སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉེར་གསུམ་པ། དཔྱད་ལྔ་ལུམས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

                   

ལེའུ་ཉེར་གསུམ་པ། དཔྱད་ལྔ་ལུམས་བསྟན་པ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

དཔྱད་ལྔ་ལུམས་ལ་རུང་བ་དང་མི་རུང་བ་དང༌། །བྱ་བའི་ཐབས་དང་ཕན་ཡོན་དང་རྣམ་པ་བཞིལས །རུང་བ་ནི་ཡན་ལག་རེངས་པ་དང་འཁུམས་པ་དང་ཞ་བ་དང༌། །འབྲས་དང་ལྷོག་པ་དང་རྨ་རྙིང་དང་རྨ་གསར་པ་སྐྲངསཔ་དང་ མོ་ནད་རླུང་ཚབས་དང་རྐེད་པ་སྒུར་པོ་དང་ཤ་དང་རུས་པ་ལ་ཆུ་སེར་གཡོསཔ་དང་ ཁྱད་པར་རླུང་ནད་མ་ལུས་ཀུན་ལ་བསྔགས་པ་ཡིནནོ།

མི་རུང་བ་ནི་རིམས་དང་འཁྲུགས་དང་ཚ་བ་རྒྱས་པ་དང་སྐྱ་རྦབ་དང༌། ལུས་ཀྱི་ཉམ་ཆུང་བ་དང་ག་འགགས་པ་ལ་སྤང་བར་བཤདདོ །མིག་དང་མཁུར་ཚོས་དང་རྟིང་པའི་དྲེག་སོགས་བཞི་དང་རླིག་པ་དང༌། །ལྟོ་བ་དང་སྙིང་གའི་གནས་སུ་ལུམས་མི་རུང༌ངོ་།

ལུམས་བྱ་བའི་ཐབས་ལ་ཆུ་ལུམས་དང་བཅིང་ལུམས་གཉིསལས །ཆུ་ལུམས་ནི་ཐམས་ཅད་སྤྱི་མཐུན་གྱི་ལས་དང་བསོད་ནམས་ལས་གྲུབ་པའི་མཚན་ཉིད་ཆུ་ཚན་རིགས་ལྔ་པོ་ནད་རིགས་སྦྱར་བའི་ནང་དུ་ཞུགསཔ་ཡིན་ནོ །དེས་ནི་འགྲམས་དང་དུག་རོ་དང་ཚད་རྙིང་བྱེར་ཞིང་ཞེན་པ་དང༌། །འབྲས་དང་རྨ་རྒན་དང་སུར་ཡ་དང་རྩ་ནད་ཕལ་ཆེར་དང༌། ཡན་ལག་རེངས་པ་འཁུམས་པ་སྒུར་པོ་དང་ཤ་སྐམས་པ་སོགས་འདོན་པར་བྱེདདོ།

ཆུ་ཚད་དེ་མ་གྲུབ་ན་བདུད་རྩི་རྣམ་པ་ལྔཤུག་ཚེར་དང་འོམ་བུ་བ་ལུ་མཚེ་མཁན་དཀར་རྣམས་ཆོམ་བརྡུངས་ཚོས་པར་བཙོས་པའི་ཁུ་ཚིག་ལ། ཕབས་བཏབ་དྲོ་བསྙལ་ལངས་ཚད་སྐྱུར་དྲི་དང་། །ལྦུ་བ་འཆིར་འབྱུང་དེ་ཚེ་དྲོད་ལྡན་པ། །ལུས་ཀྱི་ཚུགས་ཙམ་གང་དགོས་དེ་ལུམས་བྱ། །ཞེས་དངྲ། མི་ལྷ་གཉེན་ཀླུ་སྡེ་བརྒྱད་ཡང་ན་ཉིན་གྲིབ་ཆུ་སྤང་དྲག་འདུལ་ཞེས་སོ །རླངས་ལུམས་ཆུ་ཚན་བཅིང་བས་གོང་བཞིན་འགྲུབ།

རུས་ལུམས་ནི་མི་རུས་བཙའ་མ་ཆུ་ཚོས་པར་བཙོས་པའི་རླངས་པའི་ལུམས་དང་དེའི་ཆུ་ཚན་གྱིས། །ཚ་བའི་རེངས་པ་དང་རླུང་དང་ལྡན་པ་དང་འགྲམས་པའི་ཟུག་གཟེར་འཇོམས།

མཁན་པ་དང་བུལ་ཏོག་ཕབས་དང་སྦྱར་བའི་ཆུ་ལུམས་ཀྱིས། །རྨ་རྒན་དང་སྐྲངས་པ་དང་ཡན་ལག་ཞ་བ་དང་རེངས་པ་སོགས་སེལ་བར་བྱེདདོ།

བཅིང་ལུམས་ལའང་ཚ་སེལ་དང་གྲང་སེལ་རྣམ་པ་གཉིས། །ཚ་སེལ་མགོ་ཆག་རྩ་བྱེར་འབྲུ་སྣའི་ལུམསནས་གྲོ་འབྲས་སོ་བ་ཏིལ་བྲ་བོ་སྲན་ཆུང་སོགས་འབྲུ་སྣ་ཐམས་ཅད་རྗེན་བཏགས་བྱས་པའི་ཏིལ་བར་རམ་འབྲུ་མར་རྙིང་པ་སྦྱར་བའི་ཟན་དྲོན་གྱིས། མགོའི་སྐྲ་བཞར་ལ་ཞ་མོ་ལྟར་གཡོག་པ་ཞག་འགའ་བྱས་པས་ཆུ་སེར་དེར་འདུས་ནས་སྐྲངས་འབྱུང་དེ་སྟེང་འཇིབ་ཏུ་བཅུགས་ནས་ཁྲག་ངན་ཆུ་སེར་ཅི་ཐོན་ཐོན་དབྱུང་ངོ་། །ཀྱ་ལྕེ་དཀར་པོ་མཛོ་སྔོ་རོག་གི་ལྕི་བ་ཞོ་དང་སྦྱར་བའི་བཅིང་ལུམས་ཀྱིས་ཚ་བའི་སྐྲངས་པོ་འཇོམས། ཚ་བ་རྩ་ལ་བྱེར་ན་མེ་ཏོག་སྣ་ཚོགས་བསྡུས་པའི་ལུམས་ཀྱིས་གདུལ། །རྩ་དཀར་དང་གཟའ་ཕོག་པ་དང་མཁལ་རྩ་འགྲམས་པ་དང་བྱེར་བ་ལ། གོང་དུ་བཤད་པའི་བདུད་རྩི་ལྔལུམས་འམ་ཡང་ན་གླ་རིལ་ཕྱེ་མར་བྱས་པ་ཆང་གི་ནང་དུ་བཙོས་པའི་བཅིང་ལུམས༌བྱ རྩ་འགྲམས་པ་དང་སྐྲངས་པོ་དང་རྩ་རྒྱུས་རེངས་པ་ལ་མཁན་པ་དཀར་པོ་སྤྲུ་མ་དང་མཚེའམ་ཁྲུ་ད་དང་ །སྤང་སྤོས་རྣམས་ཕྱེ་མ་དྲི་ཆུར་བཙོས་པའི་ལུམས་ཀྱིས་གདུལ། ཚད་པ་རྙོགས་པ་དང་བྱེར་བ་ལ་མཚན་སྲོ་ལོ་དམར་པོ་དང་སྲོ་ལོདཀར་པོའི་ལུམསབྱ །མཛེ་དང་དུག་ལ་འི་རིལ་མ་དང་གླ་རྩི་དང་སྡོམ་བརྒྱད་དྲི་ཆུའི་ལུམས། རིན་པོ་ཆེ་དབྱིག་གི་དུག་ལ་མཆོད་རྟེན་ལ་གསོལ་བའི་ས་དཀར་ན་བཟའ་དང༌། ཐལ་ལུད་ཡོད་པའམ་དྲི་ཆུའི་རྫིང་སོགས་བ་ཚྭ་ཡོད་པའི་ཐད་ནས་ཐུར་དུ་ཁྲུ་གང་བརྐོས་པའི་འོག་གི་ས་དྲི་ཆུར་བཙོས་པའི་ལུམས་བྱ

གྲང་སེལ་ནི་ཡན་ལག་གི་སྐྲངས་པ་རྣག་ཏུ་འགུགས་ན། །སྦང་སྐམ་དང་བྱི་བའི་བྲུན་དང་ཆང་རྒྱ་ཚོས་ཞེས་པའང་སྣང་བཙོས་བཙོད་རྣམས་ཀྱི་ཕྱེ་མའི་སྐྱོ་མའི་ལུམས་སུ་གཞུག །མདེའུ་འབྱིན་ན་ར་དང་རིལ་མ་དང་བྱི་བའི་བྲུན་དང་དྲི་ཆུའི་ལུམསབྱ །ར་དུག་པ་དང་སྤྱང་ཚེར་དང་རི་ཤོ་དང་སྤྱང་ཀིའི་བྲུན་དང༌། ཆང་གི་སྦང་རྒོད་དེ་གླུམ་གར་བཙོས་པས་དུགས་ཀྱིས་ཆུ་ལྷོག་དང་གྲང་གཉན་གྱིས་སྐྲངས་པ་ཐམས་ཅད་འདུལ། །ཡན་ལག་གི་ཆུ་སེར་དང་སྐྱ་རྦབ་ཀྱི་སྦོས་པ་ལ། །རྟ་དང་རྐྱང་དང་བོང་བུའི་སློ་བ་དང་དྲོན་མོའི་ལུམས་སུ་གཞུག །རྨེན་བུ་དང་འབྲས་ལ་ཕུག་རོན་གྱི་རིལ་མ་ཆང་ནང་དུ་བཙོས་པའི་ལུམསབྱ །འབྲས་འདུལ་ནི་མི་ཡི་རྐང་མར་དང་མིའི་མགོ་བོའི་ཤ་དང་མིའི་རྐང་ལག་གི་ཉྭ་བཞི་ཡི་ཤདང་། །སྤྲུ་མའི་རྩ་བ་དང་རེ་ལྕག་རྣམས་ཆང་དུ་བཙོས་པའི་བཅིང་ལུམས་སུ་གཞུག རྡེའུ་རྡོ་སྐྲན་འདུལ་བ་ལ་སྤྱང་ཚེར་དང་ལྕེ་ཚ་བ་དང༌། །མཁན་པ་དཀར་པོ་དང་ལྕ་དཀར་འབྲུམ་བྱི་བའི་བྲུན་ཆང་གི་སྦང་གར་གླུམ་དང༌། བཅའ་སྒ་དང་སྤོད་པི་པི་ལིང་སྦྱར་ཏེ་ཆུར་བཙོས་པའི་ལུམས་སུ་གཞུག གྲུམ་བུའི་རུས་ཏྲེམ་དང་རླུང་ཚབས་ནད་ལ་མི་རུས་བ་སྤྲུའི་ལུམསབྱ །རླུང་གི་འཕྱོས་པ་དང་སྨྱོ་བ་དང་འབོག་པ་དང་རླུང་ཚབས་དང་རླུང་ལ་སེམས་ཅན་སྣ་ཚོགས་པའི་སྙིང་སྣའི་ལུམསབྱ །རིམས་ཀྱི་མཇུག་ཏུ་རྐང་ལག་དང་རུས་པ་ན་བ་ལ། སྔར་བཤད་པའི་ཁྲུ་གང་འོག་ས་དྲི་ཆུར་བཙོས་པའི་ལུམསབྱ །རུས་པ་དང་ཚིགས་པ་གཟེར་ན་སེམས་ཅན་སྣ་ཚོགས་པའི་རུས་སྣ་ཆང་དུ་བཙོས་པའི་ལུམསབྱ །རླུང་གིས་སྐྲངས་པ་ལ་འབའ་ཆ་ཆང་དུ་བཙོས་པའི་ལུམསབྱ།

ཕན་ཡོན་ལུམས་ཀྱིས་བཙོས་པའི་ལུས་ཚ་བའི་རླངས་པ་ཆུ་སེར་དུ་འབབ་ནས་བ་སྤུར་ཡང་ཡང་འདོན། དེས་ནི་རླུང་འདུལ་ཞིང་སྐྲངས་པ་འཇོམས་ལ་སྐེམ་པོ་ཤ་རྒྱས་པར་བྱེདདོ །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་ལུམས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།