོན་མདོ་འདུལ་གསུམ་འབྱུང་། དེའི་ལྔ་བརྒྱ་ཕྲག་གཅིག་ནིི་དུས་ཀྱི་ཐ་མ་སྟེ་སྙིགས་མ་ལྔ་བདོ་བའི་དུས་ཡིན་པས་ན་ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན་གསུང་། །མི་རྣམས་ཉེ་ཚེ་བའི་བདེ་བ་ཙམ་པོ་ལ་འདོད་པའི་དབང་གིས་དམ་པའི་ལམ་ལས་ལོག་པར་སྤྱོད། །གསང་སྔགས་པ་རྣམས་ནི་རྡོ་རྗེའི་མཆེད་དང་ལྕམ་དྲལ་དཔོན་སློབ་བར་ནང་དམེ་དར། །ནང་པའི་ཆོས་ལུགས་པར་ཞུགས་པའི་དགེ་འདུན་དང་བཙུན་པ་རྣམས་ནི་སོ་སོའི་ལྟ་གྲུབ་དང་སྡེ་རིགས་ཕྱོགས་ལྷུང་བཟུང་ནས་སྡེ་འཁྲུག་བྱེད། །མུ་སྟེགས་བྱེད་དང་བན་བོན་རྣམས་ནི་ངན་སྔགས་སྒྲུབ་པའི་ཟོར་ཁ་འཕེན་རེས་བྱེད། །སྐྱེ་བོ་ཕལ་པ་རྣམས་ནི་དཀོན་མཆོག་གསུམ་དང་ཡི་དམ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་དཔང་དུ་བཙུགས་ནས་མནའ་དང་འདོར་ན་ལྷ་ཀླུ་དྲག་པོ་གནས་སར་འཐབ་གཞོབ་དང་ཤན་དམར་གྱི་ལས་བྱེད། །དེ་ལྟ་བུའི་དུས་སུ་མ་མོ་དང་མཁའ་འགྲོ་དང་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་ཀུན་ཏུ་འཁྲུགས་ཏེ། །རིགས་སྔགས་དང་བཅས་པས་ནད་ཀྱི་ཁ་རླངས་ནང་གཞི་སྣ་ཚོགས་བཏང་བ་སྤྲིན་དཀྲིགས་པ་དེར་དམར་ནག་དུ་ཆགས་འི་སེར་པོ་ལས། །བལ་ནད་ཁ་རླངས་དམར་པོ་ལས་རྒྱུ་གཟེར་ནག་པོ་ལས་གག་ལྷོག་དང་འབྲུམ་ནག་འབྱུང༌། །དེར་མ་ཟད་གཞན་ཡང་དབྱར་སྟོན་དགུན་དཔྱིད་དུས་བཞིའི་འབྱུང་བ་འཕེལ་ཟད་ཁམས་ཆ་མ་སྙོམས་པར་དམན་ལྷག་ལོག་པ་དང་།སྤྱོད་ལམ་དྲག་ཤུལ་དང་ནད་པའི་དྲི་དང་འབྱུང་པོའི་དུགས་ཕོག་པ་དང་ཞེ་སྡང་དྲག་པོས་ཁྲོ་འཇིགས་སེམས་མྱ་ངན་སེམས་ངལ་བའི་མྱ་ངན་དང་འདོད་ཆགས་དང་། །ཁ་ཟས་བསིལ་དྲོད་མ་སྙོམས་པ་བརྒྱད་ལ་སོགས་པ་དེ་ཡིས་རིམས་སུ་འགྱུར།།

སྤྱི་དོན་གཉིས་པ་རྒྱུ་རྐྱེན་དེ་ཡིས་ལུས་ཀྱི་མཁྲིས་པའི་མེ་དྲོད་བསླང༌ཞིང་ཆེར་འཕེལལ་བའི་ཚ་བ་དེ། །ཐོག་མར་སྐྱིལ་གནས་ནས་རྔུལ་གྱི་གནས་ལ་བབས་ནས་དེས་གནོད་བྱེད་དང་པོ་བད་ཀན་བར་དུ་མཁྲིས་པ་ཐ་མ་རླུང༌སོགས་མ་རིག་པ་འཁྲུགས།

སྤྱི་དོན་གསུམ་པ་འཇུག་སྒོ་པགས་པ་ཤ་དོན་སྣོད་རྩ་རུས་དྲུག་ཏུ་རིམ་པས་འཇུག་པའམ། །ནད་པའི་དྲིས་ཕོག་པས་ཀུན་ལ་འགོ་བའི་ཡམས་སུ་གྱུར་ཏེ་རིམས་ཀྱིས་འགོས་པའི་ཕྱིར། །རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས།། 

སྤྱི་དོན་བཞི་བ་དབྱེ་བ་བལ་ནད་འབྲུམ་བུ་རྒྱུ་གཟེར་དང༌། །གག་ལྷོག་ཆམ་པའི་རིམས་དང་རྣམ་པ་ལྔ། །དེ་ལ་ཕྱི་མ་བཞི་པོ་འོག་ཏུ་སྟོན། །དང་པོ་བལ་ནད་དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །བབས་ས་གནས་དང་སྦྱར་ཏེ་དབྱེ་བ་དང༌། །རིམ་པ་དུས་དང་སྦྱར་ཏེ་དབྱེ་བ་དང༌། །ནད་གཞི་རིགས་དང་སྦྱར་ཏེ་དབྱེ་བ་གསུམ། །དེ་ལ་རླུང་མཁྲིས་བད་ཀན་འདུས་པ་དང༌། །གཉན་རིམས་ཞེས་བྱ་རྣམ་པ་ལྔ་རུ་བཤད། །དང་པོ་འདར་བུ་དངཡེར་བུ་གཉིས་ནི་རླུང་གི་རིམས་ཡིན་ཏེ། །གཉིས་པ་ལེབ་རྒན་དང་ཀླད་གཟེར་ཞེས་བྱ་བ་གཉིས་ནི་མཁྲིས་པའི་རིམས། །གསུམ་པ་རྨོངས་བུ་དང་ལྐུགས་པ་གཉིས་ནི་བད་ཀན་རིམས་སུ་བཤད། །བཞི་བ་འདུས་རིམས་དབྱེ་བ་རྒྱུན་རིམས་དང་རྟག་པའི་རིམས། །ལྔ་བ་ཉིན་གཅིག་པ་དང་ཉིན་གསུམ་པ་དང་ཉིན་བཞིསྟེ་རྣམ་པ་ལྔ། །མཁྲིས་པ་རྩར་རྒྱུག་རིམས་དང་ཀླད་གཟེར་དང༌། །རིམས་སྨྱོན་ཏྲེ་ཏྲེ་ཧོས་སུ་བཏགས་པ་གསུམ། །དེ་རྣམས་དོན་མཐུན་པར་གཉན་རིམས་ཡིན་ཡང་མིང་གི་རྣམ་གྲངས་ཡིན་ནོ།།

སྤྱི་དོན་ལྔ་པ་རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་སྤྱི་ལ་མ་སྨིན་རྒྱས་དང་སྟོངས་པ་གསུམ། །དང་པོ་མ་སྨིན་རིམས་ཀྱི་མངོན་ཚུལ་ནི། །ཕྲུམ་སེར་གྲང་ཤུམ་ཡུན་རིང་མགོ་རྐང་ཚིགས་གཞི་ན། །ལུས་ལྕི་སྒྱིད་སྐྱུར་རྨི་ལམ་ཟ་ཟི་ཆལ་ཆོལ་མང༌། །གཡལ་མང་རྣ་བ་འཐིབས་ལ་ཤེས་པ་མྱོས། །ཉི་མ་སྙེག་ཅིང་ཁྱད་པར་སྲོད་ལ་ན། །ཁ་ཁ་མགོ་བོ་ན་ཞིང་དང་ག་འགག །རྩ་རྒྱུད་ཕྲ་མགྱོགས་གཡོ་ཞིང་ཆུ་མདོག་རྙོག །གཉིས་པ་བར་དུ་རིམས་རྒྱས་ལུས་ལྕི་རྔུལ་དྲི་མནམ། །མིག་མདངས་དམར་སེར་ལྕེ་མཆུ་སོ་དྲེག་ཆགས། །མགོ་ན་སྐོམ་དད་ཆེ་ལ་ཤེས་པ་གཡུང༌ངལ་ཞིང་ཉོབ་པའམ་རིག་པ་སྟོངས་ཞན་པ། །ཆུ་དམར་དྲི་མ་དུགས་ལ་ཀུ་ཡ་མཐུག །རྩ་རྒྱུད་ཕྲ་ལ་གྲིམས་ཤིང་མྱུར་དུ་འཕར། །གསུམ་པ་ཐ་མར་ཞུ་འཁྱགས་མཚམས་སླེབ་སྟོངས་པའི་རྟགས། །དཔྱི་མགོ་དང་རྐེད་པ་རུས་རྐང་ཁྱད་པར་ན། །ལུས་རྔུལ་གཉིད་ཆུང་མགོ་འཐོམ་རྣ་བ་འུར།   །ལྕེ་ནི་དམར་རྩུབ་སྐམ་ལ་སྟོང་སྐྱུགས་བྱེད། །སྨྲ་བ་འཆལ་སྐབས་སུ་འདར་ཞིང་ཕྱི་དྲོད་ཆེ། །གཉིས་པ་བྱེ་བྲག་རྟགས་ལ་རྣམ་པ་གསུམ་ཡོད་དེ། །དང་པོ་བབས་ས་གནས་ཀྱིས་དབྱེ་བ་དང་སྦྱར་བའི་འཕེལ་ཟད་འཁྲུགས་ཀྱིས་བརྟག་པ་ནི། །ཐོག་མར་སྐྱི་དང་བ་སྤུར་འབབ་པ་སྟེ། །ཤེད་ཆུང་སྒྱིད་སྐྱུར་ལུས་བརྩེ་བ་སྤུ་ལྡང༌། །དེ་ནས་ལྤགས་ལ་བབས་ཏེ་ཕྲུམ་སེར་གྲང་ཤུམ་ཁྱེར། །མགོ་རྐང་ཚིགས་གཞི་ན་ཞིང་ཉི་མ་སྙེག །དེ་ནས་རྩ་ལ་བབས་ཏེ་རྩ་ཚད་སྐྱེ། །རྩ་འཁྱུག་ཤེས་པ་བྱིང་ལ་སྐོམ་དད་ཆེ། །ཁ་ཁ་ཆུ་མདོག་དམར་ལ་རྙོག་པའོ། །དེ་ནས་ཤ་ལ་བབས་ཏེ་མགོ་བོ་འཐོམ། །ལུས་ལྕི་ཤ་ཚ་བསིལ་འདོད་ཤེས་པ་ཉོག །དེ་ནས་སྣོད་དུ་བབས་ཏེ་དང་ག་འགག །དྲི་མ་འཁྲུའམ་ཡང་ན་སྐམ་ལྕེ་ལ་བད་ཀན་ཆགས། །དེ་ནས་དོན་ལ་བབས་ཏེ་རྩ་ཆུ་ཚ།   །ལྕེ་སྐམ་ཟ་ཟི་སྨྲ་ལ་སྐོམ་དད་ཆེ། །དེ་ནས་གཞུག་ཏུ་རུས་ལ་བབས་པའི་རྟགས། །སྣ་བུག་ཁ་ལྕེ་སྐམ་ལ་སོ་དྲེག་ཆགས། །རྩ་སྟོངས་རྣ་བ་འོན་ལ་ཤེས་པ་ཉོག །གཉིས་པ་རིམ་པ་དུས་ཀྱི་སྒོ་ནས་བརྟག་པ་ནི། །དང་པོ་ཞག་གསུམ་བད་ཀན་དུས་ཡིན་ཏེ། །ཚ་བ་མགོ་ལ་བབས་པས་མགོ་བོ་ན། །ཉྭ་དང་ཚིགས་གཞི་ན་ཞིང་ཕྲུམ་སེར་གྲང་ཤུམ་ཁྱེར། །གཡལ་མང་སྒྱིད་སྐྱུར་སྐྱུག་ཅིང་ཉི་མ་སྙེག །ཚ་བ་མ་སྨིན་པར་ཚ་བ་དང་རླུང་གཉིས་ཚ་གྲང་འདྲེས་པ་དྭངས་སྙིགས་དབྱེ་བའི་དུས། །དེ་ནས་ཞག་གསུམ་མཁྲིས་པའི་དུས་ཡིན་ཏེ། །ཚ་བ་དབང་པོའི་སྒོར་བབས་ཁ་ཁ་ལ། །ལྕེ་ལ་བད་ཆེ་སོ་དང་མཆུ་དྲེག་པ་ཆགས། །སྣ་སྐམ་རྣ་བ་མི་གསང་མིག་ནག་སྐྱག་པ་ཆེ། །ཆུ་དམར་རྩ་གྲིམས་ཆུ་ཚན་ལྟར་གནས་ས་དེ་ཉིད་ལ་སྐེམ་པའི་དུས། །དེ་ནས་ཞག་གསུམ་ཁྲག་གི་དུས་ཁྲག་ལ་བབས་ཚད་པ་རྐྱང་བར་ཡོད་པས། །རྩ་དང་ཆུ་ཡི་ཚ་བ་གོང་བས་ཆེ། །ལྕེ་སྐམ་སྐོམ་དད་ཆེ་ལ་རྔུལ་དྲི་མནམ། །ལུས་ལྕི་ཚ་བ་ནི་གཉེན་པས་དགྲ་ལྟར་བསད་པའི་དུས་ཡིན། །དེ་ནས་ཞག་གསུམ་དོན་ལ་རླུང་ཁྲག་འཐབ་པའི་དུས། །ཚད་པ་དོན་ལ་བབས་པས་བླ་འཆོལ་སྨྲ། །དྲན་པ་མི་གསལ་ཚབས་ཆེ་སྲོག་རྩར་འཆོར། །ཤེད་ཆུང་རྩ་བྱིང་ངོ་ནག་ལྕེ་སྐམ་རྩུབ། །ཡང་ན་སྨྱོ་བའམ་ཚ་བ་རྫོང་ལ་འབྲོས་པ་སོགས་འབྱུང་བ་བསིལ་བ་དང་ཡང་བས་གཉེན་ལྟར་དུ་བསྟེན་པའི་དུས་ཡིན། །དེ་ནས་ཞག་གསུམ་རི་ཐང་མཚམས་ཀྱི་དུས། །རུས་ལ་བབས་པས་དཔྱི་སྐེད་རུས་རྐང་ན། །ཤེད་ཆུང་གདོང་སྐྱ་མགོ་འཐོམ་རྣ་བ་འུར། །གཉིད་ཆུང་ལུས་རྔུལ་རླུང་ཤས་ཆེ་བས་རླུང་སྣ་མནན་པར་ཚ་བ་ལྟ་བུ་ལྟར་གསོ་དུས་ཡིན། །གསུམ་པ་ནད་གཞི་རིགས་ཀྱི་སྒོ་ནས་བརྟག་པ་ནི། །དང་པོ་རླུང་རིམས་བརླ་དང་རྐེད་པ་ན། །མགོ་ལུས་ཡན་ལག་ལུས་ཀུན་བརྡུངས་སྙམ་བྱེད། །གཡལ་མང་མགོ་འཁོར་རྣ་བ་སྒྲ་དང་བཅས། །གཉིད་ཡེར་མུ་འགྲམ་མགོ་བོ་ཟུག་ཅིང་གཟེར། །སྤུ་ལྡང་པགས་པ་བརྩེ་ལ་རྔུལ་མི་འབྱུང༌། །རྐང་ལག་མགོ་བོ་འདར་ཞིང་བླ་འཆོལ་སྨྲ། །ཁ་ཟས་མི་འཇུ་བཤང་གཅི་སྲི་བ་ཡིན། །ཁྱད་པར་འདར་བུ་ཕྲུམ་སེར་ཡུན་རིང་འདར། །ཡེར་བུ་གཉིད་མེད་གཡོ་ཞིང་འབྲོས་ཚུལ་སྟོན། །རླུང་རིམས་བབས་ས་རུས་ཡིན་རུས་ཀུན་ན། །རྒྱས་ས་དོན་ཡིན་ལྕེ་སྐམ་ཟ་ཟི་མང༌། །ཐ་མར་སྲོག་རྩར་ལམ་དོན་སྨྱོ་འབྲོས་བྱེད། །མཁྲིས་རིམས་བསིལ་འདོད་མགོ་ན་ཁ་ཁ་ཞིང༌། །ལུས་ཚ་འཁྲུ་ཞིང་བཤང་གཅི་ལྤགས་མིག་སེར། །རྔུལ་དབྱུང་དྲི་མནམ་མྱོས་ཤིང་སྐོམ་དད་ཆེ། །ལུད་པ་ཁྲག་བཅས་ཁ་ལ་ཐོར་པ་འོང༌། །ཁྱད་པར་ལེབ་རྒན་སྟོད་གཟེར་ལུད་པ་དམར། །སྣ་ཁྲག་འཛག་ཅིང་ཚད་རྟགས་ཆེ་བ་ཡིན། །ཀླད་གཟེར་ཚ་བ་རྒྱས་ལ་མགོ་ཟུག་ཆེ། །མུར་འགྲམ་ལྟག་རྩ་འཁྱུག་ཅིང་མཚོགས་མ་ལྕི། །མཁྲིས་རིམས་དང་པོ་བབས་ས་རྩ་ཡིན་པས། །རྩ་ཆུ་ཚ་ལ་རྩ་རྒྱས་རྩ་རྣམས་འཁྱུག །བར་དུ་རྒྱས་པའི་ས་ནི་ཁྲག་ཡིན་པས། །ཆུ་དམར་རོ་སྟོད་ཚ་ཞིང་སྣ་ཁྲག་འོང༌། །ཐ་མ་ཕལ་ཆེར་ཕོ་བར་ལམ་དོན་པས། །མཁྲིས་པས་ཕོ་བའི་མེ་དྲོད་ཕྱིར་བཏོན་ཏེ། །ལྕེ་སྐམ་མཆུ་ཐུང་ཁ་སྐམ་སོ་དྲེག་ཆགས། །དང་ག་མི་བདེ་སྟོང་སྐྱུགས་བྱེད་པའོ། །བད་རིམས་ལྕེ་མི་བདེ་བ་ལས་གསལ་མྱོས་ཤིང་ཚ་བ་དལ་བུས་སྐྱེ། །སྐྱུག་ཅིང་མཆིལ་མ་ལུད་པ་མང་བ་དང༌། །ལུས་སྙོམ་ཤེས་པ་ལྕི་ཞིང་གཉིད་ཆེ་དང་ག་འགག །བཤང་གཅི་ལྕེ་དང་སེན་མོ་པགས་མདོག་དཀར། །ཁྱད་པར་རྨོངས་བུ་ཟ་ཟི་ཉག་ཉོག་མང༌། །དྲན་པ་མི་གསལ་ཤེས་པ་འཐིབ་པ་ཡིན། །ལྐུགས་པ་མི་ངོ་མི་ཤེས་སྨྲ་བ་ལྐུགས། །དྲི་ཆེན་དྲི་ཆུ་མི་འཁྱོལ་མལ་དུ་འཆོར། །བད་རིམས་དང་པོ་བབས་ས་དང་ག་སྟེ། །ཁ་མངལ་ཟས་མི་འཇུ་ལ་དང་ག་འགག །བར་དུ་རྒྱས་ས་ཤ་དང་ཀླད་པ་སྟེ། །ལུས་ལྕི་མྱོས་དང་ལྐུགས་པར་འགྱུར་བ་ཡིན། །ཐ་མར་འཆོར་ས་མཁལ་མར་ལམ་དོན་པས། །ཆུ་སྲི་མཁལ་རྐེད་ན་ལ་རྣ་བ་འོན། །འདུས་རིམས་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་དང་པོ་བར་དང་ཐ་མ་གསུམ། །འདུས་རིམས་རྣ་བ་མི་གསང་ཟ་ཟི་མང་ལས་གསལ་ཐོག་མ་དྭངས་མར་བབས་པའི་ཕྱིར། །དྭངས་མ་བད་མཁྲིས་གཉིས་ཀྱི་གནས་ཡིན་པས། །བད་ཀན་ཤས་ཆེ་མ་སྨིན་རྟགས་མི་གསལ། །དེ་འོག་མ་ཞུ་སྨུག་པོ་ལྟ་བུར་སྣང༌བས་མ་ཞུ་བའམ་སྨུག་པོ་དང་མ་ནོར་དགོས། །མཁྲིས་ཤས་ཆེ་ན་མ་སྨིན་རྟགས་འགའ་གསལ། །དེ་འོག་མཁྲིས་ནད་ལྟ་བུར་མིག་ཆུ་སེར་བས་བད་མཁྲིས་ནད་ད་ངམ་ནོར་བ་དགོས། །བར་དུ་རྒྱས་དུས་སེམས་རྨུགས་རྣ་བ་འོན། །གཉིད་ལོག་དུས་ན་ཟ་ཟི་བླ་འཆོལ་འབྱུང༌། །ལུད་པ་དམར་སེར་དཀར་པོ་འབྱར་བག་ལུ། །རྐང་དང་རྐེད་པ་རུས་ཚིགས་མ་ལུས་ན། །གྲེ་བ་ཚ་འཛེར་སྦྲིད་པ་སྣ་ཆུ་མང༌། །མིག་དམར་རྩིབ་ལོགས་ན་ཞིང་སྐོམ་དད་ཆེ། །ཚ་བ་རེས་ཆེ་རེས་ཆུང་བཤང་གཅི་རེས་འཁྲུ་རེས་སྐམ་རྔུལ་དང་གཉིད་མི་སྙོམས་པར་རེས་ཡོད་རེས་མེད་པ། །ལུས་ལ་ཐོར་པ་འབྲུམ་ཕྲན་དམར་ནག་འབྱུང་ཡང་སྲིད། །དྭངས་མ་ཁྲག་སོགས་ཟུངས་ཀུན་ལ་གནས་ཕྱིར། །ནད་རྟགས་མི་འདྲ་སྣ་ཚོགས་ཅིར་ཡང་སྲིད། །དང་པོ་ངོས་བཟུང་བ་སྨིན་བསད་འབྱང་དཀའ་ས་འདྲ་ལྕི། །ངེས་ཤེས་རྣ་བ་མི་གསང་ཟ་ཟིས་ཤེས། །ཐ་མར་ལུས་ཟུངས་ཞུ་བས་མཁྲིས་ཤས་ཆེ་ན་རྔུལ་མང་འབྱུང༌། །རླུང་ཤས་ཆེ་ན་སྨྲ་མང་ཕྱི་པགས་པ་དང་རྩ་ལུས་འདར་བ་སྲིད་པའི་སྟོང་སྐྱུགས་འོང༌། །བད་ཀན་ཤས་ཆེ་ན་ལུས་གྲང་ཧམ་པ་སྟེ་སེ་བ་ལྟར་སྐྱ་འམ་མགོ་རྐང་ན། །དེ་དག་རི་ཐང་མཚམས་སུ་ཕེབས་རྟགས་ཡིན། །ཞག་གྲངས་བཅོ་བརྒྱད་དམ་ཉི་ཤུ་རྩ་གཅིག་འདས་ན་འཚོ་འཆི་ཕྱེད། །གཉིས་པ་བྱེ་བྲག་རྟགས་ལ་རྒྱུན་རིམས་དྭངས་མར་བབས། །བད་མཁྲིས་ལྡན་པའི་ནད་རྟགས་འབྱུང་བ་སྲིད། །ཁྲག་ལ་བབས་པ་རྟག་པའི་རིམས་ཡིན་ཏེ། །རོ་སྟོད་ཕོ་མཆིན་མི་བདེ་སྣ་ཁྲག་འཛག །གློ་མང་ལུད་པ་མི་གཙང་མིག་ཆུ་དམར། །ཞག་གཅིག་ལའང་ཚ་བའི་ཟུག་གཟེར་ལན་གཉིས་ལྡང༌། །ཤ་ལ་བབས་པ་ཉིན་གཅིག་པ་ཞེས་བྱ། །རྔུལ་མང་དྲོད་ཆེ་ལུས་དང་ཤེས་པ་ལྕི། །ཚ་བ་ནད་ཟུག་ཉིན་རེ་ལན་རེ་ལྡང༌། །ཚིལ་ལ་བབས་པ་ཉིན་གསུམ་པ་ཡི་རིམས། །ཁྱད་པར་གཉིད་ཆེ་ལུས་པོ་ཤིན་ཏུ་ལྕི། །རླུང་མཁྲིས་ཤས་ཆེ་དང་པོ་མགོ་ལ་འབབ། །བད་མཁྲིས་ཤས་ཆེ་སྐེ་དང་ཕྲག་པར་འབབ། །རླུང་དང་བད་ཀན་ཤས་ཆེ་རྐེད་པར་འབབ། །ཉིན་རེ་བདེ་ལ་ཉིན་གཉིས་བསྟུད་ནས་ན། །རུས་ལ་བབས་པ་ཉིན་བཞི་པ་ཡི་རིམས། །ཁྱད་པར་རྐེད་པ་རྐང་རུས་ཚིགས་གཞི་ན། །ཀླད་པར་བབས་ཚེ་མགོ་འཁོར་ཆམ་པས་འདེབས། །སྟོབས་ཆེ་ཁ་ཡོ་མིག་སླེ་གཟའ་ཕོག་མཚུངས། །བད་ཀན་ཆེ་ན་བྱིན་པ་ན་བར་བྱེད། །རླུང་ཤས་ཆེ་ན་ཁྱད་པར་ཀླད་པ་ན། །ཞག་གཉིས་བདེ་ལ་ཞག་རེ་ན་རེས་བྱེད། །གཉན་རིམས་མཁྲིས་པ་རྩར་རྒྱུག་ཅེས་ཀྱང་བྱ་རྒྱ་ནད་མིག་སེར་རམ་རིམ་སྨྱོན་ཏྲེ་ཏྲེ་ཧོ་ཞེས་བྱ་བ་ཡིན་། །ནད་འདི་དམུ་ཀླུ་བདུད་བཤོས་པའི་བུར་བྱང་སྨན་ནི་སྔོན་དབང་ཕྱུག་གིས་སྦྱིན་བསྲེགས་བྱས་པའི་ཚེ་རྔུལ་གྱི་ཐིགས་པ་ཞིག་མེའི་ནང་དུ་སོང་བ་ལས། བུ་མོ་བདུན་སྐྱེས་པ་རི་རབ་ཀྱི་བྱང་ངོས་ཀེེ་ལ་ཤར་སྨན་མོའི་གཟུགས་ཀྱི་གནས་པས་བྱང་སྨན་ཞེས་གྲགས་ལ། དེ་དག་དང་རྒྱུད་གཅིག་པ་དང་དཔལ་ལྡན་ལྷ་མོ་ཡང་སུམ་ཅུ་རྩ་གསུམ་གྱི་བྱང་ཕྱོགས་སུ་གནས་ཤིང་ཞི་བའི་ཚེར་སྨན་མོའི་གཟུགས་སུ་ཡོད་པས་བྱང་སྨན་ཞེས་གྲགས་པ་ཡིན་ནོ་ དེ་དག་སོགས་ཀྱི་རྐྱེན་བྱས་ནས། །མཁྲིས་ཚད་ཕྱི་རོལ་རྔུལ་གྱི་སྒོར་ཞུགས་ཏེ། །ནང་དུ་མཆིན་མཁྲིས་དོན་སྣོད་གཉིས་ལ་བབས། །རང་སར་མི་གནས་རྩ་མིག་ཀུན་ཏུ་རྒྱུག །ཡར་ལ་མགོ་དང་ཀླད་པར་བད་ཡུལ་འཕྲོག །མར་ལ་མཁལ་མ་རྒྱུངས་པར་ཆུ་ཡུལ་འཕྲོག །དོན་ལ་གློ་དང་སྙིང་ལ་རླུང་ཡུལ་འཕྲོག །ཕོ་ལོང་རྒྱུ་མ་སྣོད་དུ་མཁྲིས་ཡུལ་འཕྲོག །ཤ་ལྤགས་ཕྱིར་ཤོར་སྟོབས་དང་ཁ་དོག་འཕྲོག །མཇུག་ཏུ་མཁྲིས་གནས་རླུང་གིས་སྤྱད་བྱས་ནས། །རང་གནས་སྲོག་རྩར་འཆོར་བས་འཚོ་བ་ཉུང་། །དེ་རྟགས་གྲང་ཤུམ་བྱེད་ཅིང་རྒྱུ་བ་ཞན། །རྩ་ནི་སྟོང་ལ་མྱུར་ཞིང་ཆུ་སེར་ཉོག །མགོ་དང་ཚིགས་གཞི་ན་ཞིང་ཟ་ཟི་འོང༌། །བར་དུ་ནད་རྒྱས་ཆུ་ནི་མར་ནག་འདྲ། །མིག་སྤྲིན་ལྕེ་འོག་མུར་གོང་ཤ་མདངས་སེར། །ཁ་ཁ་ལུས་ཚ་གཉིད་ཆུང་དང་ག་འགག །སེན་མོ་རྙིལ་དང་ལྕེ་མཆུ་དཀར་སེར་འོང༌མིག་སྤྲིན་ལྕེ་འོག་དང་མཁུར་ཚོས་ཀྱི་གོར་སེར་པོར་འགྲོ། །མགོ་གཟེར་ལྕེ་མཆུ་འགས་ཤིང་སོ་དྲེག་ཆགས། །མཆིན་མཁྲིས་སྟེང་དུ་འདྲིལ་བ་མནན་མི་བཟོད། །ནད་ཀྱི་དྲི་དུགས་སྟོབས་དང་གཟི་མདངས་འཆོར། །སྨིན་པའི་ལོང་མེད་པར་ཞག་བདུན་ནམ་དགུའི་དུས་ན་འཆི། །བླུན་པོ་འགའ་ཞིག་སྨིན་བྱེད་དུས་ལ་སྡོད། །རྩ་སྤུན་ཤེས་པ་ཡང་ལ་ལུས་སྟོབས་ཤོར། །ཕྱི་ཡི་དྲོད་ཆུང་ལྤགས་མདོག་གསེར་ལྟར་སེར། །དུས་འདས་རང་གནས་སྲོག་རྩར་སླེབ་པས་ཟློག་ཐབས་མེད་པར་འཆིའོ། །དེ་ཕྱིར་མ་སྨིན་དུས་ན་བྱ་ར་སྒྲིམས། །ཁྱད་པར་མགོར་བྲོས་ཀླད་གཟེར་སྣ་ཁྲག་འཛག །གློར་བབས་རོ་སྟོད་གཟེར་ལ་ལུད་པ་སེར། །མཁལ་བབས་མཁལ་རྐེད་ན་ཞིང་དྲི་ཆུ་སྡོམ། །ཕོ་བར་བབས་ན་ཁ་ཁ་མཁྲིས་པ་སྐྱུག །རྒྱུ་མར་བབས་ན་ཟུག་ཆེ་ཚན་ཅན་འཁྲུ། །དེ་དག་མི་འགྱུར་འཁྲུལ་མེད་ནད་རྟགས་ཡིན།

སྤྱི་དོན་བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་མ་སྨིན་དུས་སུ་མ་ནུ་བཞི་ཐང་ངམ་། །ཡང་ན་སླེ་ཏྲེས་ཨ་བར་སྐྱུར་ཏིག་ལྔ་ཐང་གིས་སྨིན་པར་བྱ། །ཟས་དང་སྤྱོད་ལམ་བསིལ་དྲོད་སྙོམས་པར་བཅོས། །རྒྱས་པར་མ་སྨིན་གོང་གི་ཚ་བ་སྤྱི་བཅོས་ལེའུར་བལྟ། །གཉིས་པ་བར་དུ་སྨིན་རྒྱས་ཏིག་ཏ་གསེར་མེ་ཏོག །དེ་བ་བ་སྤུ་ཆུང་པར་པ་ཏ་དང་ལི་ག་དུར། །ཨ་རུ་ར་ཡི་ཐང་བཏང་རྔུལ་མང་དབྱུང༌། །ཚ་སྟོབས་ཆེ་ན་དེ་སྟེང་ག་བུར་དང༌། །གི་ཝཾ་ཅུ་གང་གུར་ཀུམ་བོང་ང་དཀར། །ཏིག་ཏ་ཀ་ར་སྦྱར་ལ་ཐང་གོང་གི་ཐང་གིས་དབུལ། །སྨན་ཞུ་རྔུལ་དབྱུང་རིམས་ཚད་ཀུན་ལ་ཤེས། །སྐྱེད་ཆུང་མིག་ཆུ་སེར་ན་རྒྱལ་བློན་བཤལ་གྱིས་སྦྱང༌རྫོང་འཕྲང་དུ་ཐར་ནུ་ལྕུམ་རྩ་ཁྲོན་བུ་ཧོང་ལེན་གསེར་གྱི་མེ་ཏོག་རྣམས་ཀྱི་ཕྱེ་མ་དྲི་ཆུར་སྦྱར་ལ་གཏང་ཞེས་གསུངས།། །འབྲས་བུ་ཨར་བར་སྐྱུར་གསུམ་དང་དུར་བྱིད་པི་པི་ལིང། །ནཱ་ག་གེ་སར་སྦྲང་རྩི་ཀ་ར་སྦྱར། །རིམས་ཀུན་གསར་རྙིང་མེད་པ་སེལ་བར་བྱེད། །ཆུ་ལྕག་ཆུ་བསྐོལ་གྲང་མོ་གང་ཤིས་པའི་བྲབས་ལ་ནད་དག་བསིལ་གྱིས་བཅད། །ཟས་དང་སྤྱོད་ལམ་རྒྱས་ཚད་སྤྱི་དང་འདྲ། །ཁྱད་པར་རིམས་སོ་ཅོག་ལ་ཞོ་གནོད་དེ། །ཞག་བཅུ་གསུམ་འདས་ནས་འོ་མ་བདུད་རྩིར་མཚུངས། །གསུམ་པ་ཐ་མ་རི་ཐང་མཚམས་སུ་བུར་ཞོ་སྐུ་མཉེ་རུས་ཐང་སོགས་རླུང་བཅོས་འཇམ་པོ་འཕྲོད་དམ་མི་་འཕྲོད་སད་མདའ་བཏང༌། །ཁ་ཟས་གློད་ཅིང་ཚད་གཞུག་གདོན་པའི་ཐབས། །ལྔར་བཤད་པའི་རི་ཐང་མཚམས་ཀྱི་ལེའུར་ཤེས་པར་བྱ། །བིག་པན་སྲད་དཀར་སྙ་ལོ་ཀྱི་ལྕེ་དཀར་པོ་བཞི། །ཚ་བའི་སྟོབས་ཆེ་ན་ཀྱི་ལྕེ་ཐུན་ཆེ་བར་བྱ་ཚ་སྟོབས་ཆུང་ན་བིག་པན་ཐུན་ཆེ་བར་སྦྱར་ལ་དུ་བ་མ་ཤོར་བར་བསྲེགས་ཚ་སྟོབས་ཆེ་ན་ཀྱི་ལྕེ་མེ་བསྲེག་ཀྱང་ཟེར། །དེའི་ཐལ་བར་མགོ་ན་བར་ཨ་རུ་ཟུར་ལྔ་སྡེབ། །སྣ་ཁྲག་འཛག་ན་མཚེ་ཡི་ཐལ་བ་སྡེབ། །གློ་ལུ་བ་ལ་རྒྱ་སྐེགས་ཐལ་བ་སྡེབ། །རྩིབ་ལོགས་གཟེར་ན་མ་ནུའི་ཐལ་བ་སྡེབ། །མིག་ཆུ་སེར་ན་ཤོ་རྩའི་ཐལ་བ་སྡེབ།  །ཚིགས་གཞི་ལ་བབས་རྟ་ལྤགས་ཐལ་བ་སྡེབ། །དྲི་མ་འགགས་ན་སུག་པའི་ཐལ་བ་སྡེབ། །ཆུ་སྲི་བ་ལ་གཟེ་མའི་ཐལ་བ་སྡེབ། །རླུང་གི་རིམས་ལ་རུས་ཁུས་འཕུལ་ལ་བཏང༌། །རི་ཐང་མཚམས་སུ་ཆང་ཁྱོར་རེ་ཡིས་དབུལ། །ཆང་འཐུངས་གཉིད་ལོག་འདིའི་མིང་ལ་ག་བུར་ནག་པོ་བྱ་བ་ཡིན། །རླུང་ལྡན་རིམས་རིགས་ཀུན་ལ་བསྔགས་པ་སྟེ། །ཁྱད་པར་རིམས་ལ་རི་ཐང་མཚམས་ཀྱི་བདུད་རྩི་ཡིན། །མ་སྨིན་རི་ཐང་མཚམས་གཉིས་ཡར་གྱི་རི་ཐང་མཚམས་དང་ཞུ་འཁྱགས་མཚམས་ཐ་མའི་རིམས་ལ་གཅེས། །དེ་ཕྱིར་མཁས་པས་འདི་དུས་གཟབ་པར་བྱ། །གཉིས་པ་བྱེ་བྲག་བཅོས་པའི་ཐབས་ལ་རྣམ་གསུམ་ལས། །དང་པོ་བབས་ས་གནས་དང་སྦྱར་ལ་བཅོས་པ་ནི། །བ་སྤུར་བབས་དུས་ལྟོ་སྒུག་ཆུ་སྐོལ་ནང་ནུབ་བཏང༌། །ཁ་ཟས་བསིལ་ཕྱོགས་མི་བཏང་སྨིན་པར་དཀའ། །བསིལ་ཐང་དང་ཕྱེ་མ་མི་བསྟེན་ཚ་བ་རྙོགས། །སྣུམ་དང་བཅུད་མི་བཏང་ཚ་བ་རུས་ལ་ཞེན། །དེ་ནས་ལྤགས་བབས་མ་ནུ་སླེ་ཀཎ་སྒ་བཞི་ཐང་བཏང་། །ཚ་བ་ཆེ་ན་འབྲས་ཨ་བར་སྐྱུར་གསུམ་སླེ་ཏྲེས་ཀྱི་ཐང༌། །འདི་དུས་མི་བསྲེག་ཚ་བ་ཁོང་དུ་འཆོར། །དྲོད་བཅུད་མི་བསྟེན་ཚ་བ་རྩི་ལྟར་ཞེན་པར་འགྱུར། །སྨན་བསིལ་བའི་ཕྱེ་མི་བསྟེན་ཚ་བ་སྐྱེ་ལམ་འགག །ཁྱད་པར་གཏར་ག་བཤལ་དང་བསིལ་བའི་རིགས་དང་བཅུད་ལེན་རྣམས་སྤང༌། །ཚ་བའི་ནད་ལ་བྱ་འཆོར་རྔུལ་མི་དབྱུང་། །དེ་ནས་རྩར་བབས་པའི་དུས་སུ་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་བ་ཤ་ཀ །ག་དུར་ཀར་སྦྱར་ཟས་སྐོམ་བསིལ་དུ་བསྟེན། །འདི་དུས་ཐང་བཏང་དང་ག་འགག་པས་སྤང༌། །སྣུམ་བཅུད་བཏང་ན་གབ་འགྱུར་བསྲེགས་ན་ཚ་བ་འདྲེགས། །ཡང་སྐྱུར་ཤོར་ངན་ཁྲག་རྩར་ཞེན་གསོ་བ་དཀའ། །ཤར་བབས་པའི་དུས་སུ་གི་ཝཾ་བསིལ་ཅུ་གུར་ལི་གསུམ་ཨ་རུ་ར། །ཀ་ར་སྦྱར་བའི་བསིལ་འཇམ་ཕྱེ་མ་བསྟེན། །བསྲེགས་ན་གཟེར་འདེབས་གཏར་ན་རྗེས་མི་ཆོད། །འདི་དུས་རྔུལ་དུ་གདོན་པ་ཤིས་པ་ཡིན། །ཐང་བཏང་རྩར་ཞེན་འགྲོ་བས་བཅུད་ཤོར་མེ་རུ་འབར། །ག་བུར་མི་བཏང་རླུང་འཁྲུགས་ཚ་བ་འཐོར་བར་འགྱུར། །སྣོད་བབས་བྱི་ཚེར་ཏིག་ཏ་གསེར་མེ་ཏོག །བོང་ང་ག་དུར་དུག་ཉུང་ཀ་ར་སྦྱར། །བད་དུས་རྔུལ་ཐང་བསྲེག་དང་དྲོད་བཅུད་ཤིན་ཏུ་གནོད་པས་སྤང་ངོ་། །སྣོད་དུ་བབས་ཚེ་ཐང་བཤལ་ལྕུབ་རྩ་ཨ་རུ་མཆུ་སྙུང་ཆ་མཉམ་སྟེ་ཉི་དགའ་ཤིང་མངར་རྒྱམ་ཚ་པི་པི་ལིང་ཞེས་པ་དེ་ཡིན་ཡང་ན་ལྕུམ་རྩ་དུར་བྱིད་ཨ་རུ་བསྔགས་པ་ཡིན། །དོན་བབས་ཚ་བ་རབ་འབྲིང་བྱེ་བྲག་གིས། །ག་བུར་ཙན་དན་དཀར་པོ་གི་ཝཾ་གཙོ་བྱས་ལ། །བསིལ་ཅུ་གུར་ལི་གསུམ་ག་དུར་ཏིག་ཏ་བོང་ང་དཀར། །ཧོང་ལེན་ཀ་ར་སྦྱར་བའི་ཕྱེ་མ་བསྟུད། །རླུང་མཁྲིས་བད་ཀན་ཁྲག་ཤས་ཆེ་བ་ལ། །རླུང་ཤས་ཆེ་ན་མེ་དང་མཁྲིས་ཤས་ཆེ་ན་སྦྱོངས་དང་བད་ཀན་ཤས་ཆེ་ན་རྔུལ་དང་ཁྲག་ཤས་ཆེ་ན་གཏར་ཅུང་ཟད་བསྟེན་པར་བྱ། །རྔུལ་དབྱུང་རྗེས་སུ་གྲང་སོང་ན་རླུང་འཁྲུགས་བཅུད་བཏང་སྔས་སོང་ན་ཚ་བར་ལྡོག །རུས་བབས་སྲེ་ལོང་བུར་ཞོ་ཚོ་ཁུས་བསད། །ཟས་ཀྱིས་ངོ་རླུང་སྣ་གླན་བསིལ་གྱིས་ཚད་གཞུག་གདོན། །བསིལ་དྲགས་ཟས་ཡེན་ཟུངས་འཛད་ལ་རྒལ་འགྱུར། །རླུང་འཕེལ་གསར་འཇམ་བྲིད་ལ་དྲུག་བདུན་བསྲེག །གཉིས་པ་རིམ་པ་དུས་དང་སྦྱར་ཏེ་བཅོས་པ་ནི། །བད་ཀན་དུས་སུ་འབྲས་ཨ་བར་སྐྱུར་གསུམ་མ་ནུ་སླེ་ཀན་སྒ་བཞི། །སླེ་ཏྲེས་བྱི་ཚེར་ཏིག་ཏ་དྲོ་འཇམ་བསྟེན། །སྐབས་སུ་རྔུལ་དབྱུང་ཚ་བའི་ཁ་བྲིད་ལ་གཉེན་ལྟར་བསྟེན། །མཁྲིས་དུས་ཏིག་ཏ་གསེར་གྱི་མེ་ཏོག་དང༌། །ཨ་རུ་ར་ཡི་བསྡུས་གྲང་བཏང་བར་བྱ། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་གསེར་གྱི་མེ་ཏོག་བ་ཤ་ཀ །ག་དུར་ཀ་ར་སྦྱར་བའི་ཕྱེ་མ་བསྟེན། །མགོ་བོ་ན་ན་དཔྲལ་རྩ་ཁ་ཕྱེ་གཏར་དྲགས་པས་ཚ་བ་མགོ་ལྡོག་པས་སྤང་། །ཆུ་ལྕག་བྱས་པས་མགོ་བོའི་ཚ་བ་སེལ་སྐྲ་མི་འབྱི། །ཁྲག་དུས་དང་པོ་ག་བུར་ཙན་དན་གི་ཝཾ་དང༌། །བསིལ་ཅུ་གུར་ལི་གསུམ་ག་དུར་ཀ་རའི་ཕྱེ་མ་བསྟུད། །ཁྲག་མཁྲིས་སྟོབས་ཆེ་ཅུང་ཟད་གཏར་ཞིང་སྦྱང༌། །བྱིང་འཐིབས་རྔུལ་མང་དུ་གདོན་ཟས་སྤྱོད་བསིལ་དུ་བསྟེན། །རླུང་ཁྲག་འཐབས་དུས་ཛཱ་ཏི་སྙིང་ཞོ་ཤ། །བིག་པན་སྒོག་སྐྱའི་ཐལ་བ་བུར་དཀར་སྦྱར་ལ་རུས་ཁུས་ཕུལ་ལ་དགོང་དང་ཐོ་རངས་བཏང༌། །ག་བུར་ཅུ་གང་ཙན་དན་དཀར་པོ་རྒྱལ་བློན་གསུམ་དང་ཉིན་དགུང་མཚན་དགུང་དུ་ལྟག་པ་སྤྲད། །དྲན་མེད་སྨྲ་འཆལ་མདུན་གྱི་མི་ལ་ལག་པས་འཛིན་ནམ་ནམ་མཁའ་ལ་ལག་པས་འཛིན་པ་ལྟར་སྣོམ་སྣོམ་བྱེད། །ཁ་ལ་ཟས་བྱིན་ན་ཁྱེམ་བུ་སོས་འཛིན་པ་དང་མིག་རྩ་གྲུང༌ན་གསོ་དཀའ་། །ག་བུར་ཆང་སྦྱར་བཏང་ལ་ཚིགས་པ་དྲུག་པ་བསྲེག །ག་བུར་དང་ཅུ་གང་གཉིས་ཆང་ལ་སྦྱར་ནས་བཏང་གོས་དྲོན་པོས་བྱིབས་ཏེ་རྔུལ་དབྱུང་རྔུལ་མ་ཐོན་ན་རྡེའུའི་རླངས་ལུམས་བྱ། རྔུལ་ཐོན་ན་ག་བུར་ཐེབ་པ་དང་ནང་པར་རླུང་སྐྱེས་སམ་ཚ་བར་ལྡོག་གམ་གཉིས་ཀ་ཆོམས་སམ་བལྟ། སྐྱེད་གང་ཡང་མེད་ན་བསྲེག གཉིས་ཀ་ཆོམས་ན་ངོ་བླང་ངོ་། ཁ་ཟས་དགུང་གཉིས་དང་ནང་ནུབ་གཉིས་བསིལ་དྲོད་སྤེལ་ལ་བཏང་ན་སྒ་སྐྱ་སྒོག་ཆབ་བསྔགས། །སྐྱེད་ཆུང་ཨ་སོ་ཅུང་ཟད་གཏར་ལ་རྒྱལ་བློན་ག་བུར་ཅུ་གང་ཙན་དན་གསུམ། །ཛཱ་ཏི་ཀ་ར་སྦྱར་ལ་བཏང་བར་བྱ། །བཅུ་གསུམ་ཕན་ཆད་ཚ་བའི་རི་ཐང་མཚམས་ལ་བབས་པའི་དུས། །ཆང་གསར་ཚོ་ཁུ་བུར་ཞོ་སྲེ་ལོང་ཐང༌། །སད་མདས་ངོ་གླན་ཆ་ཡིས་བྲིད་ལ་གློད། །སྐྱུ་རུ་ཙན་དན་དཀར་པོ་ག་བུར་བིག་པན་ཐལ། །ཀར་སྦྱར་ཚད་ལྷག་སྐམ་ཕྱིར་དགུང་གཉིས་བསྲིངས་ལ་བཏང༌། །ཚ་བ་ཐོན་ནས་ནད་དང་ག་ལ་གང་འཕྲོད་ཟས་ཀྱིས་གསོ། །གསུམ་པ་ནད་གཞིའི་རིགས་དང་སྦྱར་ཏེ་བཅོས་པ་ནི། །རླུང་རིམས་དང་པོ་མ་སྨིན་པའི་དུས་བུ་རམ་གོ་སྙོད་ཐང༌། །རུས་བཅུད་སྲེ་ལོང་སོག་ཡུ་གཞུག་ཆུང་གསུམ་དང་སླེ་ཏྲེས་ཆིག་ཐང་དང༌། །བྱི་ཚེར་ག་དུར་སླེ་ཏྲེས་སྒ་ཐང་བཏང༌། །སྨིན་ནས་བཟང་དྲུག་སླེ་ཏྲེས་བིག་པན་ཐལ། །ཀ་རའི་ཕྱེ་མ་རུས་ཁུས་འཕུལ་ལ་བཏང་། །གཏར་བཤལ་རླུང་འཁྲུགས་པས་ག་བུར་འདི་ལ་ཉེ་མི་རུང༌། །བསིལ་ཤ་རི་དྭགས་སྐོམ་ཤ་གསར་པ་མར་གསར་ཡོས་ཐུག་བསྟེན། །ཚ་བ་ཆུང་ན་ཞག་དགུ་ལོན་པ་དང༌། །འདར་བུའི་ལྟག་ཁུང་སྐྲ་མཚམས་ཡེར་བུའི་ཨན་སྟོང་སྤྲ་བ་ལྔས་བསྲེག །མ་ཐུབ་སྲོག་རྩར་ལམ་དོན་སྨྱོ་བ་ན། །ཛཱ་ཏི་གུ་གུལ་རུ་རྟ་ཨ་ག་རུ། །སྒོག་ཐལ་བུར་དཀར་སྦྱར་ལ་རུས་ཁུས་དབུལ། །རུས་བཅུད་ཁུ་བར་ཛཱ་ཏི་བཏབ་ལ་བཏང༌། །མ་ཐུབ་གཞུག་ཆུང་ལྔ་བདུན་སྦྱོར་བ་བྱ་ལུག་གི་གཞུང་ཆུང་ལྔའམ་བདུན་ཆང་ལ་གདུས་ཁུར་ག་བུར་དང་ཅུ་གང་བཏབ་པ་བཏང་ངོ་། །དྲུག་བདུན་ཨན་སྟོང་ལྟག་པའི་སྡུད་སྒོ་བསྲེག །དེ་ལྟར་བཅོས་པས་མ་ཐུབ་སྲོག་རླུང་ལོག །རྩ་སྤུན་རྔམ་པ་རྩེག་ན་འཆི་བ་ཡིན། །སྨན་གྱིས་སྣ་ལོན་དྲན་པ་གསལ་ལ་རྩ་ཤེད་རྒྱས། །ཆུ་དྭངས་ལྕེ་རློན་རྐང་པའི་དྲོད་རྙེད་ཅིང༌། །སྣབས་སྐམས་འགོག་སླ་རྣ་བ་གསང་ན་འཚོ། །མཁྲིས་རིམས་དང་པོ་མ་སྨིན་པའི་དུས་སུ་ཏིག་ཏ་བྱི་ཚེར་ཐང༌། །བྱི་ཚེར་ག་དུར་རྩ་མཁྲིས་སྐྲ་བཟང་པར་པ་ཏ་དང༌། །ཡང་ན་ཨ་རུ་ག་དུར་ཏིག་ཏ་སྐྲ་བཟང་པར་པ་ཏ་བཏང༌། །སྨིན་ནས་ག་དུར་གི་ཝཾ་ཙན་དན་དཀར་པོ་གསུམ་རབ་གསུམ་འབྲིང་གཉིས་ཐ་མ་གཅིག། །ཚད་སྟོབས་སྦྱར་ལ་བསིལ་ཅུ་གུར་ལི་གསུམ་ལི་ག་དུར། །ཏིག་ཏ་དུག་ཉུང་གསེར་མེ་བོང་ང་དཀར། །ཧོང་ལེན་བ་ཤ་ཀ་དང་ཀ་ར་སྦྱར། །ཚ་བ་ཆེ་ལ་ཁྱད་པར་མིག་ཆུ་སེར། །འབྲས་ཨ་བར་སྐྱུར་གསུམ་ལྕུམ་རྩ་དུར་བྱིད་ཐང་བཤལ་བྱ། །མཁྲིས་རིམས་ཁྱད་པར་ལེབ་རྒན་སྣ་ཁྲག་འཛག་པ་ལ། །ཙན་དན་དམར་པོ་མཚེ་ཐལ་དོམ་མཁྲིས་སྦྱར་ལ་བཏང༌། །སྨིན་མའི་བར་དུ་སྤྲ་བ་ལྔ་ཡིས་བསྡམ། །གློ་ལུ་སྟོད་གཟེར་ལུད་པ་དམར་བ་ན། །ཙན་དན་དཀར་པོ་གུར་ཀུམ་ཅུ་གང་དང༌། །རྒྱ་སྐྱེགས་ནང་གི་ཤིང་གི་ཐལ་བ་དང་ཀ་ར་སྦྱར་བྱས་ལ། །ཚོས་ཁུས་འཕུལ་བཏང་གློ་རྩ་ཅུང་ཟད་གཏར། །ཀླད་པ་གཟེར་ན་མུ་འགྲམ་འཁྱུག་རྩ་བསྲེགས། །དཔྲལ་བའི་རྩ་ལ་ཁྲག་རླངས་ཐོན་ཙམ་གཏར། །གླ་རྩི་སྤང་སྤོས་ཕུར་ཐལ་ཨ་རུ་ར། །ཤུག་པ་སྤང་རྒྱན་དཀར་སྦྱར་མཚོགས་སྟེང་སྐྲ་མཚམས་སམ་གྱེན་ལ་སོར་བཞིར་སྤྲ་བ་ལྔས་བསྲེག །ཐ་མ་ཕོ་བར་ལམ་དོན་ཐང་ཨ་རུ་བར་རུ་སྐྱུར་རུ་དུར་བྱིད་ལྕུམ་རྩའི་བཤལ་བྱ། །དེ་རྗེས་ཛཱ་ཏི་ཤིང་ཀུན་ཀ་ཀོ་ལ། །བུར་ཆང་བཏང་ལ་ཚོ་ཁུ་ཆང་འཇམ་བསྟེན། །དེ་ལྟར་མ་བཅོས་ཕོ་བའི་མེ་ཤི་ནས། །ཁ་ཟས་མི་འཇུ་སྟོང་སྐྱུགས་བྱེད་ན་འཆི། །གོང་བཞིན་སྣ་ལོན་རྟགས་ཚང་འཚོ་བར་ངེས། །བད་ཀན་རིམས་ལ་མ་སྨིན་པའི་དུས་སུ་དང་པོ་མ་ནུ་སླེ་ཀཎ་སྒ་བཞི། །བྱི་ཚེར་ག་དུར་བ་ཤ་ཀ་དང་སྒ་ཐང་བཏང་ངོ་། །གླ་སྒང་པར་པ་ཏ་ཡི་སྨིན་ཐང་བཏང༌། །བཟའ་བཏུང་བཀག་པའི་སྨྱུང་བར་བྱ་ཞིང་ནང་ནུབ་ཆུ་སྐོལ་བཏུང༌། །བར་དུ་སྨིན་ནས་བཟང་དྲུག་ཅུ་གུར་ལི་ཛ་སུག་ཀ་དང་ཏིག་ཏ་འབྲས་བུ་ཨ་བར་སྐྱུར་གསུམ། །ཨུཏྤལ་ག་དུར་ཀ་ར་སྦྱར་ལ་བཏང༌། །འབྲས་བུ་ཨར་བར་སྐྱུར་གསུམ་དང་ཏིག་ཏ་ལི་ག་དུར། །བསྡུས་ཐང་དྲོན་མོ་བཏང་ལ་རྔུལ་མང་དབྱུང༌། །འབྱང་དཀའ་ཚ་བ་མི་ཆག་ལྕུམ་རྩ་དུར་བྱིད་ཨ་རུ་སྐྱེར་ཤུན་ཐང་བཤལ་གྱིས་སྦྱང༌། །ཁྱད་པར་རྨོངས་བུའི་རིགས་ལ་ར་དཀར་པོའི། །རྭ་རུ་བསྲེགས་པའི་གཞོབ་དང་བལ་ཚི་སྦྱར། །ལུས་ཀུན་བྱུགས་ཏེ་སྙམ་ལ་ལ་ག་བུར་རྒྱལ་བློན་ག་བུར་ཅུ་གང་བོང་ང་གསུམ། །བལ་ཚིལ་དང་སྦྱར་བས་ཁོང་དུ་བཏང་ལ་ཞུ་ནས་གོས་ཀྱི་བྱིབས་ལ་བ་སྤུར་རྔུལ་ཆུ་དབྱུང་། །བླ་འཆོལ་འཁྲུལ་གཏམ་མང་ན་ལྟག་པའི་སྐྲ་མཚམས་ནས་གྱེན་དུ་ཚོན་གང་བསྲེག །སྐྱུགས་སུ་བྱུང་ན་ཚིགས་པ་དང་པོ་བསྲེག །ཁ་ལྐུགས་ག་བུར་རྒྱལ་བློན་ག་ཅུ་ཙན་གསུམ་པ་དང༌། །ཛཱ་ཏི་སྦྱར་བཏང་རྐང་མཐིལ་མཐེབ་སྙིང་བསྲོ། །དེ་རྗེས་ལྕེ་འོག་རྩ་ལ་གཏར་བར་བྱ། །མཁལ་མར་ལམ་དོན་གཟེ་མ་པི་པི་ལིང་། །བུ་རམ་བསྡུས་ཐང་དྲོན་མོས་མཁལ་མའི་རླུང་གི་སྣ་གླན། །དེ་ལྟར་མ་བཅོས་མཁལ་མའི་ཟུངས་ཉམས་ཏེ། །རྐང་པའི་དྲོད་ཉམས་དབུགས་ཐུང་སྣ་ཆུ་འོང༌། །བླ་རྩ་བྲོས་ན་མི་ཐུབ་འཆི་བར་ངེས། །མཁལ་མའི་རླུང་གི་སྣ་ལོན་ཞིང་གོང་གི་རྟགས་ཆད་རྐང་པ་ཆེ་དབུགས་སྣ་རིང་སྣ་ཆུ་ཆད་ཅིང་བླ་རྩ་ཁུགས་པའམ་ཚང་ན་འཚོ་བ་ཡིན། །འདུས་རིམས་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དང་པོ་སྨིན་དང་བར་དུ་ཞི་བྱ་ཐ་མ་གསོ་བ་གསུམ། །དང་པོ་སྨིན་བྱེད་དྭངས་མར་བབས་པ་ལས་འདུས་རིམས་ཡིས། །ཕོ་བ་དྲོད་ཉམས་རྩ་ལམ་འགགས་པའི་ཕྱིར། །ཅི་རིགས་སྨྱུང་བྱ་རྒས་པ་མ་སྨིན་བ་ལ་ནང་ནུབ་ཆུ་སྐོལ་བཏུང༌། །འབྲས་སམ་ཡོས་ཐུག་སྤོད་འུ་སུ་རྒྱམ་ཚ་སྒ་པི་སོགས་བཅས་པའི་ཚ་བ་ཐུག་པ་བཏང༌། །ག་དུར་རམ་བཅའ་སྒ་བྱི་ཚེར་པར་པ་ཏ་གསུམ་ལ། །གླ་སྒང་བསྡེབས་ཏེ་བསྐོལ་ཐང་རྩེ་འཇམ་དང༌། །སླེ་ཏྲེས་གླ་སྒང་རྩ་མཁྲིས་སྒ་ཐང་བཏང༌། །ཁྱང་པར་བད་རླུང་ཆེ་ན་མ་ནུ་སླེ་ཀཎ་སྒ་བཞི་ཐང་སྟེ། །ཁྲག་མཁྲིས་ཆེ་ན་འབྲས་བུ་ཨ་བར་སྐྱུར་གསུམ་ཐང་བཏང༌། །ཟས་སྤྱོད་ཚ་གྲང་གཉིས་སྤང་དྲོ་འཇམ་བསྟེན། །དེ་ཡི་སྨིན་རྟགས་རྔུལ་གཡོས་ཕྲུམ་སེར་གྲང་ཤུམ་སངས། །དེ་འོག་བར་དུ་ཞི་བས་བཅོས་བྱ་སྟེ། །དེ་ཡང་བཅོས་པའི་དུས་ལ་གསར་རྙིང་གཉིས། །གསར་དུས་ཉེས་པའི་སྟོབས་ཀྱིས་བཅོས་པ་དང་། །ཚ་བའི་སྟོབས་དང་སྦྱར་ནས་བཅོས་པ་གཉིས། །དང་པོ་ཉེས་པའི་སྟོབས་སྦྱར་རླུང་མཁྲིས་བད་ཀན་གསུམ། །གང་ཤས་ཆེ་བ་སྔོན་ལ་ཞི་བར་བྱ། །དེ་གསུམ་ཆ་མཉམ་དང་པོ་བད་བར་དུ་མཁྲིས་ཐ་མར་རླུང་གསུམ་རིམ་པས་བཅོས། །རླུང་ལ་སླེ་ཏྲེས་མཁྲིས་ལ་ཨ་རུ་ར། །བད་ཀན་པི་པི་ལིང་གི་ཆིག་ཐང་བཏང༌། །ཆ་མཉམ་པ་ལ་འབྲས་བུ་ཨ་བར་སྐྱུར་གསུམ་ཐང་བསྟེན། །རླུང་མཁྲིས་བད་ཀན་གང་ཤས་ཆེ་བ་ཟས་སྤྱོད་སྨན་དཔྱད་དེ་ཡི་གཉེན་པོར་སྦྱར། །གཉིས་པ་ཚ་བའི་སྟོབས་དང་སྦྱར་ཏེ་བཅོས་པ་ནི། །ཡུལ་དུས་ན་ཚོད་རྒན་གཞོན་ནད་ཁམས་ཚ་གྲང་ཟས་སྤྱོད་བསིལ་དྲོད་ཀྱིས། །ཚ་སྟོབས་ཆེ་ཆུང་གཉིས་སུ་འགྱུར་བའི་ཕྱིར། །སྟོབས་ཆེ་སྨིན་དུས་བསྡད་པའི་ལོང་མེད་མ་སྨིན་པར་སྲོག་ལ་རྒོལ་པས། །ཞག་གཅིག་བཟའ་བཏུང་བཀག་ལ་སྨྱུང་བྱས་ནང་པར་གང་རུང་བའི་གསར་ཤ་བྱིན། །དེ་ཡི་ནང་པར་རི་ཤོ་བའི་རྩ་བ་དང་གསེར་ཕུད་སྐྱུགས་ཀྱིས་དྲང་། །སྐྱུགས་བྱས་ནང་པར་ཧོང་ལེན་དུར་བྱིད་ཀྱི་བཤལ་གྱིས་སྦྱང༌། །དེ་ཡིས་ཕོ་བའི་བད་མཁྲིས་བསལ་བྱས་ལ། །གསེར་མེ་གུར་གུམ་གྷི་ཝམ་གླ་རྩི་དོམ་མཁྲིས་ཕྱི་རྒྱུད་ཀྱི་ག་བུར་རྒྱལ་བློན་གསུམ་ལྔ་བདུན་པ་འམ། །ཕྱི་རྒྱུད་ཀྱི་ག་བུར་བཅུ་བཞི་རིན་ཆེན་ཞགས་པ་ལུས་ཟུངས་ཚ་སྟོབས་སྦྱར། །སྐབས་སུ་སྨན་བཏང་རྗེས་ལ་ཚད་ལམ་བསལ། །སྣོད་ཚད་ཆེ་ན་མངར་བའི་སྨན་རྒུན་འབྲུམ་དང་དུར་བྱིད་གྱིས་སྦྱང་། །སྟོད་དུ་གཟེར་ན་རྩེ་ཆུང་དང་སྨད་དུ་ལོང་རྩ་མདུད་སྒོ་རྒྱབ་རྩ་ལུད་པ་དམར་སེར་གནས་ནད་དམིགས་ཀྱི་རྩ་ལ་སྦྱར་ཏེ་གཏར། །ཚ་བའི་རླངས་གདོན་ཁྲག་བོངས་ཆེར་མི་རུང་། །སྟོབས་ཆུང་བྱ་ཀྲྀ་སྟག་ཚེར་རམ་ཁཎྚ་ཀ་རི་སྐྱེར་པ་པ་ཏོ་ལ། །ཧོང་ལེན་སྒྲོན་ཤིང་གླ་སྒང་འབྲས་བུ་ཨ་བར་སྐྱུར་གསུམ། །བསྐོལ་གྲང་བཏང་རྗེས་ཕྱི་རྒྱུད་ཀྱི་གཙོ་བོ་བརྒྱད་པ་ལ། །གླ་སྒང་པར་པ་ཏ་དང་དུག་མོ་ཉུང་། །པ་ཏོ་ལ་དང་རྩ་མཁྲིས་བསྣན་ལ་བཏང་། །ཟླ་གཅིག་ཕར་འདས་པ་ན་རིམས་རྙིང་ཚ་བ་རྣམས་བྱེར་ཅིང་སྟོངས་པ་འོང་། །སླེ་ཏྲེས་པི་པི་ལིང་དང་འབྲས་བུ་ཨ་བར་སྐྱུར་གསུམ། །ཐང་མང་བཏང་རྗེས་རྒྱུད་ཕྱི་མའི་ཉི་ཤུ་རྩ་ལྔ་སྦྱར། །སྐབས་སུ་རྔུལ་དབྱུང་མིག་ཆུ་སེར་ན་སྦྱང་གོང་གི་ཚ་བ་སྤྱི་བཅོས་ཀྱི་སྐབས་སུ་ལྕེ་ཆུ་མིག་ཆུ་སེར་ན་བཤལ་གྱིས་སྦྱང་ཞེས་པ་དེའོ།། །བཤང་གཅི་ཕྱེན་འགགས་པ་ལ་བྱ་ཀྲི་སྟག་ཚེར་དང་། །གཟེ་མ་འོ་མ་བུར་རྙིང་བསྐོལ་བ་ཕན། །མདོག་སྔོ་ཤ་སྐམ་དང་ག་བདེ་བ་ན། །ཚ་བ་ཕྱི་རུ་བྱེར་བས་ཆུ་ལྕག་ཕན། །རྩ་ཁྲིད་ཅིང་ན་འཕྲེང་བ་སྟེ་རྒྱགས་པ་ལྕི་ན་ཅུང་ཟད་ཡན་ལག་གང་ལ་བབས་པའི་རྩར་གཏར། །ཚིགས་གཞི་རུས་པ་ན་སྐྲངས་བདུད་རྩའི་ལྔའི་ཆུ་ལུམས་བྱ། །རིམས་རྗེས་སྣ་རྩ་སྐྲངས་སམ་དབུགས་འགགས་ན་ན་གང་ཉེ་གཏར། །གུར་ཀུམ་ཀ་ར་མར་གསར་སྣ་སྨན་བཏང་། །བྲག་ཞུན་སྟག་ཤ་ཧོང་ལེན་དྲི་ཆུ་བྱུག །ཀོ་ལེར་ན་ཞིང་གཟེར་ན་ཚན་སྲོ་ལོའི་དུགས་བྱ། །ལུས་ཀྱི་ཤེད་མེད་སྨད་ཚད་སྐྱེས་ན་ལྕུམ་རྩ་འོ་མར་བཏབ་པའི་སྨད་ནི་རུ་ཧས་འདྲེན་བཏང་། །ཟུངས་ཟད་གཉིད་མེད་པའམ་རོ་སྨད་དྲོད་བྲལ་བུ་རམ་དང་པི་པི་ལིང་འོ་མའི་འཇམ་རྩི་བྱ། །ལུས་ཀྱི་སྟོབས་མེད་གཏིང་ཚད་མ་ཐོན་རླུང་སྐྱེས་ན། །ཕྱི་རྒྱུད་ལྟར་ཏིག་ཏའི་སྨན་མར་སྦྲང་རྩི་སྦྱར་ལ་བསྟེན། །མདོར་ན་ཚ་བ་ནད་དྭངས་མར་བབས་ནས་ཟུངས་ཀུན་འབྲེལ་ཕྱིར། །ཐོར་བུ་ནད་སྣ་ཚོགས་མ་ངེས་འབྱུང་བས་ན། །ཚ་བ་སྤྱི་བཅོས་དང་ཕན་ཚུན་འཕྲུལ་ཤེས་པར་བྱ་ཏེ་ནད་སྣ་ཚོགས་གང་བྱུང་བསལ། །ཐ་མ་རི་ཐང་མཚམས་སུ་ཟུངས་གསོ་བར་བྱ་སྟེ། །འདུས་རིམས་ཡིན་ཕྱིར་ངེས་མེད་ནད་རྟགས་ལ་འཁྲུལ་སོ་ཆེ། །ལེགས་པར་བརྟགས་ནས་ཁ་ཟས་འཕྲང་ལ་ཕེབས་པ་དང་རིམ་གྱིས་གློད། །འདྲར་སྣང་བློ་བྲིད་འཕྲང་ལ་མ་ཤོར་གཅེས། །དེ་ནས་འདུས་རིམས་བྱེ་བྲག་གསོ་བ་ནི། །རྒྱུན་རིམས་པ་ཏོལ་འདི་རྗེ་ཟུར་མཁར་བས་གསེར་མེ་བཞེད་པ་(དུག་ཉུང་ཧོང་ལེན་)གསུམ་པའི་ཐང་བཏང་ཞིང་། །ཁྱད་པར་བད་ཀན་ཤས་ཆེ་སྒྲེག་ཅིང་སྐྱུག །མི་འཇུ་ཡི་ག་འགགས་ན་(སོ་ཆ་རྒྱམ་ཚྭའི་)སྐྱུགས་ཀྱིས་དྲོང་། །མཁྲིས་བབས་མིག་ཆུ་སེར་ན་(དུར་བྱིད་རྒུན་འབྲུམ་ཨིཎྜ་བཞི་ཐང་)བཤལ་གྱིས་སྦྱང་། །སྲིན་ཁྲོས་ཕོ་བར་ཟུག་ལ་(གོ་བྱེས་མ་ནུ་ཁྲག་ཅན་བུ་རམ་རིལ་བུ་)སྦྱར་བ་བསད། །རྟག་པའི་རིམས་ལ་ཧོང་ལེན་(པ་ཏོ་ལ་གླ་སྒང་བ་སྤུ་མ་ནུ་པ་ཏྲ་)ལྔ་པ་སྤྱར། །ཁྲག་གར་བབས་པའི་རྩ་ལ་ཅི་རན་རིགས་པས་གཏར། །ཉིན་གཅིག་པ་ལ་གླ་སྒང་(པ་ཏོ་ལ་འབྲས་གསུམ་ནིམ་པ་དུག་ཉུང་རྒུན་འབྲུམ་)བརྒྱད་པ་བཏང་། །གཙོ་བོ་རྔུལ་མང་དབྱུང་ཞིང་ཆུ་ལྕག་བྱ། །ཉིན་གསུམ་པ་ལ་བཅའ་སྒ་(ཙན་དན་ཏིག་ཏ་སླེ་ཏྲེས་)བཞི་པའམ་ཨིན་ཏྲ་བཞི་ཐང་བཏང༌།  །བྱེ་རུག་སྤོས་དཀར་ཡུང་སྐྱེར་(བྲག་ཞུན་དུག་ཉུང་བོང་ང་འབྲས་ཨ་བར་སྐྱུར་གསུམ་བཅུ་པ་སྦྲང་དང་)སྦྱར་ལ་བྱིན། །ཉིན་བཞི་པ་ལ་སླེ་ཏྲེས་(གླ་སྒང་སྐྱུ་རུ་)གསུམ་ཐང་བཏང་། །སླེ་ཏྲེས་བྲག་ཞུན་སྦྱར་བྱུགས་མཁན་ཆུས་བྲན། །རུ་རྟ་ཨ་རུ་འོ་མའི་འཇམ་རྩི་བྱ། །ཚིགས་པ་པ་ལ་བབས་ན་ཁ་བྱེ་ཟུག་གཟེར་གང་ཆེ་བསྲེག །ཀླད་པར་བབས་ན་ཁ་མིག་གཡོ་བ་དང་ལག་པ་བཤལ་བ་ལ་སོགས་འབྱུང་ཕྱི་རྒྱུད་ཀྱི་འབྲི་རྟ་ས་འཛིན་ལྔ་བས་སྣ་བཤལ་བཏང་བ་འམ། །ཆུ་ཚན་གླ་རིལ་གྱིས་ལུས་ཀུན་ལ་དུགས་བྱ་ནང་རྩ་སྦྱང་། །རྗེས་ལ་ཕྱི་རྒྱུད་ལྟར་རྩ་བ་ལྔ་དང་འབྲས་བུ་གསུམ་པའི་སྨན་མར་སྦྱར། །ཀུན་ལ་སྤོས་དཀར་ཡུང་བ་སྐྱེར་པ་བྲག་ཞུན་དུག་ཉུང་རྒུན་འབྲུམ་ཡང་ན་པ་ཏོ་ལ་དང་པུ་ཙེ་ཤེལ་ཧོང་ལེན། །གླ་སྒང་ཤིང་མངར་ཨ་རུ་ར་དང་ལྔ། །པ་ཏོལ་ལྔ་བ་ཞེས་བྱ་བ་འདིའི་ཐང་ཕྱེ་གང་རིགས་ཕན། །རིམས་གང་ཅིས་ཀྱང་དེ་ལྔ་བོས་ཚ་བ་མི་ཆག་ན། །འཚོ་དཀའ་ལག་པའི་རྩ་ལ་ལན་འགའ་གཏར། །ཉིན་གཅིག་མི་གཏར་བཞི་པོ་རང་རང་རྩ། །ཤ་ལ་བབ་པ་ཉིན་གཅིག་པ་གཏར་ན་རྗེས་མི་ཆོད་ཅིང་བྱེར་འགྲོ་བས་མི་གཏར་ལ། གཞན་བཞི་པོ་ལ་རྒྱུན་རིམས་ནི་དངས་མ་བད་མཁྲིས་ཀྱི་ཡུལ་དུ་བབ་པ་ཡིན་པས་གཤའ་རིངས་གཏར། རྟགས་པའི་རིམས་ཁྲག་ལ་བབས་ཁྲག་རྩ་གང་རྒྱས་དང་རུ་ཐུང་རང་རྩ་ཡིན་པས་གཏར། ཉིན་གསུམ་པ་ཚིལ་ལ་བབ་པས་ནད་རྟགས་དང་བསྟུན་ཅིང་རང་རྩ་དྲུག་མགོ་ལ་གཏར། ཉིན་བཞི་པ་རུས་ལ་བབ་པའི་ཚ་བ་མཁལ་མའི་རྩ་གཏར་བར་གསུངས་པས་བྱིན་གཞུག་གཏར། དེ་ཙམ་ལས་གཞན་པའི་ཁུངས་གསལ་པོ་ནི་མ་རྙེད་དོ། །གཏར་བས་རིམས་ཀྱི་ཚ་བ་རྩད་ནས་འདོན། །ཀུན་ལ་རི་ཐང་མཚམས་སུ་གཟབ་པ་གཅེས། །གཉན་རིམས་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དང་པོ་རྩ་ཡི་འབྲོས་འཕྲང་བསྡམ། །གཉིས་པ་གཉེན་པོ་སྦྱར་བས་བསད་པ་དང་། །གསུམ་པས་རོ་དབྱུང་བཞི་པས་ནད་ལྷག་བསལ། །དང་པོ་རྩ་ཡི་འབྲོས་འཕྲང་བསྡམ་པ་ནི། །མི་དོམ་མཁྲིས་པ་གླ་རྩི་བོང་ང་དཀར། །རྒུ་དྲུས་བདུད་རྩིས་ཆོས་སྨན་བྲག་ཞུན་ཡུང་བ་རྣམས། །ལོ་བརྒྱད་ཆུ་ལ་སྦྱངས་ལ་ཁོང་དུ་བཏང་། །སྨིན་བྱེད་ཐང་གཟེར་ཆེ་ན་འཁྲུགས་ཀྱི་སྐབས་ལྟར་གཟེར་ཐང་གསུམ་པ་དང་བད་རླུང་ཤས་ཆེ་ན་མ་ནུ་བཞི་ཐང་དང་ཁྲག་ཤས་ཆེ་ན་སླེ་ཏྲེས་བཞི་ཐང་གཏོང་བ་དང་ལྟག་པ་སྤྲད་པར་ཤིས། །སྡུད་སྒོ་མཚོགས་མ་དྲུག་པ་བཅུ་གསུམ་པ། །ནང་ལོང་འཕར་རྩ་སྤྲ་བ་བཞི་ལྔས་མནན། །དེས་ནི་རྩ་ཡི་འབྲོས་འཕྲང་འགེགས་པར་བྱེད། །གཉེན་པོ་འཛིན་པ་ནི་ར་དུག་པ་མེ་ཏོག་དཀར་པོ་འཆར་བ་དེའི་རྩ་བ་ཆ་གཅིག་དང་བོང་ངའི་ནག་པོ་མེ་ཏོག་ཆ་གཉིས་དང༌། །ལྷོག་དུག་སྟག་ཤ་ཆ་གསུམ་ཨ་རུ་ར་ཆ་བཞི་དང་སྐྱེས་པ་དར་མའི་ཤ་ཆེན་ཆ་ལྔ་ཡིས་བསྐྱེད། །ལོ་བརྒྱད་དྲི་ཆུའི་རིལ་བུ་སྲན་ཙམ་ཐེངས་འགའ་བཏང༌། །ལྕི་རྔུལ་ཕྱི་ཚད་ཆེ་ན་གསོད་པའི་རྟགས། །གཟེར་བཤལ་ནི་གཉའ་བཤལ་སྐབས་ཀྱི་གཉེན་པོ་ལྔ་སྦྱོར་གྱིས་ནད་རོ་དབྱུང་མ་ཐེབས་བསྐྱར་ལ་སྦྱང༌། །བསྐྱར་ཡང་སྦྱང་སྨན་མི་འཇུག་ན་སྲོག་རླུང་ཉམས་ཏེ་འཆི། །ལེགས་འཁྲུ་མདོག་སེར་དྲི་ཆེ་རོ་ཐོན་རྟགས། །མཁྲིས་པ་ཐོན་ཆུང་མིག་སེར་བསྐྱར་ལ་བཏང༌། །འབྱོངས་ན་མིག་སྤྲིན་འཕྲལ་ལ་དཀར་པོར་འགྲོ། །ཕྱེ་མ་གི་ཝཾ་གུར་ཀུམ་དུག་མོ་ཉུང༌། །ཧོང་ལེན་ཏིག་ཏ་སྐྱེར་ཤུན་བོང་ང་དཀར། །ཀྱི་ལྕེ་གུ་གུལ་ལྕུམ་རྩ་སྒྲོ་པུཥྤ་སྒྲོ་བ་ཤིང་གི་མེ་ཏོག་དམར་ཆུང་། །ཞིབ་བཏགས་དུས་བཞིར་ཆུས་འཕུལ་ཚད་ལྷག་འཇོམས། །ཚ་ཡང་ག་བུར་སྲོག་རླུང་ལྡོག་ཕྱིར་སྤང༌། །གཉན་མ་སོད་པར་གཏར་དང་དཀར་མངར་སྤང༌། །འབྲས་ཐུག་ཡོས་ཐུག་བསྐོལ་གྲང་ཆུ་གྲོག་བཏང༌། །བྱེ་བྲག་གར་བབས་ནད་ཀྱི་དམིགས་བརྟགས་ལ། །མགོར་བབས་དོམ་མཁྲིས་གངས་ཐིགས་གི་ཝཾ་དང༌། །ཨ་བྱག་བོང་ང་དཀར་པོ་ཀ་ར་སྦྱར་ལ་བཏང༌། །མཚོགས་མ་སྡུད་སྒོ་མུར་འགྲམ་མེ་ཡིས་མནན། །སྣ་ཁྲག་འཛག་ན་གུར་ཀུམ་དོམ་མཁྲིས་དང༌། །མཚེ་ཐལ་སྙ་ལོ་སྲད་དཀར་ཀྱི་ལྕེ་བ། །རྡོ་དྲེག་སེར་པོ་ཀ་ར་སྦྱར་ལ་བཏང་། །གློར་བབས་ཙན་དན་དཀར་པོ་གུར་ཀུམ་ཅུ་གང་དང༌། །སྐྱེར་ཤུན་ཤིང་མངར་བོང་ང་དཀར་པོ་དང་། །ཀ་ར་སྦྱར་བཏང་དྲུག་འགོ་སྣོད་ཀ་གཏར། །མཁལ་བབས་གླ་རྩི་གུར་ཀུམ་སུག་སྨེལ་དང༌། །སྐྱེར་ཤུན་བྲག་ཞུན་ཉི་དགའ་ཨ་རུ་ར། །ཤུག་ཚེར་སྦྱར་བཏང་བཅུ་བཞི་རྩ་ནག་བསྲེག །ཕོ་བར་བབས་ལ་སྤྱི་དང་ཁྱད་པར་གཉིས། །སྤྱི་རུ་ཕོ་བར་བབས་པའི་རིམས་རྣམས་ལ། །ཕག་རིལ་ཐལ་བ་དོམ་མཁྲིས་སྦྱར་བ་བསྔགས། །གླ་རྩི་དུག་ཉུང་བཙོད་དང་ལི་ག་དུར། །དོམ་མཁྲིས་བོང་དཀར་སྐྱེར་པའི་བར་ཤུན་སྦྱར། །ཁྱད་པར་གཉན་ཤས་རིམས་དང་མིག་སེར་ཤས་ཆེ་ན་བསད་རྗེས་སྦྱང༌། །ཕག་རིལ་སྲད་དཀར་ཧོང་ལེན་དེ་བ་བཞི། །ཁྱོར་བ་རེ་རེ་སོ་སོར་བསྲེགས་ཐལ་བ། །རྒྱ་ཚ་ཨ་རུ་དམར་ཟལ་བ་ཆུས་འདམ་བཏགས་བྱས་པའི་ཕྱེ། །ཀ་རས་ཁ་གླན་རིམས་ཚད་ཀུན་ལ་བསྔགས། །ཁྱད་པར་འདུས་རིམས་རིམས་སྨྱོན་ཏྲེ་ཏྲེ་ཧོ། །གཉན་རིམས་ཕོ་བར་བབས་པའི་བདུད་རྩི་ཡིན། །མཁྲིས་ཡུལ་རླུང་གིས་ཕྲོགས་ལ་རླུང་རྟགས་ཆེ་བ་དང་མིག་སེར་ཤེད་ཆུང་ན་ཁ་རུ་ཚྭ། །ཛཱ་ཏི་ཐང་དང་བུར་ཆུང་བསྡེབས་ལ་བཏང༌། །རི་ཐང་མཚམས་སུ་ག་བུར་ནག་པོ་ཕག་རིལ་ནུས་ལྡན་བསྲེགས་པའི་ཐལ་བ་ཆང་དུ་སྦྱར་བ་བསྔགས། །མ་ཞུས་རྒྱུ་བྱས་སྒྲེག་སྐྱུག་ཟས་མི་འཇུ། །རྒྱམ་ཚྭ་ཨ་རུ་མཆུ་སྙུང་གསེར་གྱི་མེ་ཏོག་པི་པི་ལིང་བཞི་ཐང་བཏང་ཞིང་(ཨ་རུ་ལྕུམ་རྩ་པི་ལིང་གསེར་མེའི་)ཐང་བཤལ་བྱ། །རྒྱུ་མར་བབས་ན་དང་པོ་ཐར་ནུ་ཆུ་རྩ་རེ་ལྕག་ཨ་རུ་དུག་ཉུང་རྣམས་ཀྱི་བཤལ་བཏང་ལ། །དེ་རྗེས་གཉེན་པོ་ཐོག་རུས་རྒུ་དྲུས་དང༌། །གླ་རྩི་ཆོས་སྨན་བོང་ང་དཀར་པོ་དང་། །ཆུ་རྩ་དྲི་ཆུར་སྦྱར་ལ་བཏང་བར་བྱ། །རིམས་ཚད་ཐམས་ཅད་དང་པོ་མ་སྨིན་སྔ་དྲོན་ཚུང་པར་སྙན་གསན་འབེབས། །བར་དུ་ཚ་བ་སྨིན་ཞིང་རྒྱས་པའི་ཚེ་གཞི་བཟུང་པའམ་ལ་གཞི་གནོན་པ་ལྟར་བཅོས། །བཞི་པ་ཐ་མར་གཞུག་རྒྱན་ཐོར་བུའི་ནད་སེལ་བའི་ཞབས་ཏོག་བྱེད་པ་ལྟར་བྱ། །དེ་ཕྱིར་ཐོར་བུ་ནད་ཀྱི་བསལ་ཐབས་གཅེས། །དེ་རྣམས་རིགས་པས་དཔྱད་ལ་ཚ་བ་སྤྱི་བཅོས་ཀྱི་བླ་གཉན་ཐོར་ནད་བསལ་པ་དང་ཕན་ཚུན་བཅོས་ཐབས་འཕྲུལ་ཏེ་བཅོས་དགོས་པའི་ཇི་ལྟར་འཕྲུལ་དགོས་པ་ཇི་ལྟར་འཕྲུལ་དགོས་པ་ཤེས་པའི་སྨན་པ་རང་དེང་སང་ཅེ་འདྲ་ན་ཨང་། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རིམས་ཀྱི་ཚ་བ་བལ་ནད་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།