སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་གཅིག་པ། གཏར་ག་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་གཅིག་པ། གཏར་ག་བསྟན་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས། རིན་པོ་ཆེ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་དབུས་སུ། སྣང་གསལ་གྱི་མར་མེ་བལྟམ་(བལྟམས་)པ་ཞིག་སྟོན་པ་ལ་ཕུལ་ནས་ཞུས་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། འདུ་བ་འཇོམས་པའི་གཉེན་པོ་སྨན་དཔྱད་གཉིས།། དང་པོ་སྨན་གྱི་སྡེ་དང་བཤལ་གྱི་ལས།། མ་ལུས་ངེས་པར་བདག་ཅག་བློ་ཡིས་འཆུན།། གཉིས་པ་དཔྱད་ཀྱི་བྱེ་བྲག་གསུངས་པ་འདི།། བདག་ཅག་འཁོར་ལ་ངེས་པར་བསྟན་དུ་གསོལ།། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ། སྤྱིར་ན་འགྲོ་བ་སྡུག་བསྔལ་ནད་ལ་(ལས་)ཐར་པར་བྱེད་པ་ལས།། སྨན་གྱི་སྡེ་རྣམས་དེ་ལྟར་བསྟན་པའོ།། གཉིས་པ་དཔྱད་ཀྱི་སྡེ་ལ་རྣམ་པ་ལྔ་ཡིན་ཏེ།། ཁོང་ནད་འདྲེན་པ་གཏར་བཀྲལ་སྡེ་དང་གཅིག། གཟེར་ཟུག་འཇོམས་པ་མེ་བཙའི་སྡེ་དང་གཉིས།། ལོ་མ་འཇོམས་པ་དུགས་ཀྱི་སྡེ་དང་གསུམ།། མ་སྨིན་གསོའ་(གསོ་)བ་ལུམས་ཀྱི་སྡེ་དང་བཞི།། འཐོར་བུའི་ནད་སེལ་བྱུག་པའི་སྡེ་དང་ལྔ།། གོ་རིམ་མ་ནོར་དེ་བཞིན་ཤེས་པར་གཅེས།། ཀུན་གྱི་ལོག་ནོན་ཐུར་མ་མཆོག་ཡིན་ནོ།། དང་པོ་དཔྱད་ལྔའི་མཆོག་ནི་གཏར་ཁ་འདི།། ལག་ཆ་བརྟག་ཐབ་(ཐབས་)སྐྱོན་ཡོན་ལྔ་ཡིན་ཏེ།། དང་པོ་ལག་ཆ་འདི་ལ་རྣམ་པ་གཉིས།། སྤྱི་དང་སོ་སོའི་ལག་ཆ་གཉིས་ཡིན་ཏེ།། དང་པོ་སྤྱི་ལ་འགྲོ་བའི་རྩག་(གཙགས་)བུའི་ཚད་བསྟན་ཏེ།། རྒྱུ་ནི་མཉེན་འཁྲིག་(མཁྲེགས་)བཏུལ་ལེགས་ལྕགས་ལ་བྱ།། ལག་ལེན་མགར་བ་མཁས་པས་ཞིབ་པར་བཟོས།། དབྱིབས་ནི་རྒོད་ཀྱི་རླུང་གཤོག་སྤུ་གྲིའི་དབྱིབས།། དཔེའ་(དཔེ་)ནི་ཚེས་གསུམ་ཟླ་ལྟར་རྩེ་དབྱིབས་དགུ(གུག)།། མཚན་ཉིད་རྩེ་མོ་ལྷག་ཉལ་བྲང་བ་ཅན།། སོ་དབྱིབས་ཆུ་སྟ་སོ་ཟླུམ་ཐད་གྲས་(དྲས་)འདྲ།། སོ་ཚད་སོར་བཞི་ཡུ་བ་དོ་ཡིན་དྲུག། གྲང་འཐར་ཚ་གཞོབ་ཅི་འཐུང་ངར་བླུད་ནས།། འོལ་སེར་སྒྲོ་ཙམ་ངར་བཟློག་མི་འགྲུག་མཉེན།། རྩུབ་ལ་དྲག་བདར་འཇམ་ལ་རྔོ་འགྱིལ་གསལ།། རྣོ་བའི་ཚད་ནི་སྤུ་ལ་གྱེན་གཤོག་(གཤག་)ནུས།། ལག་པ་གཟེ་དང་མི་གཟེ་འདི་ལ་བརྟག། རྟག་ཏུ་བཅང་ལེགས་སོ་དཀྲིས་ཤུབ་(ཤུབས་)ཏུ་བསྐྱུང་།། ནམ་དགོས་ཕྱུང་བ་མ་གཏོགས་དེ་མིན་(མིན་)སྦ།། གཉིས་པ་སོ་སོའི་ལག་ཆ་དཔྱད་འབུམ་ཁྲ་བོད་(བོར་)གསལ།། གཉིས་པ་གཏད་(གཏར་)ཁ་རུང་དང་མི་རུང་ནི།། ནད་གཞིའི་ཁམས་དང་རན་དང་མི་རན་དང་།། གཏར་བའི་དུས་ཚོད་གསུམ་སྟེ་དང་པོ་ནི།། ནད་གཞི་འགྲམ་(འགྲམས་)འཁྲུགས་རིམས་དང་ཚད་པ་ཡིན།། རྨ་དང་དྲེག་དང་སྐྲངས་པ་སུར་ཡ་དང་།། ཆུ་སེར་མཛེ་ནད་ཅན་དང་མེ་དབལ་དང་།། རྩ་བ་ཁྲག་མཁྲིས་ལས་གྱེས་གཏར་དུ་རུང་།། མི་རུང་བ་ནི་གྲང་བ་གཅོང་ཆེན་དང་།། མེ་དྲོད་ཉམས་དང་སྐྱ་རྦབ་བུ་བཙའི་ཤུལ།། གདོན་ཅན་ནད་དང་ཟུང་(ཟུངས་)ཟད་སྦྲུམ་མ་དང་།། མདོར་ན་བད་རླུང་ནད་རྣམས་ཀུན་ལ་སྤང་།། གཉིས་པ་རན་དང་མ་རན་དབྱེ་བ་ནི།། དངས་སྙིགས་ཁྲག་མ་བྱེ་དང་རིམས་དང་སྨིན།། སྟོངས་ཚད་དུག་མ་སོད་དང་གདོན་ཚད་དང་།། ཚ་བ་ཡིན་རུང་ཟུང་(ཟུངས་)ཟད་གཏར་མི་བྱ།། བད་རླུང་ནད་དང་ཁྲག་མཁྲིས་བསྡོང་ན་གཏར།། རྩ་བར་དོགས་(དོག་)དང་གཉེན་(གཉན་)རྩ་མདུད་ཅན་སྤང་།། གསུམ་པ་གཏར་བའི་དུས་ཚོད་ནམ་ཡིན་ནི།། ཟུང་(ཟུངས་)དུ་(སུ་)གཏར་ཁ་ཚོད་ལེན་སླང་(བླང་)ནས་གཏར།། དང་པོ་དུས་ལ་མི་སྡད་གཏར་བ་ནི།། འཁྲུགས་རིམས་རྒྱས་ཚད་ཁྲག་མ་ཆོད་པ་དང་།། བྱང་ཁོག་ཁྲག་བབ་དོན་ལ་འགྲོ་ཁ་(བ་)དང་།། དུས་ལ་མི་སྨུག་(སྒུག་)སྨིན་ལོང་མེད་པར་གཏར།། གཉིས་པ་དེ་ལ་ཅུང་ཟད་དལ་ཁོམ་ན།། གཏར་བའི་དུས་བབ་གཟེར་དུས་གྲང་ཤུམ་འམ(ཆད)།། རྩ་རྒྱུད་སྦྲིད་ཅིང་ལྗི་(རྒྱས་)པའི་དུས་སུ་གཏར།། དེ་མིན་གཏར་བ་སྔ་ན་ནད་མི་འགྲོ་(འདྲོང་)།། ཁྲག་གི་དྭངས་སྙིགས་བྱེ་ནས་རི་མོ་མེད་ན་ལེགས།། ཁྲག་གི་དངས་སྙིགས་ཐང་གིས་འབྱེད་པ་ཡིན།། གཏར་བ་ཀུན་གྱི་སྔོན་འགྲོ་ཡིན་པས་གཏོང་།། གསུམ་པ་སྙིང་ཚད་ངན་ཁྲག་རྩ་ལ་བྱེར་བ་ན།། གང་གནོད་ཟས་བཏང་ནད་རོ་སློང་ནས་གཏར།། གཏར་བ་སྔས་ན་རླུང་ཚད་གཉིས་ཀ་འབྱེར།། ཕྱིས་ན་ཁྲག་ངན་རྩར་འཁྱོར་(འཆོར་)ནས་རོ་ལུས།། ཚ་བ་སྟོབས་རྒྱས་མ་གཏར་དོན་ལ་འཆོར།། དོན་ཤོར་རྣག་ཏུ་སོང་ན་འཚོ་བ་དཀའ།། གསུམ་པ་གཏར་ཐབས་ལག་ལེན་གསུམ་ཡིན་ཏེ།། སྔོན་འགྲོ་དངོས་གཞི་ཕྱི་རྗེས་བཅད་པའོ།། སྔོན་འགྲོ་འདི་ལ་ཉེ་རིང་གཉིས་ཡོད་དེ།། རིང་བ་ནད་དང་སྦྱར་བའི་སྔོན་འགྲོ་ནི།། མ་སྨིན་སྨིན་པར་བྱ་བའི་སྨན་གྱིས་བཏུལ།། ནད་ཁྲག་ཟུང་(ཟུངས་)ཁྲག་ཐང་བཏང་སོ་སོར་དབྱེ།། དེ་མིན་བཏང་ན་ནད་ཁྲག་ཟུང་(ཟུངས་)ཁྲག་འཆོར།། ཟུང་(ཟུངས་)ཁྲག་ཤོར་ན་རླུང་སྐྱེད་ཚད་རོ་ལྡུས(ལུས)།། ཉེ་བའི་སྔོན་འགྲོ་སྔ་གྲོ་(དྲོ་)ཉི་ཤར་དུས།། མེ་དང་ཉི་མས་ལུས་པོ་ཀུན་ཀ་བསྲོ།། འགྲུལ་བསྲུང་ཐང་བཏང་མཁོ་སྤྱད་ཚག་(ཚགས་)བྱས་ནས།། གཉིས་པ་དངོས་གཞི་གཏར་ལུགས་ལྔ་ཡིན་ཏེ།། བསྙིལ་(བསྙལ་)དང་གཏར་ཁ་འདེབས་མིག་ཕྱུང་ཚད་དང་།། ལོག་ཁ་གནོན་དང་གཏར་ཐབས་ལྔ་པ་ཡིན།། དང་པོ་དཔྲལ་རྩ་ལྟག་རྩ་འཚོགས་(མཚོགས་)གསང་རྣམས།། སྨིན་སྟེང་ཐག་པས་བསྐོར་ལ་ཤིང་གིས་བཅུད(གཅུ)།། རྩེ་ཆུང་གཉིས་ལ་མཆན་རྩ་སོ་སོར་བསྡམ།། རྐེ་(སྐེ་)རྩ་ཐག་པ་རྐེ་(སྐེ་)བསྐོང་(བསྐོར་)་རྒྱབ་ཏུ་གཅུད(གཅུ)།། ལྕེ་རྩ་སྙུག་གམ་ཤིང་གི་བར་དུ་བཏེམ(བསྡམ)།། དཔུང་རྩ་ཤ་རྒོད་སྟེང་ནས་ཐག་པས་བསྡམ།། ཨ་སོ་དྲུག་མགོ་སྒང་རྩ་རུ་ཐུང་དང་།། བཤའ་རིང་(གཤའ་རིངས་)ལ་སོགས་གྲུ་ཁུག་སོར་གསུམ་གོང་།། སྐྱོར་གོང་འཕྲན་(ཕྲན་)བུ་རྒྱབ་རྩ་དྲུག་འདུས་སོགས།། སྲིན་རྩའི་བར་རྩ་འཁྲིག་(མཁྲིག་)མའི་གོང་དུ་བསྡམ།། རྩ་བོ་ཆེ་ནི་པུས་མོའི་འཛུབ་(མཛུབ་)གང་སོར།། སྒབ་(རྒྱབ་)རྩ་བྱིན་གཞུག་རྟ་མཐུར་ལྷམ་སྒྲོག་སྟེང་།། ལོང་རྩ་ཡོབ་གོང་གདོང་རྩ་བྱིན་སྐྱོག་དང་།། རྒྱུ་རྩ་ལ་སོགས་ལོང་བུའི་སྟེང་དུ་བསྡབ(བསྡམ)།། ཤ་གསེབ་རྩ་རྣམས་ཐོན་ཀའི་ཐེག་གུས་གཅུད(གཅུ)།། གང་ཡང་སྙིལ་(བསྙལ་)ཐག་བལ་ཐག་སྦོམ་ལྷོད་ཀྱིས།། ལྤགས་(པགས་)པ་མ་བསྡུས་རྩ་མ་འཆུས་པར་བསྡམ།། སྤྱིད་(སྤྲིད་)ཆིལ་རྩ་རྒྱུད་ལྡང་གི་བྱུང་ན་ལེགས།། མ་བསྡོམས་མ་ཐུབ་(མི་ཐེབས་)འཆུས་ན་ཁྲག་མི་ལོང་(ཡོང་)།། སྙིལ་(བསྙལ་)ཐོན་(ཐོག་)གཏར་རྩ་ལགས་(ལག་)པས་མཉེ་ཞིང་འཕུར།། ཤ་སྦྲིད་རྩ་རྣམས་རྒྱས་པས་ཐེབས་པར་སླ།། སྙིལ་(བསྙལ་)མ་ཐག་ཏུ་གཏར་ན་འཛག་ཐེབས་དཀའ།། གཉིས་པ་གཏར་ཐབས་རྩ་ལ་གཉིས་ཡིན་ཏེ།། རྩ་ཡི་གཏར་ལུགས་བླ་གནས་སྲུང་བ་སྟེ།། དང་པོ་གཏར་ཐབས་རྩ་རྣམས་སེན་མོས་མནན།། ཅུང་ཟད་མཐུར་(ཐུར་)དུ་མནན་འཐེན་རྩ་མི་འགྱུར།། ཕལ་ཆེར་བསྙལ་འོག་སོར་གསུམ་འོག་ཏུ་གདབ།། སྤྱིར་ནི་རྩ་ཆེན་རྣམས་ལ་སྒང་གཤག་བྱ།། རྩ་ཕྲན་རྣམས་ནི་ཐེབ་(ཐེབས་)དཀའ་འཕྲད་(འཕྲེད་)དུ་བཅད།། གཉན་རྩ་རྣམས་ནི་འཕྲད་(འཕྲེད་)འདེབས་ཕྱེད་ཡན་བླང་།། ཁྲག་བས་རླངས་པ་ཕན་པས་རྨ་ཆེར་བྱ།། རྨ་ཆུང་སྐྲང་ན་ཁྲག་གི་རླངས་མི་ཐོན།། རྨ་དང་རྩ་ཁ་སྙོམས་ལ་ལེགས་པ་ཡིན།། རྩ་ཕྲན་རྣམས་ནི་སྙུག་མ་ཁ་ཡིས་གཏར།། རུས་སྟེང་རྩ་ལ་སྟ་རེ་ཁ་ཡིས་གཏར།། རྩ་ཕྲན་རྣམས་ནི་སྙུག་མ་ཁ་ཡིས་གཏར།། རུས་སྟེང་རྩ་ལ་སྟ་རེ་ཁ་ཡིས་གཏར།། རྩ་སྟེང་འཕྲད་(འཕྲེད་)བཙུག་སེ་གོལ་བ་དག་བརྡེག། ལྷག་རྩ་བདུད་སྒོ་གཡས་གཡོན་གྱེན་སོར་གསུམ།། རྩ་སྟེང་ཐིག་གདབ་གཏར་རྗེས་མེ་ཡིས་བསྲུང་།། འཚོགས་(མཚོགས་)རྩ་སྐྲ་འཚམས་(མཚམས་)གྱེན་ལ་སོར་བཞི་བཅལ།། མུར་གོང་འཕར་རྩ་སྐྲ་གསེབ་མནན་པས་རིགས།། རྩེ་ཆུང་ཡས་མར་སོར་བཞི་བཅལ་བར་གཏར།། རུ་ཐུང་གྲུ་མོའི་ཁུག་ནས་སོར་བཞིའི་བར།། བྱིན་གཞུག་ཕྱི་རྟིང་གྱེན་དུ་འཁྱུད་(མཁྱིད་)གང་སར།། དེ་ལྟར་གཏར་ཐབས་ལེགས་པ་མཁས་པས་གཏར།། གཏར་མ་ཐོག་ཏུ་མི་གློད་ཁྲག་མི་འབྱུང་།། ཁྲག་གི་འོང་འཕྲོ་ཆད་དུས་ཅུང་ཟད་སློད(གློད)།། གཉིས་པ་བླ་གནས་གནས་པའི་རྩ་མི་གཏར།། ཚེས་གཅིག་རྐང་མཐིལ་གཉིས་ལ་བོལ་གོང་ལ།། གསུམ་ལ་བླ་(བརླ་)རྒྱབ་བཞི་ལ་པུས་མོར་གནས།། ལྔ་ལ་བྱིན་པ་དྲུག་ལ་པུས་གོང་ཡིན།། བདུན་ལ་དཔྱི་མིག་བརྒྱད་ལ་མཁལ་མའི་སྟེང་།། དགུ་ལ་རྩིབ་ལོགས་བཅུ་ལ་དཔུང་པ་སྟེ།། བཅུ་གཅིག་ལག་ངར་བཅུ་གཉིས་ལག་མཐིལ་གནས།། བཅུ་གསུམ་སྐེ་མགུལ་བཅུ་བཞི་སྣ་བར་གནས།། བཅོ་ལྔ་ལུས་ཀུན་བཅུ་བདུན་རྐེ་བ་(རྐེད་པ་)སྟེ།། དེ་བཞིན་ཡས་མར་རིམ་པར་བརྩི།། ཕྱི་ནང་བླ་གནས་ཞིབ་པར་འཁོར་ལོར་ལྟོས།། གསུམ་པ་གདབ་མིག་མ་ནོར་ཤེས་དགོས་ཏེ།། གཉའ་བ་རེངས་རྩ་ཐེབས་དཀའ་ལྷག་རྩ་གཏར།། མགོ་ནད་བད་མཁྲིས་འཆང་(ཆང་)འཐུང་མགོ་རྒྱས་དུས།། དཔྲལ་བ་འཚོགས་(མཚོགས་)ཁ་ལྗི་(ལྕི་)ཞིང་མིག་མི་ཐེག། འཚོགས་(མཚོགས་)མའི་གསང་དབྱེ་གསེར་གདོང་(མདུང་)དངུལ་གདོང་(མདུང་)གཏར།། དམར་ཚགས་(ཚག་)ལིང་ཐོག་མིག་ནད་མིག་རྩ་གཏར།། སྣ་ནད་རྣ་བ་སྣ་རྩེ་རྣ་རྩ་གཏར།། སྙིང་ཚད་སྐོམ་དད་སྨྲ་དཀའ་ལྕེ་རྩ་གཏར།། སོ་མིག་རྣ་འགྲམས་རྣམས་ལ་ལྷག་རལ་གཏར།། སོ་ནད་སོ་རྩ་རྩེ་ཆུང་དཔུང་རྩ་གཏར།། སྙིང་ཚད་གློ་བ་སྙིང་དང་དབུག་(དབུགས་)མི་བདེ།། སྐད་འགག་ཨོལ་ཁོང་(གོང་)མགོ་ཡི་མགྲིན་རྩ་གཏར།། སོ་སྲིན་བྱང་ཁོག་ཁྲག་བབ་དོན་ལ་ཟིན།། ཚད་རིམས་གློ་འགྲམས་སོ་ལ་ཁྲག་ཚད་རྒྱས།། འབྲས་ནད་སྐྲངས་པ་ཀུན་ལ་རྩེ་ཆུང་གཏར།། མགོ་ནད་གློ་ནད་སྟོད་གཟེར་དཔུང་རྩ་གཏར།། གློ་ཚད་གཟེར་ཐུང་དབུགས་རྒོད་སྟོད་ལྗི་(ལྕི་)ལ།། ཕྱི་ཡི་གྲུག་(དྲུག་)མགོ་སྒང་རྩ་གཉིས་ལ་གཏར།། མཆིན་དྲི་ལྟོ་རྒྱབ་སྦྲག་ཅིང་གློ་སྙིང་ན།། དོན་སྣོད་ཐུན་མོང་ནད་ལ་སྣོད་ཁ་གཏར།། གློ་སྙིང་ཁྲག་རྒྱས་གློ་སྙིང་འདོམ་རྩ་གཏར།། རོ་སྟོད་མཆིན་དྲི་ཕོ་མཆིན་འཁོར་ཞིང་ན།། ཕོ་མཆིན་སྟོད་གཟེར་གློ་མཆིན་འདོམ་རྩ་གཏར།། བད་སྨུག་སྐྲན་དང་གཉིས་ལ་རུ་ཐུང་གཏར།། མཆིན་པ་མཚེར་པ་མཆིན་དྲི་འགྲམས་འཁྲུག་(འཁྲུགས་)དང་།། མཁྲིས་ནད་ཅན་ལ་བཤར་རིང་(གཤའ་རིངས་)ཁྲོན་(ཕྲན་)བུ་གཏར།། བད་ཀན་མིག་སེར་ལུས་ལྗི་(ལྕི་)དང་ཀ་འགག། གློ་སྙིང་ཁྲག་རྒྱས་གློ་སྙིང་འདོམ་རྩ་གཏར།། ཁྲག་མཁྲིས་ནད་ལ་མཆིན་མཁྲིས་འདོམ་རྩ་གཏར།། ཕོ་མཆིན་ཁྲག་ནད་རྒྱབ་རྩ་དྲུག་འདུས་གཏར།། འབྲས་བུ་སྐྲང་དང་རྒྱུ་ལོང་མཚོན་ཕོག་དང་།། གཞང་འབྲུམ་སྨད་ཀྱི་ནད་ལ་རྩ་ཆེན་གཏར།། ལྷག་དགྱེ་དཔྱི་མིག་འཁོར་དང་གཞུང་རེངས་དང་།། མངལ་ཁྲག་འཛག་ལ་སྒྱིད་པའི་མངལ་རྩ་གཏར།། མཚེར་པའི་འགྲམས་ནད་ཤུ་བ་སྐོམ་དད་ཆེ།། མཁྲིས་ནད་ཆུ་སེར་ཅན་ལ་རྟ་མདུད་(མཐུར་)གཏར།། མཁལ་མའི་རྩ་སྐད་(སྐེད་)བྱང་ཁོག་སྨད་མི་ཐེག། བྱིན་པ་རེངས་སྙམ་རྐང་བཤལ་དཔྱི་མིག་གཟེར།། སུར་ཡ་མངལ་ཁྲག་འབྱམས་ལ་བྱིན་གཞུག་གཏར།། ཁོག་སྨད་མཚོན་རྨ་ལད་དྲུལ་(མངལ་ཁྲག་)དྲི་མ་དུག(དུགས)།། དྲི་ཆུ་འགག་ལ་ལོང་རྩ་གཏར་བ་ཡིན།། རྒྱུ་མར་ཁྲག་བབ་མགོ་ནད་སྙིང་ལ་ལོག། སྙིང་ནད་ཅིས་ཀྱང་མ་ཕན་རྒྱུ་རྩ་གཏར།། རྐང་མཐིལ་བོལ་གོང་སྐྲངས་ལ་ཚ་འབྲབ་དང་།། ཆུ་སེར་ནད་ལ་ཡོབ་གོང་གདོང་རྩ་གཏར།། མདོར་བསྡུས་ནད་དང་རྩ་ཡི་འདྲིལ་ལུགས་ནི།། སྟོད་ནད་ཀུན་ལ་རྩེལ་(རྩེ་)ཆུང་སྣོད་ཁ་གཏར།། སྨད་ཀྱི་ནད་ལ་ལོང་རྩ་བྱིན་བཞུགས་(གཞུག་)གཏར།། བར་གྱི་ནད་ལ་རུ་ཐུང་སྣོད་ཁ་གཏར།། རོ་སྟོད་ནད་ལ་སྒང་རྩ་དྲུག་མགོ་གཏར།། ནུ་འཇིང་(མཇིང་)མདུན་རྒྱབ་ནད་ལ་རུ་ཐུང་གཏར།། སྙིང་ཚད་ཅན་ལ་རུ་ཐུང་འདུས་ཀེ་གཏར།། ལྕེ་དང་གྲེ་བའི་ནད་ལ་ཐོང་རྩ་གཏར།། གློ་ཚད་རྒྱས་ཚད་སྒང་རྩ་སྐྱོར་གོང་གཏར།། གློ་སྙིང་ནད་ལ་རྩེ་ཆུང་འདོམས་རྩ་གཏར།། སྨད་ཀྱི་མཆིན་རྩ་ཕོ་གདོང་རྩ་ཡིན་ཏེ།། མཆིན་པ་གྲང་ནད་ཅན་ལ་ཕོ་གདོང་གཏར།། ཡང་ན་མཆིན་རྩ་ཀུན་གྱི་རྩ་བ་སྟེ།། ཕོ་གདོང་གཡས་གཏར་ཡང་ན་མཆིན་འདབ་སྟེ།། ལྕེ་ཡི་གཡོན་པ་གཏར་བས་མཆིན་ནད་ཕན།། མཚེར་ནད་རྟ་མཐུར་སྲིན་ལག་རྒྱབ་རྩ་གཏར།། ཕོ་ནད་ཕོ་བའི་ར་(རྭ་)དང་དྲུག་འདུས་གཏར།། མཁྲིས་པ་བཤལ་རིང་(གཤའ་རིངས་)ཕྲན་བུ་གསེར་མདུང་གཏར།། མཁལ་ནད་ཕོ་མཚན་འགྲམ་(འགྲམས་)དང་བྱིན་གཞུག་གཏར།། རྒྱུ་རིམས་ནད་དང་དགུ་(དཀུ་)འགྲམ་(འགྲམས་)བྱིན་སྐྱོག་གཏར།། ཤ་ཡི་ཚད་པ་ཆེ་ན་གློ་བའི་མཆིན་རྩ་གཏར།། རུས་པའི་ཚད་ངད་ཆེ་ན་མཁལ་རྩ་གཏར།། ལྤགས་(པགས་)པའི་ཚད་པ་ཆེ་ན་མཁྲིས་རྩ་གཏར།། བད་ཀན་དང་ཁ་འགགས་ན་མཁྲིས་རྩ་གཏར།། སྤྱིར་ན་དོན་སྣོད་ནད་ལ་གང་ཉེ་དང་།། གང་རྒྱས་རྩ་ལ་ནད་ཡོད་གཏར་བ་ཡིན།། དེ་ལྟར་གཏར་མིག་མ་ཤེས་ཏོམ་ཆོལ་གཏར།། སྨད་ཁྲག་སྟོད་དུ་གཏར་བས་ལུས་ཟུང་(ཟུངས་)འཆོར།། སྟོད་ཁྲག་སྨད་དུ་ཕབས་(ཕབ་)པས་མེ་དྲོད་ཉམས།། བཞི་པ་ཁྲག་གི་ཕྱུང་ཚད་མང་ཉུང་ནི།། ཁྲག་གི་མདོག་ལས་ནད་ཀྱི་རིམ་པ་ནི།། ནག་པོ་འཁྲུག་(འཁྲུགས་)ཚད་མཁྲིས་ནད་སེར་ལ་སླ།། ཁ་དོག་སྔོ་ནག་བྱུང་ན་དུག་ནད་ཡིན།། བྱ་ལྦང་རྒྱབ་འདྲ་ལྕགས་ཁྲག་སྦུ་(ལྦུ་)བ་དཀར།། སྣག་(རྣག་)དང་ཆུ་སེར་ཆེ་ན་ནད་ཁྲག་སྟེ།། དེ་བཞིན་མདོག་བྱུང་གཟེར་ཞི་སྐྱེད་འོང་ངོ་།། དམར་ནག་རི་མོ་འདྲེས་ན་ནད་ཁྲག་དང་།། ཟུང་(ཟུངས་)ཁྲག་འདྲེས་པས་ཐང་བཏང་དེ་རྗེས་གཏར།། སྣག་(རྣག་)མཁྲིས་ཆེ་ན་ལུས་ཟུང་(ཟུངས་)གསོ་ཞིང་གཏར།། དམར་ལ་སྐ་ཞིང་མ་ཕན་གཏར་ཁ་སྐྱལ(སྐྱེད)།། རླུང་གི་ཁྲག་ནི་དམར་ནག་སྦུ་(ལྦུ་)བ་དམར།། བད་ཀན་ཁྲག་ནི་དམར་སྐྱ་སྐ་ལ་འཇམ།། མཚལ་དང་ལི་ཁྲི་སྦྱང་འདྲ་ཟུངས་ཁྲག་ཡིན།། དོན་སྣོད་ནད་བབས་ཁྲག་གཟེར་ཞི་བ་དང་།། ཁྲག་དབྱིབས་སྐ་ན་བཟང་ཁྲག་ཡིན་ཡང་ཕྱུང་།། ཟུང་(ཟུངས་)ཟད་ནད་པ་རླུང་ཤས་ཆེ་བ་ལ།། ངན་ཁྲག་ཡིན་ཡང་ཕལ་ཆེར་བཞག་པ་ཡིན།། དེ་ལྟར་མ་ཡིན་མང་གཏར་ཉུང་དུ་ཕྱུང་།། རྒྱས་ཚད་འཁྲུག་(འཁྲུགས་)གཟེར་བྱང་ཁོག་ཁྲག་བབ་དང་།། ཡན་ལག་སྐྲང་ཤོར་བུངས་བསྐྱེད་ཁྲག་ཤད་(ཤེད་)སྨད།། ནན་གཏར་(ཏར་)ཁྲག་འཁྲུག་(འཁྲུགས་)དོན་ལ་སོང་ལ་ཁ།། ཟུང་(ཟུངས་)ཟད་རྒད་པོ་ཡིན་ཡང་མང་དུ་གཏར།། ནད་དང་ཁྲག་གཉིས་གང་མྱུར་སྲོག་འཐོབ་པས།། གཏར་ཚད་སྣག་(རྣག་)དང་ཆུ་སེར་ཁྲག་དང་གསུམ།། ཅི་ལྟར་བྱུང་བ་བརྟག་དང་ཚད་ཀྱིས་གྲངས་སུ་གཏར།། རྣག་དང་ཆུ་སེར་མང་ན་གྲངས་མང་གཏར།། སྦུ་(ལྦུ་)བ་ཁྲག་དམར་སྤྲིས་གཡོགས་བྱུང་བ་ན།། ཟུང་(ཟུངས་)ཁྲག་ཡིན་པས་མི་གཏར་འཕྲོ་བཅད་རན།། རྩ་མིག་ཀུན་ལ་ནད་ཁྲག་ཡོད་པ་དེས།། རྩ་མིག་མང་དུ་གཏར་བས་ནད་མ་ཆོད།། སྙུང་(ཉུང་)ངུ་ཕྱུང་བས་ནད་པའི་ཟུང་(ཟུངས་)མི་འཆོར།། ཟུངས་ངན་ཁྲག་རྟིང་མ་ཐོན་རན་ཚོད་བཟུང་།། ཚད་ནད་ཆེ་ཡང་ཟུངས་ཁྲག་བྱུང་ན་བཅད།། ཟུངས་ཟད་གསོ་དཀའ་དམུ་ཆུར་གྱུར་པ་ལ།། ཁྲག་དེ་སྲོག་ཡིན་ཅུང་ཟད་གཏར་མི་བྱ།། ལྔ་པ་ཁྲག་གཏར་མགོ་ནོན་འདི་ལ་རྣམ་པ་ལྔ་ཡིན་ཏེ།། ཁྲག་མ་ཐོན་དང་ཐོན་ཡང་ངན་ཁྲག་མེད།། ཁྲག་བརྡོལ་བཙག་རྨ་སྐྲང་དང་ཁྲག་རླུང་སྐྱེས།། དང་པོ་ཁྲག་མ་ཐོན་ན་སྐྱོན་ཡིན་ཏེ།། ནད་པའི་ལུས་གྲང་བཙག་(གཙག་)བུ་བརྡུལ་(རྟུལ་)བ་འམ།། ཡང་ན་སྨན་པ་མ་གོམ་(གོམས་)དྲེད་(བྲེད་)པ་དང་།། གདོན་གྱིས་བཀག་དང་འགྲུལ་གྱི་སྣ་བྱུང་ངམ།། རྨ་ཁ་ཆུང་ངམ་པགས་རྩ་འདུས་སམ་འཆུས།། སྙིལ་(བསྙལ་)མ་ཐོག་ཏུ་གཏར་རམ་གཏར་མ་ཐོག་(ཏུ་)ཀློད(གློད)།། དེ་དག་ཁྲག་མི་ཐོན་པའི་སྐྱོན་ཡིན་པས།། སྐྱོན་རྣམས་སྤང་ནས་གཏར་བས་ཐེབས་པར་ངེས།། གཉིས་པ་རྩ་ཆེན་གཏར་ཡང་ངན་ཁྲག་མེད།། འཕྲོ་བཅད་ནང་དུ་འཕྲུལ་བྱེད་རྩ་གཞན་གཏར།། རྫ་ཆག་བསྲོས་ལ་རྩ་དེ་ལེགས་པོར་བདུག། བླ་(གླ་)སྒང་གླ་རྩི་སྤང་སྤོས་ཆང་དང་སྦྱར།། ཅུང་ཟད་བསྐོལ་བའི་ཐང་བཏང་དོ་ནུབ་ཉལ།། ག་ཕུར་(པུར་)སྲན་མ་ཙམ་ཅིག་འོ་མར་སྦྱར།། ནངས་པར་ལངས་མ་ཐོག་ཏུ་ལུས་ལ་རྔུལ་འབྱུང་བྱ།། དེ་རྗེས་གཏར་བའི་ནད་ཁྲག་འཐོར་བ་འབྱུང་།། ཚ་བའི་རྩ་བཅད་རྩ་སྟོངས་ཁྲག་མེད་ན།། ཁོང་ཁྲག་ཕྱི་ལ་འཕུལ་བ་རྐྱེན་གྱིས་སློང་།། གསུམ་པ་མ་ཆོད་རྡོལ་ལ་ལུས་གྲང་རྩ་རྒྱུད་ལ།། རྡེའུ་གྲང་མོས་རྨ་ཡི་མནན་ནས།། ཕྱིང་པ་ཅུར་(ཆུར་)བཅུག་སྐྲིས་(དཀྲིས་)མས་བསྡམ་ལ་བཅིང་།། བཞི་པ་སྐྲངས་ན་ཚ་(ཚྭ་)་མར་ཁྱི་གཞོབ་ཀྱིས།། རྨ་ཁ་སྐྲངས་པ་ལ་སོགས་བྱུག་ལ་མཉེ།། དེས་ཀྱང་མ་ཞི་འབའ་སམ་དུད་པས་བདུག། ཁྲག་ཚབས་གསོན་ཁྲག་གམ་ནི་རྩམ་ཐུག་འཐུང་།། ལྔ་པ་གཏར་རྗེས་ཁྲག་རླུང་སྐྱེས་པ་ན།། བུར་ཆང་རུས་ཁུ་ཚོ་ཁྲུས་(ཁུས་)རླུང་གནོན་གཏོང་།། གསུམ་པ་ཕྱི་རྗེས་བཅད་པའི་རིག་པ་ནི།། རྗེས་བཅད་གཏར་ཁའི་སྐྱོན་ཡོན་གསུམ་ཡིན་ཏེ།། དང་པོ་གཏར་བའི་རྗེས་ཤུལ་གཅོད་བྱ་ནི།། རྡོ་གྲང་མནན་ཅིང་འགྲོ་འདུག་ཉལ་ཐབས་གཟབ།། བསྙལ་དཀྲུག་(བཀྲོལ་)ཆུ་ཆག་རྨ་ཁ་ཐེབ་(མཐེབ་)མོས་མནན།། ངན་ཁྲག་སྐྱེ་དྭོགས་(དོགས་)སིང་པོ་ཐུག་ནག་བསྲུང་།། གཉིས་པ་སྐྱོན་ནི་གཏར་ཞན་ནད་རོ་ལུས།། མཆིན་སྐྲན་སྨུག་པོ་མཛེ་འབྲས་སུར་ཡ་བསྐྱེད།། བྱང་ཁོག་ནད་འཐོར་ཡན་ལག་ཆུ་སྣག་(རྣག་)བྱུང་།། གཏར་དྲགས་ཟུངས་ཟད་རླུང་ལངས་མེ་དྲོད་ཤོར།། གྲང་སྐྲན་སྐྱ་རྦབ་དམུ་ཆུར་འགྱུར་བ་ཡིན།། གཏར་ཁ་མི་རུང་ནད་ལ་གཏར་ན་དཔྱད་ལོག་ཡིན།། ཉེས་པ་ཤ་གདན་བཅད་དང་ཆུ་རྒྱུས་གཏུབ།། འཕར་བའི་རྩ་དང་རྩ་མཉེན་(གཉན་)བཅད་པའམ།། དཔྱད་ལ་མ་མཁས་ལེགས་པས་(ལག་དགྲས་)ཤི་བ་ཡོད།། དེ་ཕྱིར་སྐྱོན་ལ་འཛེམ་པ་སྡར་མ་ལྦ་འདྲ་དགོས།། གསུམ་པ་གཏར་ཁ་ལེགས་པའི་ཡོན་ཏན་ནི།། ནད་ཁྲག་རྩ་ཡི་སྦུབ་ནས་ཕྱུང་བ་དེས།། གཟེར་བའི་ནད་འཇོམས་སྐྲངས་པ་རྒྱུད་(རྒྱུ་)ནས་བཏུལ།། འཕྱེལ་(འདྲུལ་)པ་རྟས་ཕུལ་ཆུ་སྣག་(རྣག་)རྒྱུ་མ་(ནས་)སྐེམ།། ཁོལ་བུའི་ནད་སངས་རྦད་(རྨ་)ལད་བཟང་དུ་བསྒྱུར།། རྒྱས་པ་ཕྲི་ཞིང་ཞན་པའི་ཟུངས་བསྐྱེད་དོ།། ནད་དངོས་སྒོར་འབྱིན་དཔྱད་ལ་གཏར་ཁ་གཅེས།། ཞེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོ་བ་སྨན་འབུམ་དཀར་པོ་ལས་གཏར་ཁའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།



མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།