སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉི་ཤུ་པ། གཏར་ག་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་ཉི་ཤུ་པ། གཏར་ག་བསྟན་པ།



ལེའུ་ཉི་ཤུ་པ། གཏར་ག་བསྟན་པ། 

སྦྱོང་ཐམས་ཅད་ཀྱི་ལོག་གནོན་རྩ་སྦྱོང་བསྟན་ནས་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་ཡིད་ལས་སྐྱེས་སོགས་ལ་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་ཏེ། དཔྱད་ལྔའི་ནང་གི་མཆོག་ཏུ་གྱུར་པ་གཏར་ག་བརྡེག་པའི་ཐབས་དེ་ལ་ཆ་བྱད་ལེགས་ཉེས་རུང་མི་རུང་བརྟག་པ། བརྡེག་པའི་ཐབས་དང༌། ལོག་པའི་སྐྱོན་དང༌། ཡོན་ཏན་དང་རྣམ་པ་ལྔ་རུ་ཡོད་དེ།

ཟླ་ཟེར་ལས། མགར་བ་མཁས་པས་ཆོ་ག་བཞིན། །བརྡུངས་པའི་གཏར་དཔྱད་ཉི་ཤུ་དྲུག །སྤུ་ནི་ཆོད་པར་ནུས་པ་དག །ཕལ་ཆེར་སོར་ནི་དྲུག་པ་བྱ། །གཟུགས་ལེགས་སོ་ནི་ལེགས་པ་དང༌། །གཟུང་བ་བདེ་བ་ཉིད་དུ་བྱ། །ཞེས་སོགས་གསུངས་པ་ལྟར།

དང་པོ་ཆ་བྱད་ནི་རྣོ་ཞིང་མཉེན་ངར་དང་ལྡན་པའི་ལྕགས་ལ་མགར་བ་མཁས་པས་བྱེའུ་སྦུ་གུའི་སྒྲོ་དང་འདྲ་བའི་དབྱིབས་ཅན་རྩེ་སྒུར་པོ་ཟོར་བ་ཁ་སྟེ་ཚེས་གཉིས་ཀྱི་ཟླ་བའི་དབྱིབས་ལྟ་བུའམ། ཡང་ན་ལྟག་ཉལ་དང་སོ་དྲང་ཐད་ཀྱི་བྲང་བ་ཅན་གྲིའི་སྦལ་ལྟ་བུ་དང༌། ཡང་ན་སྟ་རེའི་ཁ་དང་འདྲ་བ་སོགས་ཀུན་ཀྱང་རིང་ཐུང་གི་ཚད་སྲིད་ལ་སོར་དྲུག་ཡོད་པ་ཞུན་ཐར་འབྱོངས་ཤིང་ངར་དང་ལྡན་པ་བརྡུངས་འཐེམས་ཤིང་བརྡར་ཁ་ལེགས་པས་རྣོ་བའི་ཚད་གྱེན་དུ་སྤུ་གཤོག་པར་ནུས་པ་སོགས་དོན་རྣོ་བའི་མཐར་ཐུག་པ་དགོས་ཏེ། ཅིའི་ཕྱིར་ཞེ་ན་གཟེ་བ་དང་མི་གཟེ་བ་གཉིས་པོ་དེ་ལ་རག་ལུས་པས་གཙགས་བུ་ལེགས་པོ་དེ་ནི་རྟག་ཏུ་སྨན་པའི་ལུས་ལ་བཅང་བར་བྱ་ཞིང་གར་ཐོད་ཐོད་དུ་མི་བཞག་པར་གཅེས་པར་བཟུང་ངོ༌། །

གཏར་ག་འཕྲོད་མི་འཕྲོད་བརྟག་པ་ནི། རུང་བ་དང་མི་རུང་བ་ནད་གཞི་དང་གནས་སྐབས་ཀྱི་སྒོ་ནས་བརྟག་པ་གཉིས་དང༌། གཏར་རན་པ་དང་མི་རན་པ་དུས་ཚོད་ཀྱི་སྒོ་ནས་བརྟག་པ་གཉིས་ཏེ་བཞིར་ཡོད་པའོ། །དེ་ཡང་གཏར་དུ་རུང་བའི་ནད་གཞི་ནི་འགྲམས་པ་དང་འཁྲུགས་པ་དང་རིམས་དང་སྐྲངས་པ་དང་རྨ་དང་དྲེག་ནད་དང་སུར་ཡ་དང་མེ་དབལ་དང་ཆུ་སེར་དང་མཛེ་ནད་ལ་སོགས་ཀྱིས་མཚོན་པའི་ཚ་བ་དང༌། ཁྲག་དང་མཁྲིས་པ་ལས་གྱུར་པ་ཕལ་ཆེ་བ་ནི་གཏར་དུ་རུང་བའི་ནད་ཡིན་ལ། གཏར་མི་རུང་བ་གདོན་ཅན། ཟུངས་ཟད་སྦྲུམ་མ་དང་བུ་བཙས་པའི་རྗེས་དང༌། སྐྱ་རྦབ་གཅོང་ཆེན་མེ་དྲོད་ཉམས་པ་སོགས་མདོར་ན་བད་ཀན་སྐྱ་བོ་དང༌། རླུང་ལས་གྱུར་པའི་ནད་ཐམས་ཅད་ལ་སྤང་དགོས་ལ། གཞན་ཡང་ཡན་ལག་བརྒྱད་པར། དེ་ཡང་བཅུ་དྲུག་མ་ལོན་དང༌། བདུན་ཅུ་འདས་པར་ཁྲག་མི་དབྱུང༌། །ཞེས་དང༌། དེ་བཞིན་ལས་ལྔ་བྱས་ལའང་མིན། །གསུངས་པ་ལྟར་དམིགས་བསལ་མ་གཏོགས་བྱིས་པ་ལོ་བཅུ་དྲུག་མ་ལོན་པ་དང༌། བདུན་ཅུ་འདས་པ་རྒན་པོ་དང་བཤལ་སྐྱུགས་སོགས་ལས་ལྔ་བྱས་མ་ཐག་པའི་མཐར་ཡང་མི་རུང་བར་གསུངས་ཤིང༌། འོན་ཀྱང་གོང་དུ་སྨོས་པའི་རུང་བ་རྣམས་ལའང་ནད་ཁྲག་དང་ཟུངས་ཁྲག་མ་ཕྱེད་པ། རིམས་ཚད་ཚ་བ་མ་སྨིན་པ། སྟོངས་ཚད་དུག་མ་གསོད་པ་དང༌། གཉན་ཚད་དང་ཟུངས་ཟད་པ་སྟེ་བདུན་པོ་རྣམས་ནི་ཚ་བ་ཡིན་ཡང་རྟབ་རྟོབ་ཏུ་གཏར་དུ་མི་རུང་ལ། ཡང་བད་ཀན་སྐྱ་བོ་དང་རླུང་ནད་ཚབས་ཆེ་ན་མ་གཏོགས་ཡིན་ཀྱང༌། དེ་ཉིད་ཁྲག་མཁྲིས་དང་བསྡོངས་ན་གཏར་དུ་རུང་ངོ༌། །གཞན་ཡང་ཤ་རྨེན་རྩའི་གནད་གཉན་ས་དོག་པ་དང༌། རྩ་མདུད་ཀྱི་སྟེང༌། བླ་གནས་ས་དང་ཀླུ་རིགས་ལྡན་རྒྱུ་དུས། གཞན་ཡང་གཙུག་ལག་སྐར་ནག་ནས་བཤད་པའི་གཟའ་སྐར་སྤར་སྨེ་སོགས་ཞིབ་པར་བརྟག་ལ། ཁྱད་པར་གང་ཟག་སྒོས་ཀྱི་ངན་པ་སོགས་སུ་མི་གཏར་བར་སྤང་བླངས་ཀྱི་རིམ་པ་དེ་དག་བཻ་ཌཱུརྱ་དཀར་པོ་ལས་ཤེས་པར་བྱ་ཞིང༌། རན་དང་མི་རན་དུས་ཚོད་ཀྱི་སྒོ་ནས་ཐོག་མ་དང་བར་པ་དང་ཐ་མ་གསུམ་དུ་བརྟག་དགོས་ཏེ། དེ་ཡང་ཐོག་མ་ནས་གཏར་དགོས་པ་ནི་བྱང་ཁོག་ཏུ་ཁྲག་བབས་པས་དོན་ལ་ཟིན་པ་དང༌། སྣ་ཁྲག་མངལ་ཁྲག་སོགས་མ་ཆོད་དང་ཁྲག་རྒྱས་པ། རྒྱས་འཁྲུགས་སོགས་ཀྱི་ཚ་བ་དེ་རྣམས་སྨིན་ལོང་མེད་པས་གཏར་བའི་དུས་ལ་མ་བབས་ཀྱང་མི་བསྡད་པར་འབད་པ་དང་བརྩོན་པས་ཐུག་ཕྲད་དེ་མ་ཐག་ཏུ་ཐོག་མར་གཏར་བར་གཅེས་སོ། །བར་དུ་གཏར་བའི་དུས་ནི་རུང་བའི་ནད་དེ་གཟེར་དུས་གྲང་ཤུམ་ཆད་ཅིང་རྩ་རྒྱུད་ལྕི་ལ་རྩ་སྦྲིད་པ་རྒྱས་པའི་དུས་ན་གཏར། ནད་ཁྲག་ཟུངས་ཁྲག་ཕྱེད་པའི་རྟགས། ཁ་སྣ་འཕོངས་གསུམ་ནས་འབབ་པའི་ཁྲག་ལ་བལྟས་པས། ཟུངས་ཁྲག་དམར་སེལ་ལེ་བ་དང༌། ནད་ཁྲག་མདོག་གཞན་དུ་སྣང་བ་འདྲེས་པའི་རི་མོ་མེད་ན་དུས་ལ་ཕེབས་པ་སྟེ་གཏར་རན་པ་ཡིན་ནོ། །དེ་ལྟར་མིན་ན་ཐང་གིས་དབྱེ་དགོས་ཏེ། སང་ཉིན་གཏར་རྒྱུའི་དོ་ནུབ་ལྟ་བུ་གཏོང་བའི་སྲོལ་འདུག་ཀྱང་དེས་ནི་ཆོག་པ་མ་ཡིན་ཏེ། ནད་ཁྲག་ཟུངས་ཁྲག་ཞག་གཅིག་ལ་འབྱེད་པའི་ནུས་པ་སྨིན་མི་ནུས་པའི་ཕྱིར། རབ་ཞག་ལྔ་འབྲིང་གསུམ་གྱི་སྔོན་ནས་ཨ་བར་སྐྱུར་གསུམ་གྱིས་ནད་ཁྲག་ཟུངས་ཁྲག་ཕྱེ་ལ་གཏར་དགོས་པ་ཡིན་ཞིང༌། ཁྲག་བྱེར་བ། མཁྲིས་པ་བྱེར་བ། ངན་ཁྲག་རྩ་མིག་ཏུ་བྱེར་བ་དང༌། མི་འཕྲོད་པའི་ཟས་ཀྱིས་ཚ་བ་ལ་སོགས་པའི་ནད་རོ་བསྐྱེད་པ་ལ་ཐ་མར་གཏར་དགོས་ཏེ། དུས་དེ་གསུམ་དང་མི་ལྡན་པར་གཏར་བ་སྔས་ན་རླུང་སྐྱེ་ཞིང་ཚ་བ་སླར་བྱེར་བར་བྱེད་ལ། འཕྱིས་ན་ངན་ཁྲག་དེ་རྩར་གྲམས་ཏེ་ནད་རོ་མི་ཐོན་ལ། ལྷག་པར་ཚ་སྟོབས་ཆེ་བ་ལ་གཏར་བ་འཕྱིས་ན་ཚ་བ་དེའི་སྟོབས་ཀྱི་རྩ་དང་དོན་ལྔ་པོ་རྣག་ཏུ་འགྱུར་བའི་སྐྱོན་གྱིས་འདྲུལ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །འོན་ཀྱང་རྒྱ་གར་སོགས་སུ་སྤང་བླང་དེར་མ་ལྟོས་པ་སྲིན་བུ་པདྨ་ཞེས་པ་འཇིབ་ཏུ་གཞུག་པས་གཏར་ག་དང་ཕན་ཡོན་མཉམ་པ་ཡོད་ཚུལ་ནི། སློབ་དཔོན་དཔའ་བོའི་ཡན་ལག་བརྒྱད་པ་ལས། སྲིན་བུ་པདྨ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ། །ཞེས་ལུས་ཀྱི་ཁྲག་འཐུང་བར་ནུས་པའི་སྲིན་བུ་པདྨ་ཞེས་པ་ཞིག་ཡོད་པར་བཤད་ལ། དེ་ཉིད་བཟང་ངན་གྱི་རིམ་པ་ནི། ཆུ་མདོག་རྣམ་པར་གསལ་བ་དང༌། །དུག་མེད་ཉ་ལྕིབས་མེད་ལས་བྱུང༌། །རྩ་སྣར་རོ་སྟོད་སྔོ་ཁྲ་ལྡུམ། །རྒྱབ་ནི་ངུར་སྨྲིག་འདྲ་ལུས་ཕྲ། །ལྟོ་ནི་ཅུང་ཟད་སེར་བ་བཟང༌། །ཞེས་གནས་པའི་ཆུ་དང་ལུས་ཀྱི་དབྱིབས་སོགས་ཀྱི་བཟང་བའི་རྟགས་དང༌། ཆུ་ནང་ཉ་དང་སྦལ་སོགས་དང༌། །རི་མོའི་དྲི་མ་རྣག་ལས་བྱུང༌། །དཀར་དང་དམར་དང་ཤིན་ཏུ་གནག། མི་སྲུན་སྦོམ་དང་འབྱིལ་བ་དང༌། །འཇའ་ཚོན་དང་འདྲ་རོ་སྟོད་བཀྲ། །སྤུ་ཡོད་དེ་རྣམས་དུག་ཅན་ཡིན། །སྤང་བྱ་དེས་ནི་ཁྲག་གཞིལ་ན། །གཡའ་ནག་འཛག་རིམས་མགོ་འཁོར་བསྐྱེད། །དེ་ལ་དུག་ཁྲག་མཁྲིས་གསོ་བྱ། །ཞེས་ངན་པའི་རིགས་སུ་གསུངས་ཤིང༌། དེ་ལྟ་བུའི་སྲིན་བུ་པདྨ་དེ་འཇིབ་ཏུ་བཅུག་ན་བཟང་ཁྲག་ངན་ཁྲག་དབྱེ་ཐང་ལ་སོགས་པ་གཏོང་མི་དགོས་པ་ནི་དེ་ཉིད་ལས། ཁྲག་ནི་བཟང་ངན་འདྲེས་པ་ལས། །པདྨས་དང་པོར་ནད་ཁྲག་ནི། །འཐུངས་ཏེ་དང་པོ་འོ་མ་དང༌། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། །ཞེས་སོགས་རྒྱ་ཆེར་གསུངས་མོད་ཀྱང༌། བོད་འདིར་སྲིན་བུ་དེ་མི་འབྱུང་བས་དགོས་པ་མེད་པའི་དབང་དུ་བྱས་ནས་ཟུར་ཙམ་ལས་མ་བསྟན་ནོ། །གཏར་དཔྱད་དངོས་ལ་དེ་ཉིད་ལས། གཞན་དག་ལ་ཡང་གདབ་བྱ་བ། །ཐབས་ཤེས་གཙགས་བྱས་དེ་དང་དེས། །ཕྱོགས་ནི་དེ་དང་དེ་རུ་གདབ། །འབྲས་འདྲ་འབྲས་ཀྱི་སྲིད་ཙམ་གདབ། །རུས་པའི་སྟེང་རྩ་སྟ་རེ་འདྲས། །ནས་ཀྱི་ཕྱེད་ཙམ་གདབ་པར་བྱ། །བཏབ་མ་ལེགས་པར་དུས་ཅུང་ཟད། །ཉུང་ཟད་འབྱུང་ལ་ཏིལ་ཕྱེ་གདབ། །གདབ་དྲགས་སྒྲ་དང་བཅས་པར་ནི། །འབྱུང་ཞིང་བཅད་ཀྱང་དཀའ་བར་འགྱུར། །དངངས་དང་འབོག་པར་འགྱུར་བ་དང༌། །ཆིངས་ལྷོད་མཚོན་རྟུལ་འདྲངས་དྲགས་དང༌། །ཉམ་ཆུང་ཤུགས་ཉེན་དུགས་མ་བྱས། །ཁྲག་མི་འབྱུང་བའི་རྒྱུ་ཡིན་ནོ། །ཁྲག་ནི་ལེགས་པར་མ་བྱུང་ན། །བྱི་དང་ཚ་གསུམ་སྐྱེར་པ་དང༌། །རྒྱ་སྤོས་རྒྱམ་ཚྭ་ཁྱིམ་དུད་བཅས། །ཏིལ་མར་བཏགས་པ་རྨ་ལ་བསྐུ། །ཁྲག་ནི་ལེགས་བྱུང་ཏིལ་མར་དང༌། །རྒྱམ་ཚྭ་སྦྱར་བ་དྲོ་འམ་བསྐུ། ལེ་བརྒན་རྩི་ལས་ཚོན་སེར་ལྟར། །དང་པོར་ནད་ཁྲག་འབྱུང་བར་འགྱུར། །ཞེས་སོགས་ཁྲག་དབྱུང་ཚུལ་བསྡམས་ཀྱིས་མཚོན་ཞིབ་པར་མཆིས་ཀྱང་དེ་ཉིད་ལས་རྟོགས་པ་དང༌།

འདིར་གཏར་བའི་ཐབས་ལ་སྔོན་འགྲོ་དངོས་གཞི་ཕྱི་རྗེས་དང་གསུམ་དུ་ཡོད་པའི་གཏར་བའི་ཐབས་ཀྱི་དང་པོ་སྔོན་འགྲོ་ལའང་རིང་བ་དང་ཉེ་བ་གཉིས་ལས། རིང་བ་དེ་ལ་ཡང་མ་སྨིན་པ་སྨིན་པར་བྱ་བ་དང༌། ནད་ཁྲག་ཟུངས་ཁྲག་ཐང་གིས་དབྱེ་བར་བྱ་བ་གཉིས་སུ་ཡོད་པའི་ཐང་ནི་ནད་ཁྲག་ཟུངས་ཁྲག་འབྱེད་པ་འབྲས་བུ་གསུམ་ཐང༌། རླུང་ཚད་འབྱེད་པ་སླེ་ཏྲེས། བད་ཁྲག་འབྱེད་པ་མ་ནུ་དང་སླེ་ཏྲེས། འཐབ་པ་དང་འདུས་ནད་འབྱེད་ན་སྐྱུ་རུ་ར། ཁྲག་མཁྲིས་འབྱེད་ན་བ་ལེ་ཀ་དང་སླེ་ཏྲེས། ནད་ཁྲག་རྩར་དྲངས་བ་པི་པི་ལིང༌། སྨིན་བྱེད་མྱུར་དུ་དགོས་ཚེ་སླེ་ཏྲེས་ཀྱི་ཐང་གཅེས་ཤིང༌། དེ་ཡང་རབ་ཞག་ལྔ། དེ་མིན་ཀྱང་གསུམ་གྱི་སྔོན་དུ་ངེས་པར་དགོས་ཏེ། ཐང་མ་བཏང་བར་གཏར་ག་བྱས་ན་ཟུངས་ཁྲག་འཆོར་ཞིང་ནད་ཁྲག་མི་ཐོན་ལ་རླུང་སྐྱེ་ཞིང་ཚད་རོ་ལྡས་པ་སྟེ་ལུས་པའི་སྐྱོན་ཡོད་དོ། །ཉེ་བའི་སྔོན་འགྲོ་ནི། མེ་དང་ཉི་མ་གང་རིགས་ཀྱིས་ལུས་དྲོས་པར་བསྲོ་ཞིང་འདྲེ་ཅན་གྱི་འགྲུལ་བསྲུང་བ། བསྙལ་ཞེས་པ་རྩ་མལ་དུ་གཟུང་བའི་དོན་ཏེ་དེའི་ཆེད་དུ་ཐི་གུ་ལེབ་ཆགས་རིང་ཐུང་ཇི་ལྟར་འོས་པ་དང་བལ་དང་ཆུ་སོགས་ཡབ་ཆ་གང་དགོས་སྟ་གོན་བྱའོ། །

གཏར་བའི་ཆོ་ག་དངོས་གཞི་དེ་ལ་བསྙལ་བའི་ཐབས་དང༌། གདབ་དམིགས་ཀྱི་གནད་དང༌། ཁྲག་པྲ་དང༌། དབྱུང་ཚད་དང༌། ལོག་གནོན་བསྟན་པ་དང་དྲུག་ཏུ་ཡོད་པའོ། །

དེ་ཡང་བསྙལ་བའི་ཐབས་ནི། དཔྲལ་རྩ་གཡས་གཡོན་ལ་གྱེས་པའི་གསེར་མདུང་དངུལ་མདུང་གཉིས། ལྟག་རྩ་གཉིས། མཚོགས་གསང༌། གཞན་ཡང་ལྟག་རལ་མུར་གོང་འཕར་རྩ་གཉིས་རྣམས་གཏར་ན་སྨིན་མ་དང་རྣ་བའི་སྟེང་ནས་ཐི་གུས་བསྐོར་ལ་ཤིང་བུས་ལྟག་ཁུང་དུ་གཅུ། རྩེ་ཆུང་གཉིས་གཏར་བ་ལ་གང་གཏར་བའི་རྩ་ནས་ཅིག་ཤོས་མཆན་ཁུང་དུ་ག་ཤར་བསྡམས་ལ་མཆན་འོག་ཤིང་བུས་གཅུ། མཐོང་རྩ་གཏར་བ་ལ་ཐི་གུས་སྐེ་བསྐོར་ལ་རྒྱབ་ནས་བསྣོལ་ལ་འཐེན། གཞན་མ་མིག་རྩ་སོ་རྩ་རྣ་རྩ་སྣའི་རྩ་སོགས་ནམ་ཚོང་ཡན་ཆད་སྐེ་བསྡམས་ཏེ་མདུན་དུ་མདུད་པ་གཅུས་ལ་གཏར་བར་བྱ། ལྕེ་རྩ་གཏར་བ་ལ་སྨྱུག་མའི་སྐམ་པ་དར་གྱིས་དཀྲིས་བའི་བར་དུ་ལྕེ་ལྟེམ་སྟེ་གྱེན་དུ་ལྕེ་སྒྲིལ་བས་རྩ་ཐོན་ནོ། །དཔུང་རྩ་གཏར་ན་ལུག་གཞུག་གི་འོག་ཏུ་ཐི་གུས་བསྐོར་ལ་མདུད་པས་བསྡམ། ཨ་སོ། དྲུག་འགོསྒང་རྩ། རུ་ཐུང༌། མཁྲིས་པ་དང་བད་ཀན་གཤའ་རིངས། གཞན་ཡང་ཆུ་སེར་གཤའ་རིངས་ལ་སོགས་ལག་པའི་ཉྭའི་རྩ་གཏར་ན་གྲེ་མོ་ཁུང་ནས་སོར་གསུམ་གྱིས་གོང་དུ་བསྡམ། སྐྱོར་གོང༌། ཕྲན་བུ། རྒྱབ་རྩ་དྲུག་འདུས་སོགས་དང༌། པྲན་རྩེ། སོར་མོའི་བར་རྩ་ཕྱོགས་རེར་བཞི་རེས་བརྒྱད་རྣམས་དང༌། གློ་མཆིན། མཆིན་མཁྲིས། གློ་སྙིང་སྟེ་འདོམ་རྩ་རྐང་གསུམ་སོགས་གཏར་ན་མཁྲིག་མའི་གོང་དུ་བསྡམ། རྩ་བོ་ཆེ་གཉིས་ལ་པུས་མོའི་ནང་ནས་མཛུབ་གང་གཞལ་བའི་སར་བསྡམ། སྒབ་རྩ་དང་རྟ་མཐུར་བྱིན་གཞུག་གཏར་ན་ལྷམ་སྒྲོག་འཆིང་སའི་སྟེང་དེ་བསྡམ། ལོང་རྩ། གདོང་རྩ། ཡོབ་གོང༌། བྱིན་སྐྱོག རྒྱུ་རྩ་རྣམས་ཕྱོགས་རེ་རེ་ལ་སོགས་དེ་ཐམས་ཅད་ཀྱི་རྩ་གཏར་ན་ལོང་བུའི་སྟེང་དུ་བསྡམ། འོག་སྦུབས་ཀྱི་རྩ་རྣམས་ཞེས་ཕོ་བའི་རྭ་རྩ་ལ་མདུན་ཕྱོགས་ཧང་རྒྱ་ཚིགས་པ་བཅུ་པའི་ཐད་དང་ཕོ་མཚན་འགྲམ་རྩ་ལ་དཔྱི་སྟེང་ནས་གང་གཏར་ངོས་ཀྱི་སྒྲོ་བའི་རྩ་བར་ཐི་གུ་འཐེན་ལ་རང་རང་གི་རྩ་རྒྱུད་རྭ་རྩར་ཟུར་རྩིབ་སྟེང་དང་འགྲམ་རྩར་དཔྱི་སྟེང་དུ་ཤིང་བུས་གཅུ། མདོར་ན་གནས་གང་དུ་གཏར་ཡང་བསྙལ་སྟན་དར་རས་བལ་སོགས་ཀྱི་སྟེང་དུ་བསྙལ་ཐག་གིས་པགས་པ་མ་འཆུས་པར་རྩ་བཙལ་བ་ཐི་གུའི་སྣེས་ཕན་ཚུན་མཉམ་པོར་འཐེན་ལ་བསྡམ་ཞིང་སྦྲིད་ཆིལ་བྱུང་བ་དང༌། རྩ་རྒྱུད་དེ་ལྟང་གིས་བྱུང་ན་སྡོམ་པ་ཡིན་ལ། མ་བསྡམས་ན་མི་ཐེབས་ཤིང་ཤ་ལྤགས་རྩ་རྣམས་འཆུས་ན་ཁྲག་མི་ཐོན་པས་བསྙལ་རྗེས་སུ་རྩ་རྣམས་ལག་པས་མཉེ་ཞིང་བསྲུབ་པ་དང༌། ཤ་སྦྲིད་ཅིང་རྩ་རྣམས་རྒྱས་སུ་བཅུག་པས་ཐེབས་པར་སླ་བ་ཡིན་ཀྱང༌། དེ་ལྟར་མ་བྱས་པར་བསྙལ་མ་ཐག་ཏུ་མི་གཏར་ཏེ་གཏར་ན་ཐེབས་པ་དཀའ་བའི་ཕྱིར་རོ། །

གཏར་ག་གདབ་པའི་ཐབས་ནི་རྩ་མ་འཆུས་པར་ལག་གཡོན་པའི་མཐེ་བོས་མནན་ནས་མཐེ་བོ་དེའི་ཅུང་ཟད་ཐུར་དུ་འཐེན་པས་རྩ་མི་འགྱུར་བ་ཡིན་ལ། ཕལ་ཆེར་བསྙལ་བའི་འོག་སོར་གསུམ་ཙམ་གྱི་འོག་ཏུ་གཏར་དགོས་ཏེ། གཏར་ཐབས་རྣམ་གྲངས་ཀྱང་གློ་ཕུག་དང༌། སྒང་གཤགས་དང༌། དོལ་ཚད་དང༌། ཉིས་ལེན་དང༌། སྨྱུག་ཁ་ལ་སོགས་གང་བདེ་རང་ཉིད་གང་གོམས་ལྟར་གདབ་པ་ལས་འོས་མ་མཆིས་པར་གསུངས་མོད། དེ་ཡང་བྱུང་ན་བློ་ལྡན་རྣམས་ཀྱིས་སྐབས་སུ་བབས་པ་རྩ་ཆེན་རྣམས་ལ་སྒང་གཤག་བྱ་ཞིང༌། རྩ་ཕྲན་རྣམས་ལ་སྨྱུག་ཁ་ལྟར་འཕྲེད་གསེགས་དང༌། རྩ་ཤིན་ཏུ་ཕྲ་བར་སྦད་ཆོད་དུ་བཅད་ལ། སྣོད་ཀ་སོགས་གནད་སྟེང་གི་རྩ་ལ་ཉིས་ལེན་ཁོ་ན་བསྔགས་པ་ཡིན་ཞིང༌། གཞན་གང་འོས་དང་མདོར་ན་ཁྲག་བས་རླངས་ཕན་པ་ལྟ་བུར་གསུངས་པས། རྨ་ཁ་ཆེ་བར་བྱ་དགོས་ཏེ། རྨ་ཆུང་ན་སྐྲངས་པ་དང་ཁྲག་གི་རླངས་མི་ཐོན་པའི་སྐྱོན་འབྱུང་ལ། རྩ་ཁ་དང་པགས་ཁ་མཉམ་ན་ལེགས་པ་ཡིན་ཞིང༌། རུས་སྟེང་གི་རྩ་ལ་སྟ་རེ་སོས་གཏར་དགོས་ཏེ། དེ་ཡང་རྩའི་སྟེང་དུ་མི་འགྱུར་བར་འཕྲེད་དུ་བཙུགས་ལ་སྟེང་དུ་བེམ་ཏོལ་ལམ་སོར་མོའི་བུ་ཀག་སྟ་རེ་ཁ་དེའི་ལྟག་པར་བརྡེག་གོ། གཏར་བའི་རྩ་གནས་རགས་པ་ནི། ལྟག་རྩ་སྡུད་སྒོའི་ཡས་གཡོན་ནས་གྱེན་དུ་སོར་གསུམ་གཞལ་བའི་རྩ་སྟེང་དུ་ཐིག་གདབ་ལ་གཏར་རྗེས་མེ་བཙས་བསྲུང༌། མཚོགས་གསང་ནི་སྐྲ་མཚམས་ནས་སོར་བཞིའི་མཚམས་སུ་གྱེན་དུ་གཤགམུར་གོང་འཕར་རྩ་ནི་སྐྲའི་གསེབ་ཏུ་གཏར། རྩེ་ཆུང་ནི་སྐེའི་མས་ཀྱི་མཚམས་ནས་སོར་བཞི་བཅལ་བར་གཏར། རུ་ཐུང་ནི་གཞུ་མཆོག་གི་སྣ་ནས་སོར་བཞི་བཅལ་བའི་སར་གཏར། བྱིན་གཞུག་ནི་རྟིང་པ་ནས་གྱེན་དུ་མཛུབ་གང་བཅལ་བའི་སར་གཏར་དགོས་པ་སོགས་གཏར་མ་ཐག་ཏུ་མི་གློད་དེ་གློད་ན་ཁྲག་མི་ཐོན་ལ། དེ་ནང་ནས་ཀྱང་མགོ། སྐེ། ལོང་རྩ་གསུམ་ལ་ཁྲག་མི་གཅོད་བར་དུ་གློད་པར་མི་བྱ་ཞིང༌། གཞན་དག་རྣམས་གཏར་འཕྲལ་ཁྲག་ཕྲན་བུ་ཐོན་ཏེ། དེ་ནས་ཁྲག་ཆད་པའི་དུས་ན་ཆ་ཡིས་གློད་པར་བྱ་བ་སོགས་ལག་ལེན་ཕྲ་ཞིབ་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །

གཏར་ག་གདབ་པའི་དམིགས་ནི་གཉའ་བ་རེངས་ཤིང་སྐེ་འགྱུར་དཀའ་ལ་ལྟག་རྩ་གཏར། བད་མཁྲིས་ཀྱི་མགོ་ནད་དང་ཆང་འཐུངས་པ་དང་དྲོས་པའི་ཚེ་མགོ་ན་བ་དང༌། དཔྲལ་བ་གཟེར་ལ་མཚོག་ཀ་ལྕི་ཞིང་མིག་མི་ཐེག་པ་རྣམས་ལ་མཚོག་གསང་དབྱེ་ཞིང་དཔྲལ་བའི་གཡས་གསེར་མདུང་དང་གཡོན་དངུལ་མདུང་གཉིས་གཏར། མིག་དམར་ཞིང་ལིང་ཐོག་མོད་པ་སྟེ་ཡང་ཡང་བྱུང་ན་མུར་གོང་གཤོང་གི་མིག་རྩ་གཏར། སྣ་བུག་གི་ནད་ལ་སྣ་རྩེ་དང་རྣ་བའི་ནད་ལ་རྣ་རྩ་གཏར། སྙིང་ཚད་ཀྱི་ནད་ཁ་སྐོམ་དད་པ་དང༌། སྨྲ་དཀའ་བ་རྣམས་ལ་འོག་གི་ལྕེ་རྩ་གཏར། སོ་མིག་རྣ་བ་འགྲམ་པ་བཅས་པའི་ནད་རྣམས་ལ་མུར་གོང་ཟུར་གྱི་ལྟག་རལ་གཏར། སོ་ནད་ལ་སོ་རྩ་དང་རྩེ་ཆུང༌། དཔུང་རྩ་གསུམ་པོ་གང་རིགས་གཏར། གློ་ལུ་བ་དང་སྙིང་ཚད་ཀྱིས་མྱོས་ཤིང་དབུགས་མི་བདེ་བ། སྐད་འགགས་པ་རྣམས་ལ་ཨོལ་གོང་བར་གྱི་ཐོང་རྩ་གཏར། ཀླད་སྲིན་དང་བྱང་ཁོག་ཏུ་ཁྲག་བབས་པ་དོན་ལ་ཟིན་པ། རྒྱས་འཁྲུགས་གློ་འགྲམས་མུར་འགྲམ་སྟེང་གི་སོ་ལ་ཁྲག་ཚད་རྒྱས་པ་དང༌། སྐྲངས་ལོང་འབྲས་ནད་ཀུན་ལ་རྩེ་ཆུང་གཏར། སྟོད་གཟེར་གློ་ཚད་མགོ་བོ་ན་བ་རྣམས་ལ་དཔུང་རྩ་གཏར། གློ་ཚད་ཀྱིས་སྟོད་ལྕི་ལ་དབུགས་ཐུང་ཞིང་གཟེར་ཆེ་བ་རྣམས་ལ་དྲུག་འགོ་དང་སྒང་རྩ་གཉིས་ལ་གཏར་བར་བྱའོ། །གློ་སྙིང་མཆིན་དྲི་བྲང་རྒྱབ་སྦྲགས་ཤིང་ན་བ་སོགས་དོན་སྣོད་ཐུན་མོང་གི་ནད་ལ་སྣོད་ཁ་གཏར། གློ་སྙིང་ལ་ཁྲག་རྒྱས་ན་གློ་སྙིང་འདོམས་རྩ་གཏར་བ་སྟེ་སྣོད་ཀ་དང་དྲུག་འགོ་འདྲིལ་བའི་རྩ་དང༌། མིག་སེར་ཞིང་ལུས་ལྕི་བ་དང༌། དང་ག་འགགས་པ་ལ་མཁྲིས་རྩ་གཤའ་རིངས་དང༌། ཕྲན་བུ་གཉིས་ལ་གཏར། མཆེར་པ་མཆིན་པ་མཆིན་དྲི་རྣམས་འགྲམས་ཤིང་འཁྲུགས་ནས་གཟེར་བ་དང༌། བད་ཀན་སྨུག་པོ་དང་ཚ་བའི་སྐྲན་གྱི་རིགས་ལ་རུ་ཐུང་གཏར། སྐད་འགགས་ཤིང་ལུད་པ་གཅོང་ཞེས་ཡུན་དུ་བསགས་པ་ཐབས་སུ་ལུ་བ་ལ་སྒང་རྩ་གཏར། རོ་སྟོད་དང་ཕོ་མཆིན་མཆིན་དྲི་རྣམས་འཁོར་ཞིང་ན་བ་དང༌། མཆན་འོག་གཟེར་བ་ལ་གློ་མཆིན་འདོམ་རྩ་གཏར། ཁྲག་མཁྲིས་རྐྱང་པའི་ནད་ལ་མཆིན་མཁྲིས་འདོམ་རྩ་གཏར། ཕོ་མཆིན་གྱི་ཁྲག་ནད་རྒྱས་པ་ལ་རྒྱབ་རྩ་དྲུག་འདུས་གཏར། རྒྱུ་ལོང་ལ་མཚོན་ཕོག་པ་འགྲམས་པ་དང༌། རླིག་པ་སྐྲངས་པ། ལུས་ཀྱི་སྨད་ལྕི་བ། གཞང་འབྲུམ་མངལ་གྱི་ནད་རྣམས་ལ་བརླ་ནང་རྩ་ཆེན་གཏར། སྒལ་གཞུང་པ་རེངས་པ། ལྟག་པ་སྒྱེད་པོར་སོང་བ། དཔྱི་རྐེད་འཁོར་ཞིང་ན་བ་དང༌། མངལ་ཁྲག་འཛག་པ་རྣམས་ལ་སྒྱིད་ཁུང་སྒབ་རྩ་གཏར། མཆེར་པ་བསྣད་དེ་འགྲམ་པ་དང༌། ལུས་ལ་ཤུ་བ་དང༌། ཟ་ཀོང་དང༌། མཁྲིས་ནད་དང༌། ཆུ་སེར་དང༌། འོར་སོགས་ལ་རྟ་མཐུར་གཏར། མཁལ་མ་འགྲམ་པ་དང་མཚོན་ཕོག་པ། རྐེད་པ་དང་སྨད་མི་ཐེག་ཅིང༌། རྐང་པ་བཤལ་བ་བྱིན་པ་འགས་སྙམ་བྱེད་པ། དཔྱི་མིག་གཟེར་བ། མཁལ་མ་སུར་ཡ། མངལ་ཁྲག་འབྱམས་པ་རྣམས་ལ་བྱིན་གཞུག་གཏར། སྨད་དུ་མཚོན་ཕོག་པ། གླང་ཐབས་ན་བ། མངལ་ཁྲག་འཛག་པ། དྲི་ཆུ་འགགས་པ་རྣམས་ལ་ལོང་རྩ་གཏར་བར་བྱ། རྒྱུ་མར་ཁྲག་རྒྱས་པ་མགོ་བོའི་ཐིགས་ཀྱི་སྐྱོན་སྙིང་ལ་བབས་པ། སྙིང་ནད་ཅིས་ཀྱང་མ་ཕན་པ་རྣམས་ལ་རྐང་པའི་རྒྱུ་ཁུགས་ཀྱི་རྩ་གཏར། རྐང་པའི་མཐིལ་དང་བོལ་སྐྲངས་པ། ཚ་འབྲབ་བྱེད་པ་ཆུ་སེར་གྱི་ནད་རྣམས་ལ་གདོང་རྩ་དང་ཡོབ་གོང་གཏར་བ་སོགས།  

མདོར་ན་སྟོད་ནད་ཕལ་ཆེར་ལ་རྩེའུ་ཆུང་དང་སྒང་རྩ་གཏར་ཞིང༌། སྨད་ཀྱི་ནད་ཕལ་ཆེར་ལ་ལོང་རྩ་དང་བྱིན་གཞུག་གཏར། བར་གྱི་ནད་ཕལ་ཆེར་ལ་སྣོད་ཀ་དང་རུ་ཐུང་གཏར། རོ་སྟོད་ཀྱི་ནད་ལ་སྒང་རྩ་དང་དྲུག་འགོ་སོགས་གཏར། ནུ་མ་དང་མཆིན་པ་སོགས་བྲང་ནད་ལ་སྣོད་ཀ་དང་རུ་ཐུང་གཏར།

ཁྱད་པར་སྙིང་ཚད་ལ་སྣོད་ཀ་དང་ལྕེ་རྩ་ཐོང་རྩ་རྣམས་གཏར། གློ་ཚད་ལ་དྲུག་འགོ་སྒང་རྩ་སྐྱོར་གོང་རྣམས་གཏར། གློ་སྙིང་གཉིས་འདོམས་ཀྱི་ནད་ལ་རྩེ་ཆུང་དང༌། གློ་སྙིང་འདོམས་རྩ་གཏར། མཆིན་པའི་ཚ་བ་ལ་རུ་ཐུང་དང་སྒང་རྩ་གཏར། མཆེར་ཚད་ལ་རྟ་མཐུར་དང་སྲིན་ལག་རྒྱབ་རྩ་གཏར་བར་བཤད་པ་ནི་ཕོ་མཆེར་བསྡོངས་པའི་རྩ་ཡིན་ཏེ་གཡོན་པ་ལ་གཏར་བ་བསྔགས་པར་བཤད། ཕོ་ཚད་ལ་ཕོ་བའི་རྭ་དང་དྲུག་འདུས་གཏར། མཁྲིས་ཚད་ལ་མཁྲིས་པ་གཤའ་རིངས་དང་ཕྲན་བུ་དང་གསེར་མདུང་བཅས་གཏར། མཁལ་ཚད་ལ་བྱིན་གཞུག་དང་ཕོ་མཚན་འགྲམ་རྩ་གཏར། རྒྱུ་ལོང་ལ་ལོང་རྩ། དཀུ་སྟེ་མངལ་དང་སྟ་ཟུར་འགྲམས་པ་ལ་བྱིན་སྐྱོག་གཏར། ཤའི་ཚད་པར་གློ་མཆིན་འདོམ་རྩ་ལ་གཏར། རུས་པའི་ཚ་བར་མཁལ་མའི་རྩ་བྱིན་གཞུག་ལ་གཏར། པགས་པའི་ཚད་པ་དང་ཆུ་སེར་ནད་ལ་མཆིན་མཁྲིས་འདོམ་རྩ་ལ་གཏར། སྟོད་དུ་གཟེར་ཟུག་ཆེ་ན་གློ་རྩ་དྲུག་འགོ་དང༌། བྱིང་འཐིབས་ལ་རུང་ཐུང་གཏར། དང་ག་འགགས་ན་བད་ཀན་གཤའ་རིངས་དང་མཁྲིས་པ་གཤའ་རིངས་ཀྱི་རྩ་སོགས་ལ་གཏར་ཞིང༌། འོན་ཀྱང་ནད་དམིགས་གང་དང་ཉེ་ཞིང་རྩ་གང་རྒྱས་ལ་གཏར་བ་ཤིས་ཀྱང༌། ལུས་ཀྱི་གནས་ལུགས་ཀྱི་ཁྱད་པར་འགའ་ཞིག་ལ་རྩ་འདྲིལ་བ་དང༌། འཐོར་བ་དང་མི་གསལ་བ་སོགས་འབྱུང་བ་ལ་ཞིབ་མོར་བརྟག་དགོས་ཤིང༌།

དེ་ཡང་ཚ་བ་སྟོབས་ལྡན་གྱི་ནད་ལ་ཐོག་མར་རྩེ་ཆུང་སོགས་དང༌། དེ་ནས་རིམ་གྱིས་རྩ་ཕྲན་རྣམས་མར་ཡས་བབས་སུ་གཏར། སྟོབས་ཆུང་གི་ནད་ལ་རྩ་ཕྲན་རྣམས་གཏར་ནས་རིམ་གྱིས་མཐར་པྲན་རྩེའི་བར་རྩ་སོགས་མས་ནས་ཡར་འཛེག་ཏུ་གཏར་བ་དང༌། ཚབས་ཆེའི་ནད་ལ་རྩ་ཕྲན་མང་པོ་གཏར་བ་ལས་རྩེ་ཆུང་དང་བརླ་ནང་རྩ་ཆེན་ལ་སོགས་པ་རྩ་ཆེན་གཅིག་ཙམ་གཏར་བ་བསྔགས་པ་ཡིན་ཀྱང་དེ་ལྟར་མ་ཡིན་པར་གཏར་དམིགས་མ་ཤེས་པས་གཏར་བ་དེས་ནི་སྨད་ཁྲག་སྟོད་དུ་དྲངས་པས་ལུས་ཀྱི་ཟུངས་འཆོར་ཞིང༌། སྟོད་ཁྲག་སྨད་དུ་དྲངས་པས་ན་ཕོ་བའི་མེ་དྲོད་འཆི་བ་སོགས་འབྱུང་ལ། དེ་ལྟར་གཏར་རྩ་བསྡོམས་སུ་དོན་བདུན་བཤད་པ་མཁྲིས་པ་གཤའ་རིངས་ལས་བད་ཀན་གཤའ་རིངས་མ་བགྲངས་པའམ། གློ་མཆིན་འདོམ་རྩ་མ་བགྲངས་པ་གང་རིགས་ཕྱི་རྒྱུད་འདིར་དགོངས་འདྲ་ཡང་འདི་ནང་ནས་བཤད་པ་རྣམས་མཐོང་བ་བརྒྱུད་པའི་ལག་ཏུ་ལེན་བཞིན་ལ་བད་ཀན་གཤའ་རིངས་བྱུང་བ་དང༌། གློ་མཆིན་འདོམ་རྩ་གཉིས་ཀ་བགྲངས་ན་རྒྱུད་ཕྱི་མ་འདིར་གཏར་རྩ་དོན་དགུ་ཡོད། གཞན་ཡང་རྒྱུད་དུ་མ་གསལ་བའི་གཏར་རྩ་ཕན་ཡོན་ཆེ་བ་ནི་ལག་པའི་གུང་མོའི་སྟེང་ན་ཕོ་གདུང་ཞེས་པ་མཆིན་པ་ཕོ་མདུང་གི་རྩ་ཡོད་པ་མཆིན་པ་ལ་ཕན། མཁྲིག་མ་ནས་མཛུབ་མོ་ལ་སོང་བ་ནི་མཛུབ་སྐྱོར་ཏེ་གློ་བུའི་རྩ་ཡིན་གཏར་ན་སྐད་ལ་ཕན། གུང་མོ་ལ་ཕོ་མདུང་དང་བསྡོངས་ནས་སོང་བ་ནི་གུང་སྐྱོར་ཏེ་གཏར་ན་མིག་དང་མཆིན་པ་ལ་ཕན། མཐེའུ་ཆུང་དུ་སོང་བ་ནི་མཐེའུ་ཆུང་སྐྱོར་ཞེས་བྱ་སྟེ་མཁལ་མའི་རྩ་ཡིན་ལ། ཁ་ཅིག་སྐྱེས་པ་ལ་གཡོན་གྱི་མཐེབ་མཛུབ་རྣམས་ཀྱི་རྒྱབ་རྩ་རྣམས་གཏར་བས་སྙིང་མཆེར་མཁལ་གཡོན་གྱི་ནད་དང༌། གཡས་ཀྱི་དེ་རྣམས་གཏར་བས་གློ་མཆིན་མཁལ་གཡས་ཀྱི་ནད་རྣམས་ལ་ཕན་ཞིང་བུད་མེད་ལ་དེ་ལས་གོ་ལྡོག་པ་ཡིན་ཞེས་ལ། གཞན་མ་དོན་ལྔ་སྣོད་དྲུག་གི་རྩ་སོར་མོ་རེར་རེ་སོགས་གཏར་རྩའི་རྣམ་གྲངས་ནི་མཐའ་ཀླས་ཀྱང་དེ་ཙམ་ལས་མ་སྤྲོས་སོ། །

ཁྲག་པྲ་བརྟག་པ་ནི་གཏར་བའི་ཚེ། རྩའི་རྨ་ནས་ཁྲག་ཤུགས་དྲག་ཅིང་སླ་ལ་སེར་བ་དང༌། དྲི་དུགས་ཆེ་ལ་ཆེར་སྦོ་བ། བྱ་ཝང་གི་རྒྱབ་འདྲ་བ་དཀར་ཁྲ་ཤིག་གེ་བ་ལྦུ་བ་དཀར་བ་དང་བེ་སྣབས་རྣག་མཁྲིས་པ་སོགས་ཆགས་ན་ནད་ཁྲག་ཡིན་ཏེ། དེས་ནི་ཟུག་ཆོག་ཅིང་སྐྱེད་ཆེ་ལ་ནད་འབྱང་སླ་བ་ཡིན་ཞིང༌། ཁྲག་ཆགས་པའི་སྟེང་དུ་དམར་ནག་གི་རི་མོ་བྱུང་ན་ཨ་བར་སྐྱུར་གསུམ་གྱི་ཐང་བཏང་རྗེས་སླར་གཏར་བ་དང༌། དེ་བཞིན་དུ་ཁྲག་གི་སྟེང་དུ་རྣག་དང་མཁྲིས་པ་ཆགས་ན་ཡང་ལུས་ཟུངས་གསོ་ཞིང་སླར་གཏར་བ་དང༌། ཁྲག་མདོག་དམར་ལ་བསྐ་ན་ཕན་པ་མེད་ནའང་འོན་ཀྱང་ཅུང་ཟད་གཏར་བའི་བསྐྱེད་དང་སྦྱར་བ་བྱའོ། །དེའང་སླར་གཏར་དུ་མི་རུང་བ་ནི་རླུང་གི་ཁྲག་ནག་ཅིང་རྩུབ་ལ་ལྦུ་བ་དམར་སེར་འོང༌། མཁྲིས་པའི་ཁྲག་ནི་སེར་ཞིང་སླ་ལ་རྣག་གི་དྲི་མནམ་པ་དང༌། བད་ཀན་གྱི་ཁྲག་ནི་དམར་སྐྱ་བསྐ་ལ་འཇམ་པ་རྣམས་དང༌། མཚལ་གྱི་ཁུ་བ་དང་རྒྱ་ཚོས་ཀྱི་ཁུ་བའི་མདོག་འདྲ་བ་ནི་ཟུངས་ཁྲག་ཡིན་པས་དེ་རྣམས་ཅུང་ཟད་ཙམ་ཡང་གཏར་དུ་མི་རུང་ངོ༌། །

དབྱུང་བའི་ཚད་ལ་ཨ་ཙ་ར་ཕྱག་རྡུམ་གྱིས་ཀྱང༌། ལུས་ཀྱི་ཟུངས་ཁྲག་བཏོན་གྱུར་ན། །སྙིང་ཕྱུང་བ་དང་ཁྱད་པར་མེད། །ཅེས་གསུངས་པ་ལྟར། ནད་ཁྲག་ཐོན་ནས་ཟུངས་ཁྲག་དམར་སང་བྱུང་ན་འཕྲོ་བཅད་དགོས་པ་ལ་ནི་སོམ་ཉི་མ་དགོས། འོན་ཀྱང་ཟུངས་ངན་པ་ལ་ནི་ནད་ཁྲག་གི་ཞབས་ཐོན་པ་མེད་ཀྱང་རན་པར་ཚོད་བཟུང་བ་གཅེས་ཤིང༌། དོན་ལྔའི་གཟེར་ཟུག་གཅོག་པ་དང༌། ཁྲག་ནད་ཀྱི་གཟེར་དབྱུང་བ་དང༌། ཁྲག་གི་འོལ་ཁ་བསྒྱུར་བ་གསུམ་ལ་ནི་ཟུངས་ཁྲག་ཡིན་ཡང་མི་བཅད་པར་ཅི་མང་དུ་འདོན་དགོས་ཤིང༌། ཡང་ཟུངས་ཟད་པ་དང་རླུང་དང་ལྡན་ན་ནི་ངན་ཁྲག་འབབ་པའི་མུ་ཡིན་ཡང་འཕྲོ་བཅད་ལ་བཞག་གོ། ཁྲག་རྒྱས་པ་དང༌། འཁྲུགས་གཟེར་དང༌། བྱང་ཁོག་ནང་དུ་ཁྲག་རྒྱས་པ་དང་ཡན་ལག་ལ་སྐྲངས་ཤོར་བ་སོགས་ལ་ནི་བུངས་བསྐྱེད་ལ་བཏང་བས་ཁྲག་ཤེད་སྨད་པར་བྱ་ཞིང༌། དེ་མ་ཡིན་པ་ཕལ་ཆེ་བ་ལ་ནི་ཁྲག་ཐེངས་མང་དུ་གཏར་ཞིང་དོན་ཚད་ཉུང་དུ་དབྱུང་བ་དང༌། ཁྲག་གི་ལྦུ་བ་ལ་ཁྲག་དམར་པོའི་སྤྲིས་མ་གཡོགས་པ་བྱུང་ན་གཏར་འཕྲོ་བཅད་དགོས་ཤིང༌། ཡང་ཟུངས་ངན་པའི་ཁྲག་གཏར་ཚད་རྣག་ཏུ་འོང་བའམ། གཏར་བའི་ཁྲག་ཆུ་དང་འདྲ་ན་གཏར་ཚོད་བཟུང་དགོས་པ་མི་ཤེས་པའི་བླུན་པོ་རྣམས་རྣག་ལ་བལྟས་ནས་མང་དུ་གཏར་བས་ནི་ཟུངས་འཛད་ཅིང༌། མཐར་ནད་གསོ་དཀའ་བའི་དམུ་ཆུར་འགྱུར་བ་ཡོད་དོ། །

གཏར་གའི་ལོག་གནོན་ལ་ཁྲག་མ་ཐོན་པ་དང༌། ངན་ཁྲག་མེད་པ། ཁྲག་མ་ཆོད་པ། སྐྲངས་པ། འབོག་པ། རླུང་སྐྱེས་པ་དང་དྲུག་ཡོད་པ་ལས། དང་པོ་ཁྲག་མི་ཐོན་པའི་སྐྱོན་ནི། ལུས་གྲང་པ་དང༌། མཚོན་རྟུལ་བ་སྟེ་གཙགས་བུ་རྣོ་མེད་པ། ཟས་ཀྱིས་འགྲངས་དྲགས་པ། གཏར་ག་ལ་སྐྲག་ཅིང་བྲེད་པ། གདོན་གནོད་པ་དང༌། འགྲུལ་སྣ་བྱུང་བ་དང༌། རྨ་ཁ་ཆུངས་པ། སྡེམ་པའི་དུས་པགས་པ་འཆུས་པ། བསྙལ་མ་ཐོག་ཏུ་གཏར་བ། གཏར་མ་ཐོག་ཏུ་གློད་པ་སོགས་དེ་དག་བཅུ་པོ་ཁྲག་མི་འབྱུང་བའི་རྒྱུ་ཡིན་པས་ན་རྒྱུ་བཅུ་པོ་དེ་སྤང་ཞིང་ལེགས་པར་བྱས་ན། གཏར་ག་རྡུགས་པའམ་ཁྲག་མ་ཐོན་དོགས་མེད་དོ། །རྩ་ཆེན་གཏར་ཡང་ངན་ཁྲག་འོང་རྒྱུ་མེད་པ་ན་སྔ་མ་གཏར་བའི་རྗེས་ཤུལ་དེ་བོར་ལ་རྩ་ཆེན་གཞན་གང་འཐད་ནས་གཡར་བ་ལྟར་བྱས་ཏེ། ནང་པར་གཏར་བས་ནད་ཁྲག་འབྱུང་བ་ཡིན་ཞིང༌། ཚ་བ་ལམ་དུ་ཆད་པ་དེས་རྩ་ནང་སྟོངས་ནས་ཁྲག་འབབ་རྒྱུ་མེད་ན་ཁོང་ཁྲག་ཕྱིར་ལ་འཕུལ་བའི་མན་ངག་གཅེས་ཏེ། ཨ་བར་སྐྱུར་གསུམ་བ་ལེ་ཀ་ཨུཏྤལ་སླེ་ཏྲེས་ཏིག་ཏ་བོང་དཀར་ག་དུར་བ་ཤ་ཀ་རྣམས་ཀྱི་གདུས་ཐང་གྲང་མོ་བཏང་བའམ། ཡང་ན། ག་བུར་ཆུ་མ་རྩི་གཉིས་ཆ་མཉམ་ཕྱེ། །ཁྱི་ཡི་འོ་མ་མར་སྦྱར་ཁོང་དུ་བཏང༌། །ཞུ་མཚམས་འབའ་ཆ་བསྲོས་པའི་ལུམས་དང་ནི། །ཨ་སའི་དུགས་ཀྱིས་རྔུལ་དབྱུང་ཕྱི་ལ་འཕུལ། །ཡང་ན་སུམ་ཐང་རྒྱ་ལི་སྡིག་ཚ་ལ། །ཕྱེ་མ་ཆ་མཉམ་ཕྱེ་མ་ཆང་གིས་དབུལ། །ཐང་ཕྱེ་གཉིས་པོ་དགུང་གཉིས་ལྟག་སྤྲོད་བཏང༌། །ཟས་དྲོད་བཅུད་ཆེ་ཆང་རྣམས་བཏང་བས་འཕུལ། །ཞེས་ཀྱང་གསུངས་སོ། །ཁྲག་མ་ཆོད་ན་རྩ་རྒྱུད་ལ་ཆུས་བསྒྲངས་པ་སྟེ་ཆུ་ལྕག་གམ་ཆུ་འཕྱར་ཏེ་ཐེར་རྒྱག་པའམ་རྡོ་གྲང་དང་ཕྱིང་པ་ཆུར་བཅུག་པ་རྨ་ཁར་གླན་ལ་དཀྲིས་མས་དམ་པར་བསྡམ་མོ། །རྨ་ཁ་སྐྲངས་ན་ཚ་དང་མར་སྦྱར་བ་དང་ཁྱི་སྤུ་མེར་བསྲེགས་པའི་གཞོབ་བཅས་མཉམ་དུ་རྨ་ཁར་བྱུགས་ལ་མཉེ་ཞིང༌། དེས་མ་ཐུབ་ན་ཨ་ས་བ་སྟེ་སྤྱིར་ཟན་དྲོན་གྱི་མིང་ཡིན་ཀྱང༌། ཁྱད་པར་འདི་སྐབས་རྡོ་དྲེག་སྤང་སྤོས་མོན་ལུག་གོ་སྙོད་བཞི། །ཕྱེ་མ་བསྲེས་པའི་ཟན་དྲོན་སྦྱར། །ཞེས་པའམ་སྦང་གར་གཡེར་མ་ཚ་ཕབས་མར་ནག་ཕྱེ་སོགས་ཚོས་པར་བཙོས་པའི་ཟན་དྲོན་སླ་མོ་དེས་རྨ་ཁར་བདུག ཁྲག་གིས་ཁ་རླུང་ལངས་ནས་བརྒྱལ་ཞིང༌། འབོག་ན་གསུར་དུད་བཏང་ཞིང་བདུག་པ་དང་ཆུ་གྲོག་ཁོང་དུ་བཏང་ཞིང་ཆུ་གྲང་གིས་གདོང་ལ་ཁ་ཕྲུ་གདབ་དགོས་ཤིང༌། དེས་མ་ཕན་པར་ཚབས་ཆེ་བ་ལ། སེམས་ཅན་གཞན་ལ་གཏར་བའི་གསོན་ཁྲག་དྲོན་མོ་དེའི་གུན་སོབས་སུ་ཁར་བླུད་དོ། །གཏར་རྗེས་སུ་རླུང་སྐྱེས་ན་འབྲུ་མར་སོགས་ཀྱི་སྐུ་མཉེ་བྱ་ཞིང་བུ་རམ་གྱི་ཁ་མུར་དང་བུར་ཆང་རུས་ཐང་ཚོ་ཁུ་རྣམས་བྱིན་ལ་རླུང་སྣ་གླན་པར་བྱའོ། །

གཏར་གའི་ཕྱི་རྗེས་ལ་བསྙལ་བ་བཀྲོལ་ཞིང་རྨ་ཁ་མཐེབ་མོས་མཉེ་བ་དང༌། རྡོ་གྲང་གླན་ཞིང་རྨ་ཚས་ལ་བལ་དཀྲིས་ཏེ་འགྲོ་བ་དང་འགུལ་བར་གཟབ་པ་དང༌། ཁྲག་ངན་སྐྱེ་བས་ཆང་བསིངས་ཞག་གསུམ་གྱི་བར་མི་བཏང་བར་བསྲུང་ངོ༌། །

གཏར་བའི་སྐྱོན་ལ་དམན་པ་ལྷག་པ། ལོག་པ་དང་ཉེས་པ་དང་བཞི་ལས། གཏར་དམན་ཏེ་དབྱུང་བ་ཞན་ན་ཁྲག་རོ་མི་ཐོན་ཞིང་ནད་གཞུག་ལུས་པ་དང༌། མཆིན་སྐྲན་དང་སྨུག་པོ་མཛེ་འབྲས་སུར་ཡ་བཅས་པའི་ནད་སྐྱེད་ཅིང་བྱང་ཁོག་དང་ཡན་ལག་གི་ཆུ་སེར་རྣག་ཏུ་འགྱུར་རོ། །གཏར་ལྷག་པར་ཏེ་དབྱུང་དྲགས་ན་ཟུངས་འཛད་ཅིང་རླུང་སྐྱེས་ཏེ་ཕོ་བའི་མེ་དྲོད་འཆི་ཞིང་གྲང་སྐྲན་དང་སྐྱ་རྦབ་དང་དམུ་ཆུར་འགྱུར་བ་མང་ངོ༌། །ལོག་པ་ནི་མི་རུང་བའི་ནད་ལ་གཏར་བའམ་གཞན་ཡང་སྤྱོད་ལམ་སོགས་ལོག་པའོ། །གཏར་ཉེས་པ་ནི་ཤ་གདན་བསྣད་དམ་ཆུ་རྒྱུས་བཅད་པ། ཤ་ལྤགས་རྩའི་གནད་ལ་སོང་ངམ་འཕར་རྩ་བཅད་པ་ལ་སོགས་པའི་སྨན་པའི་ལག་དགྲས་བྱ་བ་ཉེས་ཏེ་ནད་པ་བསད་པའང་ཡོད་པས། དེའི་ཕྱིར་གནད་ལ་སོགས་པ་རིམ་པར་བཤད་པ་རྣམས་ལེགས་པར་བརྟགས་ཏེ་སྐྱོན་དེ་དག་ལ་མཁས་པས་གཟབ་པར་རིགས་སོ། །

གཏར་དཔྱད་དེ་དག་གོང་བཤད་ཉེས་སྐྱོན་དང་བྲལ་བའི་ལེགས་པའི་ཡོན་ཏན་ནི་རྩ་ནད་དང་ངན་ཁྲག་སྦྱོང་ཞིང་གཟེར་བའི་ཟུག་གཅོག་ཅིང་སྐྲངས་པ་རྣམས་རྒྱུ་ནས་འཇོམས་པ་དང༌། རྣག་དང་ཤ་རུལ་སོགས་འདྲུལ་བ་རྣམས་བརྟས་པ་སྟེ་རྒྱས་ཤིང་སྲ་བར་བྱེད་ཅིང་རྣག་ཆུ་རྩད་ནས་གཅོད། ལུས་སྟོད་སྨད་ཀྱི་རྨའི་མདོག་ངན་པ་བཟང་པོར་འབྱིན་པ་དང་ཁོལ་བུའི་ནད་རླངས་ཀྱང་འདོན། ལུས་སྦོམ་པོ་རྣམས་འབྲི་ལ་སྐེམ་པོ་རྣམས་ཤ་རྒྱས་པར་བྱེད་པ་དང་ནད་དངོས་སུ་ཕྱིར་འབྱིན་པར་ནུས་པས་ན་དཔྱད་ཀྱི་མཆོག་ནི་གཏར་ག་ཡིན་པར་བཤད་དོ་ཞེས་གསུངས་སོ། །གོང་གསལ་སོ་སོར་རྒྱས་བཤད་ནི་བརྒྱད་པ་རྩ་འགྲེལ་ཟླ་ཟེར་སོ་མ་ར་ཛ་སོགས་ལས་རྒྱས་པར་བཤད་པ་ལྟར་རོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཔྱད་ལྔའི་དང་པོ་གཏར་གའི་ལེའུ་སྟེ་ཉི་ཤུ་པའོ།། །།


མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།