སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2021
མན་ངག་རྒྱུད། >>

 ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་པ།

 དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །འགྲམས་ཀྱི་ཚ་བའི་རྒྱུ་རྐྱེན་ངོ་བོ་གང༌། །འགྲམས་ཀྱི་ཚ་བའི་མིང་དུ་ཅིའི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་བདུན་གྱིས་ལན་གསུངས་པལས།།

སྤྱི་དོན་དང་པོ་འགྲམས་ཚད་རྒྱུ་ནི་ནད་དང་ལུས་ཟུངས་འགྲམས་པ་ལས་བླངས་པའི་ཕྱིར་འགྲམས་ཀྱི་རྒྱུ་རྒྱས་འགྱུར་ཡོད་ལ།།

སྤྱི་དོན་གཉིས་པ་འགྲམས་པ་དེའི་་རྐྱེན་ལུས་ཀྱི་བྱ་བ་དྲག་ཤུལ་གྱིས། །བང་མཆོངས་དང་རྩལ་སྦེ་ཁ་དང་བ་ཏང་ཕ་བོང་འདེགས་པ་དང༌། །མི་ཐེག་པའི་ཁུར་པོ་ཁུར་བ་དང་གཞུ་སྲན་བཀང་བ་དང༌། །ས་སྲན་བརྐོས་དང་གཡང་ལྷུང་རྟ་ཡིས་བརྡབས། །ཐིབས་བང་འགྲམས་འོག་ཏུ་ཚུད་པ་སོགས་དང་རྡོ་དབྱུག་བརྡུངས་པ་སོགས་སྤྱོད་ལམ་ཡིས།།

སྤྱི་དོན་གསུམ་པ་ལུས་ཟུངས་འགྲམས་པས་ཁྲག་འཁྲུགས་དང་ཁྲག་མཁྲིས་ལ་བརྟེན་པའི་མཁྲིས་ཚད་བསླང་བའོ།།

སྤྱི་དོན་བཞི་བ་དེ་དེ་ཕྱིར་འགྲམས་ཀྱི་ཚ་བ་ཞེས་སུ་བརྗོད། སྤྱི་དོན་ལྔ་བ་དབྱེ་བ་ནང་གི་དོན་སྣོད་འགྲམས་པ་དང་། །ཕྱི་ཡི་ཡུལ་བཞི་འགྲམས་པ་རྣམ་པ་གཉིས། །དང་པོ་དོན་ལྔ་སྣོད་དྲུག་འགྲམས་པ་དང༌། གཉིས་པ་ཡུལ་ནི་ཤ་ཉྭ་བཞི་དང་ཤ་གཞན་གཉིས་རུས་ཚིགས་རྐང་མགོ་རྩིབ་མ་བཞི་དང་རྩ་མགོ་བྱང་ཁོག་ཡན་ལག་གསུམ་དང་ཆུ་རྒྱུས་དང་བཞི་ཆུ་བ་དང་རྒྱུས་པ་གཉིས་གཅིག་ཏུ་བྱས་པའི་བཅུ་ཐམ་པའོ།

སྤྱི་དོན་དྲུག་པ་འགྲམས་པའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱིར་རྟགས་གང་འགྲམས་ན་ཞིང་གཟེར་ཟུག་ལྡང༌། །རྩ་ནི་ཕྲ་ལ་གྲིམས་ཏེ་ཆུ་དམར་དུགས། །གདོང་སྣུམ་རྔམ་འདེགས་ལུས་ཀྱི་བྱ་བ་དཀའ། གཉིས་པབྱེ་བྲག་སྙིང་འགྲམས་ཁ་ལྐུགས་འགུལ་ན་འབོག །དྲན་པ་མི་གསལ་གཉིད་ལོག་སད་ཚེ་དངངས། །ནུ་མ་གཉིས་དང་མཆན་འོག་དང་བར་དངསོག་དབྲག་གཟེར་ལ་མིག་རྩ་ཧར། །སྲོག་རྩར་འགྲམས་ན་མིག་ཧར་ཕུ་ཡིས་འདེབས། །དྲན་པ་མི་གསལ་ཟུག་ཆེ་ས་ལ་འབྲད། །གློ་འགྲམས་རོ་རྒྱབ་ལྕི་ཞིང་ཉལ་མི་ཤེས། །སྣ་ནས་རླུང་འུར་གྱིས་འབུད་དབུགས་མི་བདེ་ལ་གྲེ་བའི་ནང་ནས་ཤུ་སྒྲ་འོང་ །གློ་ལུ་མི་ཤེས་ཐལ་གོང་པུང་པ་དང་འཇིང་བར་མནན་སྙམ་བྱེད། །བྲང་དང་རྒྱབ་ཏུ་གཟེར་ལ་དགྱེ་དགུ་དཀའ། །ལུད་པ་འགོགས་དཀའ་ཁྲག་དང་རྣག་ཏུ་ལུ། །མཆིན་འགྲམས་རྩིབ་སྒང་མཆིན་སྣར་གཟེར་ཞིང་ན། །ལུད་པ་ཁྲག་ཏུ་ལུ་ཞིང་སྣ་ཁྲག་འཛག །གློ་སྙིང་མི་བདེ་སྟོད་རྒྱངས་དབུགས་ཀྱིས་འདེགས་པ་ལྟར་དབུགས་རྔམས་ལ་རྩེགས་པ །མིག་སྤྲིན་དམར་ལ་མི་གསལ་ཕོ་བ་སྒང༌སྟེ་སྐྲངས་པ་ལྟར་ དེ་དང་འབྲེལ་བའི་མཆིན་དྲིར་འགྲམས་ན་ཤ་སྔོ་རོ་སྟོད་རྒྱངས། །གློ་སོར་ཡང་ཡང་འགུལ་ན་སྙིང་རྡུང་འགྲོ་མི་ནུས། །ལུས་པོ་གྱོང་ལ་ཉུང་བསྲེགས་གཅུས་པ་འདྲ། །མིག་དམར་མཆིན་དྲི་འཁོར་ལ་རྩེ་ཆུང་རྒྱངས། །མཆེར་འགྲམས་ཕོ་སྟོད་སྦོ་ཞིང་གཡོན་ངོས་གཟེར། །གདོང་པ་གྲོ་བོ་སྐྱ་ཐལ་ལེབ་སྦོ་འཁྲོག་སྐབས་སུ་འཁྲུ། །གཡོན་ངོས་རྩིབ་སྒང་རྩིབ་སྣར་གཟེར་ཞིང་འཕྲིག །མཁལ་འགྲམས་ཚང་ར་མི་ཐེག་དགྱེ་དགུ་དཀའ། །མཁལ་ཁུང་སྣེ་ས་ཞེས་པ་བརླ་དང་གྲོད་ཆུང་མཚམས་སྣེ་ཁུག་གམ་བརླ་ཁུག་པའི་མིང་ངོ་དཔྱི་མིག་བརླ་སྒང་ཟུག་ཅིང་གཟེར། །འབྲས་བུ་སྐྲངས་ཤིང་དྲི་ཆུ་ཁྲག་ཏུ་འཛག །ཕོ་བར་འགྲམས་ན་སྒྲེག་པ་དྲག་པོ་འོང༌། །ཕོ་སྟོད་སྦོ་འཁྲུག་ཟས་སྐོམ་ཅི་ཟོས་སྐྱུག །གླང་ཐབས་ཕོ་བ་བསྒངས་ནས་ཉལ་མི་ཤེས། །ལོང་འགྲམས་ལོང་ཕུགས་གཟེར་སྒང་སྦོ་འཁྲོག་མང༌། །གློ་འདེག་རོ་སྟོད་གང་ཞིང་གྲང་སྙམ་བྱེད། །དབུགས་ངན་རྗེས་ལ་ཕྱི་ས་དྲེ་ཆེན་མི་ཐུབ་འཆོར། །རྒྱུ་མར་འགྲམས་ན་ཚ་འབྲབ་འཁྲིལ་སྙམ་བྱེད། །སྣེ་སར་ལྷུང་སྙམ་ཆུ་སྡོམ་སྨད་དུ་རྒྱུ་མའི་གླང་ཐབས་ལྡང་། །མཁྲིས་འགྲམས་མིག་སེར་ཤ་སྔོའམ་གནག་གི་སེར་ལ་ཡོགས་མགོ་བོ་ལྕི། །མཆིན་པ་སྐྲངས་སྙམ་མཁལ་མ་མཆིན་དྲི་ན། །རོ་སྟོད་གང་སྙམ་ཆུ་དམར་གླང་ཐབས་འོང༌། །ལྒང་པར་འགྲམས་ན་རྒྱུ་ཞབས་མཁལ་ཁུང་ན། །ཆུ་ཁ་སྙི་ཞིང་སྣེ་ས་ཚ་འབྲབ་བྱེད། །བསམ་སེར་འགྲམས་ན་དཔྱི་མིག་བརླའི་ཕྱི་སུལ་ན། དཔྱི་ཟུར་གྱི་སྟ་ཤ་ཆད་སྙམ་བྱེད་ཅིང་ལང་མི་ཤེས། །རྐང་པ་བཤལ་སྦྲིད་ཚང་ར་འབྲེལ་མཚམས་ན། །སྐབས་སུ་དྲི་ཆུ་སྡོམ་པ་སྙམ་དུ་བྱེད། །ཕྱི་ཡི་ཤ་འགྲམས་བ་ལ་ཉྭ་འགྲམས་པ་དང་ཤ་གཞན་འགྲམས་པ་གཉིས། །ཉྭ་འགྲམས་ཉྭ་སྣ་སྐྲངས་ཤིང་བྱ་བ་ཉམས་ཏེ་མི་ནུས །ཤ་གཞན་རྡུངས་སྙམ་བྱེད་ཅིང་ན་དམར་སྐྲངས། །རུས་ལ་འགྲམས་ན་ཚིགས་རྐང་མགོ་སྲུབས་རྩིབ་མ་བཞི། །ཚིགས་འགྲམས་འགུལ་དཀའ་ཟུག་ཆེ་གོང་འོག་སྐྲངས། །རྐང་འགྲམས་འགུལ་དཀའ་གཏིང་ནས་ལྷང་ལྷང་བྱེད། མགོའི་རྒྱ་སྲུབས་འགྲམས་ན་དྲན་པ་མི་གསལ་སྐྱུག་ཅིང་འཁྱོམམིག་སྔར་གྱི་ཡུལ་འགྲོ་བའི་ཉམས་བྱེད་པ་ །རྩིབ་མར་འགྲམས་ན་ཟུག་ཆེ་མནན་མི་བཟོད། །རྩ་ལ་མགོ་དང་བྱང་ཁོག་ཡན་ལག་གསུམ། །མགོ་ཡི་རྩ་འགྲམས་རྩ་རྒྱུད་ཁྲིད་ཅིང་ན། །རྩ་སྟེང་སྐྲངས་ཤིང་རྩའི་སྟེང་དུ་འབྲུམ་པ་འདྲ་བ་འབྱུང་བ་ཡིན། །བྱང་ཁོག་རྩ་འགྲམས་གློ་ལུ་གྲང་འགྲམས་གཟེར། །ཚ་བ་སྐྱེ་ཞིང་སྐྲངས་རྗེས་རྣག་ཏུ་ཕྱི་རྩེ་བྱི་རྣག་གང་པར་འགྱུར། །ཡན་ལག་རྩ་འགྲམས་རྩ་ཡི་རྒྱུད་ཀུན་སྐྲངས། །དམར་ཞིང་ཚ་འཁྱུག་བརྐྱང་བསྐུམ་བྱ་བ་དཀའ། །ཆུ་རྒྱུས་འགྲམས་པ་དགྱེ་དགུ་མི་ཤེས་སྐྲངས། །ཆུ་བ་རྒྱབ་ཡིན་རྒྱུས་པ་མདུན་ན་གནས།།

སྤྱི་དོན་བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱི་ལ་ནད་སྤྱིར་བཏང་དང་དམིགས་གསལ་གཉིས་ལས་དང་པོ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །དང་པོ་ཐང་སྦྱོར་ཧོང་ལེན་བ་ཤ་ཀ །སྤང་རྩི་ཀྱི་ལྕེ་རྣམ་པར་ཡུ་གུ་ཤིང་བཙོད་དང་དྲུག །ཚ་བའི་སྟོབས་སྦྱར་སྡེབས་ཚ་སྟོབས་ཆུང་ན་ཧ་བོ་གཉིས་སྟོབས་འབྲིང་ཧོང་བ་སྤང་ཀྱི་(རྩི)བཞི་སྡེབས་སྟོབས་ཆེན་དྲུག་བསྡེབས་ལ། །བསྡུས་གྲང་ཁུ་བས་འགྲམས་ཚད་འཇོམས་པར་བྱེད། །ཡང་ན་སྐྱེར་པ་མཚེ་ལྡུམ་སེང་ལྡེང་བཙོད། །བསྡུས་གྲང་འགྲམས་ཚད་ཀུན་ལ་བདུད་རྩི་འདྲ། །ཕྱེ་མ་ཚ་བ་རབ་འབྲིང་བྱེ་བྲག་གིས། རབ་ལ་ག་བུར་འབྲིང་ལ་ཙན་དན་ཆུང་ན་གུར་ཀུམ་གཙོ་བོ་ལ། །དོམ་མཁྲིས་ག་དུར་རྣམ་པར་ཨ་རུ་ར། །ཨ་བྱག་གཟེར་འཇོམས་སྟབ་སེང་སྤྱི་ཤུར་ཀ་ར་དྲུག་འགྱུར་སྦྱར། །རྗེས་ལ་འབྲས་བུ་གསུམ་དང་དམར་པོ་གསུམཚོས་བཙོད་ཞུན ཕྱི་རྒྱུད་ལྟར་སེང་ལྡེང་དང་རྩ་བ་ལྔ་ལ་སོགས་པ་ཡི། །གང་འཕྲོད་སྨན་མར་སྦྱར་བས་ཕྱི་རྗེས་བཅད། གཉིས་པ་དཔྱད་དུ་གཏར་སྣོད་དྲུག་ལ་བཤལ་རྩ་ལ་དུགས་ཤ་རུས་ལ་ལུམས་ཁྱད་པར་རྒྱུ་ལོང་ལ་མས་བཏང་དང༌། ཚིལ་ལ་ཆུ་ལྕག་སོགས་ཕྱི་ནང་འགྲམས་ལ་མཁས་པས་སྦྱར། གསུམ་པ་ཁ་ཟས་སྤྱོད་ལམ་བསིལ་ཞིང་དལ་བར་བྱ། གཉིས་པ་རྟས་བརྡབས་ཏེ་གཡང་དུ་ལྷུང་དང་ཐིབས་འོག་ཚུད། །བྱང་ཁོག་འགྲམས་ནས་ཚ་བ་རྒྱས་པ་ལ། ཕྱི་རྒྱུད་ལྟར་ག་བུར་བདུན་པ་དང་དགུ་པ་སྦྱར་བར་བྱ། །རྔུལ་དབྱུང་གང་རྒྱས་རྩ་གཏར་དན་ད་དུར་བྱིད་མཚལ་པི་ལིང་རྒྱ་ཚ་རྒྱམ་ཚ་ཨ་རུ་ར་བཅའ་སྒ་རྣམས་སྦྱར་བའི་བཤལ་གྱིས་སྦྱང་།
གཉིས་པ་བྱེ་བྲག་བཅོས་པ་སྙིང་འགྲམས་གཙོ་བོ་ག་བུར་ཙན་དན་དཀར་པོ་གུར་གུམ་གི་ལྦཾ་བཞི། །ཨ་གར་ཙན་དན་དཀརདམར་ཛཱ་ཏི་ལི་ཤི་བསེ་རུ་སྙིང་ཞོ་ཤ་ཨ་རུ་ར་ནཱ་ག་གེ་སར་དགུ་དང་ཛཱ་ཏི་ཅུར་ནིས་འོག་ཏུ་ཛཱ་ཏི་བདུན་པ་སྡེབས་པས་སྙིང་འཁྲུགས་སེལ་ཞེས་པ་དེ་ཡིན་སྦྱར། །སྙིང་རྩ་ཨ་སོ་ལེ་རྩེ་ཆུང་ཐོན་རྩ་ལྕེ་རྩ་ཀུན་གཏར་དབེན་གནས་མི་བསྒུལ་བསྙལ། ཁ་ཟས་བསིལ་བསྟེན་ཆང་སྤང་རྗེས་ལ་ཚིགས་པ་དྲུག་བདུན་བསྲེག །སྲོག་རྩ་འགྲམས་པའི་བཅོས་ཐབས་བཤད་མ་ཐག་པའི་སྙིང་དང་འདྲ། །ཁྱད་པར་སྤྱི་གཙུག་རྐང་མཐིལ་གཏར་ལ་སྤྲ་བ་ལྔ་ལྡན་གྱིས་བསྲེག །གློ་འགྲམས་ག་དུར་བ་ལེ་ཀ་སྲོ་ལོ་དཀར་པོ་གསུམ་པའི་ཐང་བཏང་ལ། །ག་བུར་ཅུ་གང་ཙན་དན་དཀར་པོ་གསུམ་ག་བུར་བསིལ་གསུམ་གླ་རྩི་སྤང་སྤོས་རྒུན་འབྲུམ་ཤིང་མངར་ལི་ག་དུར་ཀ་ར་དགུ་ཅུ་གང་ལྔ་པ་གློ་འཁྲུགས་ཀྱི་སྐབས་བཤད་པ་ལྟར་སྦྱར། །ཚ་བའི་ཤུགས་སྦྱར་ཚ་བ་རབ་རྩེ་ཆུང་འབྲིང་དྲུག་མགོ་ཐ་མ་སྐྱོར་གོང་གཏར་ལ་གཏར་གྱིས་ཟུག་གཟེར་བཅག །རྣག་ཏུ་ལུ་ན་སྲིན་བྱའི་འུག་ཆུང་གི་ཀླད་པ་ཅུ་གང་ཤིང་མངར་དང་སྦྱར་པ་ཆུ་སྦྱངས་ཏེ་དུས་མེད་དུ་བཏང༌། །བ་རའི་འོ་མ་དྲོན་མོ་ལྟོ་སྟོང་ཁྱོར་རེ་བླུད། །ཚ་བ་བྲི་ནས་སྲོ་ལོའི་གྲོ་ཆང་བསིངས་ལ་བསིངས་ཆང་བཏང་བ་དང༌། །ཅུ་གང་ལྡེ་གུ་སྦྱར་ལ་ཚད་རོ་བཅག །རྗེས་ལ་ཚིགས་པ་བཞི་ལྔའི་ཐད་ཀྱི་བྲང་སྐས་དཀར་ནག་མཚམས་ནས་གྱེན་མཚོན་གང་ཆེ་དང་དེའི་སྟེང་དུ་མཚོན་གང་ཆུང་བསྲེག །མཆིན་འགྲམས་ཐོག་མར་ག་བུར་བསིལ་གསུམ་གཡུ་རྙིང་ལུག་རུ་ཏིང་སག་ཀྱུར་བྱ་རྐང་སྲིངས་ཀུ་དགུ་པ་སྦྱར། །རྗེས་ལ་གུར་ཀུམ་གཡུ་རྙིང་ཏིང་སྤྲི་ཡ་ཀུ་ཡང་ཟེར་སག་ཙི་ཀུ་བྱི་རུག་པ་ཀྱུརབྱ་རྐང་ཡང་ཟེར །ར་མར་སྦྱར་བསྐོལ་རླངས་ཡལ་ཁོང་དུ་བཏང༌། །རྩེ་ཆུང་རུ་ཐུང་མཁྲིས་རྩ་རིམ་པས་གཏར། །དེ་རྗེས་དགུ་པ་མཆིན་པའི་ཟུར་གསང་ལྷེན་ན་ནས་ཐུར་ཚོན་གང་བཅལ་ཕོ་དབུས་དེ་ནས་ཟུར་མཚོན་གང་བཅལ་བར་མཆིན་ཟུར་བསྲེག །མཆིན་དྲིའང་་དེ་བཞིན་དུ་སྲེགས་ལ་རྗེས་ལ་རྩ་ལྟོས་སྦྱངས། །རྩིབ་ས་བཞིའི་སྟེང་དང་ཚིགས་པ་བརྒྱད་པ་ནས་ཡར་འགྲངས་པའི་བཞི་དང་ཕར་བགྲངས་པའི་བཞི་དང་བེེ་སྔོན་དུ་རྩིབས་མ་གཡོན་གྱི་འོག་ནས་མར་བགྲངས་པའི་བཞི་པ་ཞེས་བཤད་བརྒྱད་པ་ཁ་གསུམ་བསྲེག ཕྱི་རྒྱུད་ལྟར་འབྲས་བུགསུམ་པའི་སྨན་མར་སྦྲང་རྩི་བུར་ལྡན་བསྟེན། །མཆེར་འགྲམས་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཤིང་ཚ་མོན་ཆ་ར། །ག་དུར་དོང་ག་པི་པི་ལིང་དང་ནི། །ཀ་ར་སུམ་འགྱུར་ཆུ་སྐོལ་འཕུལ་ལ་བཏང༌། །སྲིན་ལག་རྒྱབ་རྩ་རྟ་མཐུར་གཉིས་ལ་གཏར། །དེ་ནས་རྒྱམ་ཚྭ་ཚ་ལ་ལྕེ་མྱང་ཚྭ། །ཀ་ར་མར་སྦྱར་ཕོ་མཆེར་གསང་ལ་བསྲེག །མཁལ་འགྲམས་དང་པོ་ཙན་དན་དཀར་པོ་(གུར་ཀུམ་སུག་སྨེལ་གླ་རྩི་འཇམ་འབྲས་རུ་རྟ་ཨ་རུ་)བདུན་པ་སྦྱར། །བར་དུ་སྙིང་མཁལ་གླ་གོར་ཞོ་ཤའི་ཕྱེ་མ་བྱིན་ལོང་ཡོབ་གོང་གཏར། །ཐ་མ་ཤུག་(སྐྱེར་པ་སྤ་འབྲུ་གཟེ་མ་ལྕམ་པ་བ་སྤྲུ་བ་རའི་མར་ལ་སྡིག་སྲིན་གུར་ཀུམ་བུ་རམ་)པའི་མར་སྦྱར་དུགས་ལུམས་བདུད་རྩི་ལྔ་ལ་སོགས་བྱ། །རྗེས་ལ་ཟས་སྐོམ་བཤུལ་ཤ་བུར་ཆང་སོགས་དྲོད་བསྟེན་མཁལ་གསང་ཁུང་དང་བཅུ་གསུམ་པ་བསྲེག  །ཕོ་བར་འགྲམས་ན་སྤྱང་ཚེར་དཀར་པོ་ཆང་ལ་བཏབ་པའི་ཆིག་སྐྱུགས་བྱ། །མཆེར་འགྲམས་འོལ་སེ་དར་ཤིང་ངམ་ཨོ་རོ་སྟེ་ཤེང་སེར་མཁྲེགས་དེའི་འབྲས་བུ་པོ་སོ་ཆ་འོ་མ་དང་སྦྱརབཏང༌། །རྒྱམ་ཚྭ་ཚ་ལ་ལ་ཕུག་ས་བོན་དང༌། །ཅོང་ཞི་ཚ་གསུམ་ཁ་རུ་ཚྭ་ཙབས་རུ་ཚྭ་གཉིས་ཀྱི་སྟེང་རྭ་ཚྭ་ཐལ་ཚྭ་གང་རུང་སྦྲང་ལ་རིལ་བུ་སྦྱར། །རུ་ཐུང་སྣོད་ཀ་གུང་སྲིན་བར་རྩ་གཏར། །རྗེས་ལ་ཕོ་གསང་མདུན་རྒྱབ་རིམ་པས་བསྲོ། །ལོང་འགྲམས་ཤིང་ཀུན་ཁ་རུ་ཚྭ་དང་ནི། །པི་པི་ལིང་གི་བསྐོལ་གྲང་ཐང་དུ་བཏང༌། །ཡང་ན་ལ་ཕུག་ས་བོན་ཁ་རུ་ཚྭ། །ཤིང་ཚ་བུ་རམ་ཆང་ངམ་ཕྱེ་མ་(ཤིང་ཀུན་ཅུར་ནིས་)སྦྱར། །ལོང་རྩ་གཏར་ཞིང་གུར་ཀུམ་(ཨ་རུ་ར་དབྱི་མོང་བསྡུས་ཁུར་དུར་བྱིད་བཏབ་པའི་)བཤལ་གྱིས་སྦྱང་། །སྐབས་སུ་ནི་རུ་ཧའི་མས་འདྲེན་བྱ་བའི་རྗེས་ལ་ལོང་གསང་མདུན་རྒྱབ་བསྲེག །རྒྱུ་མར་འགྲམས་ན་གུར་ཀུམ་(པི་ལིང་དུར་བྱིད་མར་བུ་རམ་སྦྱར་བའི་)བཤལ་གྱིས་སྦྱང༌ཨ་རུ་དུར་བྱིད་ཀྱི་ཐང་ཟེར་བ་ཡང་འདུག །ལོང་རྩ་རྒྱུ་མའི་རྩ་གཏར་(ལྕུམ་རྩ་ལྕེ་མྱང་ཚྭ་མར་གྱི་)རེང་བུ་མས་བཏང་བྱ། དྲོད་ཀྱིས་ཚ་དུགས་བྱ་ཞིང་རྗེས་ལ་ཚ་ཡོས་རྡོ་བསྲོས་པས་བཅུ་བདུན་བསྲོ། །མཁྲིས་འགྲམས་ཏིག་ཏབ་ལེ་ཀ་བསྣན་པའི་ཐང་བཏང་(ག་དུར་བཟང་དྲུག་གསེར་མེ་མི་དོམ་སྦྲུལ་གྱི་)མཁྲིས་ཕྱེ་སྦྱར། །མཁྲིས་རྩ་ཀུན་གཏར་པ་ཏོ་ལ་ཡིས་སྦྱང༌། །རྗེས་ལ་ཚིགས་པ་བཅུ་པ་བསྲེག་པར་བྱ། །ལྒང་པར་འགྲམས་ན་མཁལ་མའི་བཅོས་དང་འདྲ། །སྐབས་སུ་ཆུ་སྨན་བསྟེན་ཞིང་རྒྱ་ཚྭ་སྡིག་སྲིན་སུག་སྨེལ་ལྕམ་པ་རྣམས་ཆང་དང་སྦྱར་བ་བསྟེན་ཞིང་བཅོ་བརྒྱད་ཁ་གསུམ་བསྲེག ཕོ་མོ་གཉིས་ཀྱི་བསམ་བསེའུ་དང་བུད་མེད་ཀྱི་དཀུར་འགྲམས་མཁལ་མའི་བཅོས་འདྲ་བྱིན་ཀྱོག་གཏར། །བཀྲུ་འཇམ་བཏང་ཞིང་བཅུ་གསུམ་དཔྱི་སྟེང་བསྲེག །དེ་ནས་ཕྱི་ཡུལ་འགྲམས་པ་བཅོས་པ་ནི། །ཉྭ་འགྲམས་ཉྭ་སྣ་ཨ་ས་དྲོན་ལ་སྒ་དང་གོ་སྙོད་བཏབ་པ་འབའ་ཆས་ལུམས་བདུག །གང་ཉེའི་རྩ་གཏར་རྣག་ཤོར་ཡན་ལག་སྤྱི་དང་འདྲ། །ཤ་འགྲམས་ལུམས་གཏར་དེ་བཞིན་དེབ་ཏུ་བཙལ། །ཚིགས་འགྲམས་དྲོད་བཅས་སྐྲངས་དམར་ཆུ་ལྕག་བརྡེག །མཚན་མོ་བྱེ་རློན་བ་ལྕིའི་ལུམས་སུ་གཞུག །སྐབས་སུ་ཕྱིང་པ་ཆུར་བཅུག་ཚིགས་ཁ་བསྡམ། །གང་རྒྱས་རྩ་གཏར་རྗེས་ལ་ཕྱིང་དེབ་བཏང༌། །དྲོད་མེད་ན་ཚ་ཆུང་ཞིང་སྐྲངས་པ་གསོབ། །ཕྱིང་པ་སྣུམ་ལྡན་གླན་ལ་ཆུ་རྡོས་སྲོས་པས་བདུག །ཨ་ས་སྣུམ་བཅིང་བའི་འབའ་ཆའི་དུགས་རྗེས་ལ་དེབ་ཏུ་བཙལ། དང་པོ་ཚིགས་པ་ཐམས་ཅད་དལ་ལ་ཕྱི་དུས་བཅགས་པ་ཕན། །རྐང་འགྲམས་རྨ་བཅོས་ལྟར་སྐྱ་སྦྱོར་བྱས་ལ་ཕྱིང་དེབ་བཅིང་། འོག་སྲུབས་འགྲམས་པ་ལ་སྲུབས་མཚམས་རྒྱ་འཚོགས་ཁར་ཆིངས་ཚན་རྡོ་ཞུ་མཁན་གླ་སྒང་སྤང་དོ་རྣམས་རས་ལ་གཏུམས་པ་མར་ནག་ཏུ་བཙོས་ལ་གླན་མེ་བཙའ་དང༌། །རྩིབ་མ་སྒྲོག་རུས་ཆག་འགྲམས་ཧོར་གྱི་སྣུམ་ནན་བྱ། །ཆག་ཚབས་ཆེ་ན་བསྲེགས་རྗེས་དེབ་ཆིངས་སོགས་རྨ་བཅོས་ལྟར་ཆས་སུ་གཞུག །མགོ་བོའི་རྩ་འགྲམས་སྤང་རྩི་བ་ཤ་ཀ །སྟབ་སེང་སྐྱུ་རུའི་ཐང་རྗེས་གར་འགྲམས་གཏར། །འབྲུ་སྣ་བདུད་རྩི་ལྔ་ཡིས་རྒྱ་ཆེར་བདུག །སྡུད་སྒོ་གསུམ་རྩ་སྒོ་གར་འཁྱུག་ལྟག་རྩ་མེ་ཡིས་མནན། །བྱང་ཁོག་རྩ་འགྲམས་ག་དུར་བ་ཤ་ཀ །ཏིག་ཏ་སྐྱུ་རུའི་ཐང་རྗེས་གོང་བཞིན་དྲུག་མགོ་གཉིས་རྩེ་ཆུང་གཉིས་ཏེ་སྒོ་བཞི་གཏར། །གང་གཟེར་དུགས་དང་བདུད་རྩིའི་རླངས་ལུམས་བྱ། །ཡན་ལག་རྩ་འགྲམས་དུགས་དང་མེ་ཡིས་མནན། །སྟབ་སེང་སྐྱུ་རུ་ཧོང་ལེན་བ་ཤ་ཀ །ཀྱི་ལྕེ་དཀར་པོའི་ཐང་བཏང་གང་ཉེ་གཏར། །མདོར་བསྡུས་ཁྲག་རྩ་དྲུག་སྒོ་དང་རྩ་བོ་ཆེ་སོགས་གཏར་ལ་འཕར་རྩ་བསྲེག །ཧོང་ལེན་ཏིག་ཏ་ཀྱི་ལྕེ་ཞོ་སྦྱར་བྱུགས་ལ་ཕྱིང་དེབ་ཀྱིས་མནན། །ཆུ་རྒྱུས་འགྲམས་ན་སུག་པ་ཉེ་ཤིང་པ། །མཁན་པ་བུལ་ཏོག་ཕབས་སྦྱར་ཆུ་འཇམ་བསྲོ། །བཟོད་ཚད་དེའི་ནང་དུ་ཆུར་སྦང་བདུད་རྩིའི་རླངས་ལུམས་ཀྱིས་དྲོད་བྱ། །ཆང་བཟང་པོ་དང་དང་ལོ་མར་བསྐུ་མཉེ་བྱས་ལ་མེ་ཉིས་བསྲོ། །གླ་སྒང་ཐལ་བ་དོམ་མཁྲིས་རྡོ་རྒྱུས་དང༌། །མཐིང་ཤུན་བག་ཕྱེ་སྦང་གར་རྒྱུས་པའི་ཤ །ཚྭ་ཁུ་སྦྱར་བྱུགས་ཕྱིང་དེབ་བཏང་ལ་བཅོས། །མདོག་དམར་སྐྲངས་དང་དྲོད་ཆེ་གང་ཉེ་གཏར། །སྦོས་ཤིང་སྐྲངས་ན་ཆུ་སྒོ་དབྱེ་ཞིང་རྔབས་རྭས་དྲང་། །ཙོག་གེ་མི་བཞག་པར་དལ་བུས་བརྐྱང་བསྐུམ་བསླབ། །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འགྲམས་ཀྱི་ཚ་བ་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 20.02.2021 ཉིན། 12:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།