སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉི་ཤུ་པ། ཚ་བ་རྙོགས་པ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2021
མན་ངག་རྒྱུད། >>

 

ལེའུ་ཉི་ཤུ་པ། ཚ་བ་རྙོགས་པ་བཅོས་པ།

          དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །ཚ་བ་རྙོགས་པའི་རྒྱུ་རྐྱེན་ངོ་བོ་གང༌། །རྙོགས་པའི་ཚ་བ་མིང་དུ་ཅི་ཕྱིར་བཏགས། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་སྤྱི་དོན་བདུན་གྱིས་ལན་གསུངས་པ་ལས

སྤྱི་དོན་དང་པོ་ཚ་བ་རྙོགས་པའི་རྒྱུ་ནི་ཆུ་སེར་ཡིན། །ཁ་ཟས་ཀྱི་དྭངས་མ་མཁྲིས་པ་དམར་སྐྱུར་གྱི་ལས་ཀྱིས་ཁྲག་ཏུ་འགྱུར། ཁྲག་གི་སྙིགས་མ་མཁྲིས་པའི་གནས་སུ་གསོག་ མཁྲིས་པའི་དྭངས་མ་ཆུ་སེར་དུ་གྱུར་ནས་དོན་སྣོད་ཤ་རུ་ཕྱི་ནང་ཀུན་ཏུ་ཁྱབ་པ་དེ་ལ་ཚ་བ་ཞེན་པའོ།།

          སྤྱི་དོན་གཉིས་པ་རྐྱེན་ནི་རང་བཞིན་རྙོགས་དང་རྐྱེན་གྱིས་རྙོགས་པ་གཉིས་ཀྱི། །དང་པོ་རང་བཞིན་ཆུ་སེར་ཤས་ཆེའི་ཚ་བ་རྣམས། །བཅོས་རྗེས་ནད་གཞིའི་ཐོག་ཏུ་ལྷུང་བ་ཡིན། །གཉིས་པ་རྐྱེན་གྱིས་རྙོགས་པ་བཅོས་སྔས་ཁ་ཐལ་གཉིས། །དང་པོ་བཅོས་སྔས་མ་སྨིན་ཚ་བའི་རིགས་གང་ཡང༌། །སྨན་དཔྱད་ཟས་སྤྱོད་གཉེན་པོ་བསྟེན་སྔས་པས། །བད་ཀན་སྐྱེས་ཏེ་ཕོ་བའི་མེ་དྲོད་ཤོར། །རླུང་ནད་སྐྱེས་པས་ཚ་བ་རྩ་མིག་བྱེར། །རླུང་གིས་ཁྲག་གཡོས་ཆུ་སེར་སྐྱེད་པ་ཡིན། །གཉིས་པ་ཁ་ཐལ་བ་ནི་བད་ཀན་རི་ཐང་མཚམས། །བསིལ་དྲགས་ཕོ་བའི་མེ་ཤི་གྲང་ཆུར་འགྱུར།།

          སྤྱི་དོན་གསུམ་པ་ངོ་བོ་རླུང་ཁྲག་ཆུ་སེར་འདུས་པའི་ནད། །ཆུ་མིག་རྙོགས་སམ་བྱེ་ཆབ་གཡོས་པ་བཞིན།།

          སྤྱི་དོན་བཞི་བ་བཅོས་ཉེས་རྙོགས་ཕྱིར་རྙོགས་ཚད་མིང་དུ་བཏགས། །འཇུག་སྒོ་དྲུག་ཞུགས་ལུས་ཀུན་ཁྱབ་པར་བྱེད།།

          སྤྱི་དོན་ལྔ་བ་དེ་ལ་དབྱེ་བ་སྤྱི་དང་བྱེ་བྲག་གཉིས་ཀྱི་། །དང་པོ་སྤྱི་ལ་ཚ་བས་རྙོགས་དང་གྲང་རྙོགས་གཉིས་ལས་། །དང་པོ་རྒྱུ་རྐྱེན་དག་གིས་ནད་སྟོབས་ཆེ་ཆུང་ཡིན། །གཉིས་པ་བྱེ་བྲག་ལྤགས་ལ་གྲམ་དང་ཤ་ལ་རྒྱས། །རྩ་རུ་འགྲིམས་དང་རུས་ལ་ཞེན་པ་དང༌། །དོན་ལ་བབས་དངསྣོད་དུ་ལྷུང་བ་དྲུག།

          སྤྱི་དོན་དྲུག་པ་རྟགས་ལ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་ལས་། །དང་པོ་སྤྱི་རྟགས་ཚ་རྙོགས་ཆུ་དམར་རྒྱ་ཚོས་རྒྱ་བཤལ་བའི་ཁུ་བ་འདྲ་བར་ཆུ་མདོག་མཐར་རྒྱ་ཁ་ཡོད་པ། །རྩ་རྒྱུད་ཕྲ་ལ་མགྱོགས་ཤིང་གཏིང་ན་རྒྱུག །གདོང་པ་སེར་སྦོས་ལྕེ་རྙིལ་སེན་བཀྲག་འཆོར། །འགུལ་ན་རྔམ་པ་རྒོད་ལ་གློ་སྙིང་འཕར། །ཤེད་ཆུང་རྔུལ་ཁ་སྙི་ལ་ཁ་ལྕེ་སྐམ། །གཉིད་ཆེ་གློ་མང་མིག་ལྕིབས་རྐང་བོལ་གཡོ། །ལུས་པོ་བརྩེ་ཞིང་རོ་སྟོད་གཟེར་ཕྲན་འོང༌། །ནད་སྟོབས་ཆེ་ན་དོན་ལ་རྣག་ཆུ་གསོག །ཁྱད་པར་རྔུལ་བརྩེ་སྣ་ཁྲག་གཡོ་བ་ཡིན། །གྲང་རྙོགས་རྩ་རྒྱུད་ཕྲ་ཞིང་སྟོང་ལ་མགྱོགས། །ཆུ་མདོག་དམར་སེར་རྙོག་ཅིང་གདོང་པ་སྦོ། །བྲང་དང་གསུས་པ་ངར་གདོང་རྐང་བོལ་གཡོ། །ལྕེ་དང་རྙིལ་སྐྱ་ལུས་རྔུལ་རྔམ་པ་རྒོད། །ཕོ་བ་རྫིང་ལ་ཁ་ཟས་འཇུ་སྟོབས་ཆུང༌། །ནད་སྟོབས་ཆེ་ན་ཚ་ཆུར་འགྱུར་བ་ཡིན། །བྱེ་བྲག་ལྤགས་གྲམ་སྐྲ་དང་བ་སྤུ་འབྱི། །ཟ་འཕྲུག་ཆུ་རྐང་མེ་དབལ་ཤུ་ཐོར་ཡོང༌། །ཤ་རྒྱས་ཁོལ་བུར་ན་ཞིང་འབར་འབུར་སྐྲངས། །དམར་སྲབ་བརྟོལ་ན་རྣག་ཁྲག་ཆུ་སེར་འཛག །རྩར་འགྲིམས་རྩ་རྒྱས་ནག་པོར་གསལ་བ་དང༌། །རྩ་འཁྱུག་རྩ་སྟེང་སྐྲངས་ཤིང་ཡན་ལག་སྦྲིད། །རུས་ཞེན་ཤ་སྐམ་སྔོ་ལ་ཁོལ་བུར་ན། །གདོང་སྐྲངས་ཚིགས་ཁ་གཡོ་ཞིང་སྒྱིད་པ་འཁུམས། །སོ་དང་སེན་མོའི་བཀྲག་འཆོར་སྐྱ་གླེག་འགྲོ། །གློར་བབས་དབུགས་ཐུང་སྐད་འཛེར་བྲང་རྒྱབ་གཟེར། །མིག་མཆུ་བོལ་སྐྲངས་དབུགས་རྒོད་རྣག་ཁྲག་ལུ། །སྙིང་བབས་འཐིབས་མྱོས་དྲན་ཉམས་གྲང་མོ་འདོད། །མཆིན་བབས་མིག་སེར་ལུས་ལྕི་དང་ག་འགག །ལྕེ་སྔོ་བཀྲ་རྙིལ་དཀར་ལུས་སྤྱི་སེར་པོར་འགྲོ། །མཆེར་བབས་གཡོན་གཟེར་མཆུ་སྐྲངས་སྦྲིད་པ་མང༌། །མཁལ་བབས་རྐེད་པ་ན་ཞིང་རོ་སྨད་ལྕི། །སྣོད་དུ་ལྷུང་ན་དང་ག་འགགས་པ་དང༌། །འཁྲུ་སྐྱུག་དྲི་མ་འགག་གམ་འཚིང་ཞིང་འགྱུང་།།

          སྤྱི་དོན་བདུན་པ་གསོ་བའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །དང་པོ་བཅོས་ཚུལ་དང་པོ་ཆུ་སེར་རང་སར་སྐེམ་པ་རླན་ཆེན་གྱི་བྱེ་མ་སྐམ་པ་ལྟར་བཅོས་པ་དང་། །བར་དུ་གཏར་སྦྱོངས་ཀྱིས་ཆུ་བོ་རྐ་རུ་དྲང་བ་དང༌། །ཐ་མ་ཁྲག་ངན་ཆུ་སེར་ལུས་ཟུངས་སུ་བསྒྱུར་ནས་དགྲ་བོ་གཉེན་དུ་བཟླུམས་པ་ལྟ་བུས་བཅོས་པའོ། །གཉིས་པ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །དང་པོ་ཁྲག་ཉུང་འདོན་ཚ་རྙོགས་ཆུ་སེར་སྐེམ་པའི་སྨན། །སྡུད་ཐང་ནི་ཚ་བ་སྤྱི་བཅོས་སྐབས་སུ་བཤད་པ་གསུམ་གྱིས་བྱེར་བ་བསྡུས་བྱས་ནས། །ཕྱི་རྒྱུད་ག་བུར་ཉི་ཤུ་རྩ་ལྔ་རུས་ཐང་འཕུལ་བཏང་བས། །ཚ་བ་འདུས་ཤིང་རླུང་ཁ་སྙོམས་པར་བྱེད། །དེ་ནས་ཙན་དན་དཀར་དམར་འབྲས་བུ་ཨ་བར་སྐྱུར་གསུམ། །བྲག་ཞུན་སྤོས་དཀར་སོ་མ་ར་ཛ་དང༌། །བསིལ་ཅུ་གུར་ལི་གསུམ་པི་པི་ལིང་དང་ཀ་ར་སྦྱར། །སེང་ལྡེང་ཁུ་བས་འཕུལ་བས་ཆུ་སེར་སྐེམ་ངན་ཁྲག་རྩ་མིག་ཏུ་འཕུལ་བར་བྱེད་། །དེ་རྗེས་ཆུ་བོ་བཀག་རྒྱ་དགྲམ་པ་ནི་གང་རྒྱས་རྩ་ཁ་མང་དུ་དབྱེ། །འབྲས་བུ་ཨ་བར་སྐྱུར་གསུམ་གྱི་རྒྱུན་སྦྱོངས་དག་པར་སྦྱང༌། །གྲང་རྙོགས་དང་པོ་སེ་འབྲུ་སུག་ཤིང་པི་སྒ་ལྔ་པའམ།  ཕྱི་རྒྱུད་ཀྱི་ཅུ་གང་བདེ་བྱེད་ཆུང་ངུས་ཕོ་བ་བཟུང༌། །གཉིས་པ་དེ་རྗེས་ཚ་བ་སྤྱི་བཅོས་ཀྱི་ཐང་གིས་བྱེར་བ་བསྡུས་ལ་རྒྱུན་བུ་གང་འོས་ཀྱིས་སྦྱོངས་བྱ། །དེ་འོག་བཟང་དྲུག་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཆུ་སེར་སྨན་སྤོས་ཐ་སོ་གསུམ་འབྲས་བུ་ཨ་བར་སྐྱུར་གསུམ། །ཤ་རུ་དུར་འོག་ནས་ཐོན་པའི་མི་ཐོད་བཙའ་མ་སྲེག་པ་འགྲོན་བུ་ཚྭ་ཟེ་རྒྱམ་ཁ་གསུམ་ཐལ། །སེ་འབྲུ་སུག་ཤིང་པི་སྒ་ལྔ་དང་ལྟག་སྤྲོད་ཆུ་སེར་སྐེམ། །བར་དུ་ནད་སྟོབས་ཆེ་ན་དམུ་ཆུའི་སྐབས་ལྟར་སྦྱོངས་སྐེམས་གང་དགོས་བྱ། །ཐ་མར་དགྲ་བོ་གཉེན་དུ་བཟླམ་པ་ལ་ཆུ་སེར་ཚད་ལྷག་ཟུངས་སུ་སྒྱུར། །དེ་ཡི་སྦྱོར་བ་ཕྱི་རྒྱུད་ཀྱི་སྦྲང་ཆང་ཆུ་སེར་ལ་རྐྱང་པ་རླུང་ལྡན་ཁུག་པ་གམ། །མཁྲིས་པ་ལ་གཟེ་འི་ཆང་དང་རླུང་ལ་སྲོ་ལོ་སྲེ་ལོང་ཆང་དང་བད་ཀན་ལ་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཆང༌། །ཆུ་སེར་རླུང་མཁྲིས་བད་ཀན་སོགས་གཞི་དང་བསྟུན། །ཕྱི་རྒྱུད་ཀྱི་འབའ་སམ་སྨན་མར་སྦྲང་དང་སྦྱར་ལ་བསྟེན། །དེ་ཡིས་ཆུ་སེར་ཁྲག་ངན་ཟུངས་ཁྲག་ཏུ། །དངུལ་ལ་གསེར་འགྱུར་རྩི་བཞིན་སྒྱུར་བར་བྱེད། །གསུམ་པ་ཟས་དང་བཞི་པ་སྤྱོད་ལམ་ནི་རྙིངས་ཚད་ཇི་བཞིན་ནོ། །གཉིས་པ་བྱེ་བྲག་ཤ་ལྤགས་གཉིས་ལ་བབས་པ་ལ། །མཆིན་པར་རུ་ཐུང་མཆེར་པར་རྟ་མཐུར་རྩ་གཏར་འབྲས་བུ་ཨ་བར་སྐྱུརའི་རྒྱུན་སྦྱོངས་བྱ། །ཆུ་ལྕག་བརྡེག་ཅིང་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་སྦྱར། །བ་སྤུའི་སྐྱི་ཁྲུས་རྔུལ་འདོན་པ་ནིོ་ལུག་གི་གཞུག་ཆུང་གསུམ་བརྡུངས་ལ་ཆང་བྲེ་གང་དུ་བཏབ་ཏེ་བསྐོལ་ནས་ཕུར་དོར་གདུས་པའི་དངས་མར། བ་འོ་ཕུལ་གང་བླུག་སྟེ་གདུས་པ་ཕུལ་གང་དུ་གྱུར་བ་ན། རྒྱ་ཚ་དང་ཁ་རུ་ཚ་ཞོ་རེ་བུ་རམ་ཞོ་ཕྱེད་ཛཱ་ཏི་ཞོ་གཅིག་བཏབ་པ་ལྟོ་ལྟོང་དུ་བཏང་། གོས་ཀྱིས་བྱིབས་ལ་དངུལ་བཏོན་པས་ཚ་ལ་རྔུལ་དུ་འཛག་སྟེ་མཆོག་ཏུ་བསྔགས། །ཙན་དན་དཀར་དམར་ཆུ་སེར་སྨན་སྤོས་དཀར་སོ་མ་རཱ་ཛ་གཉིས་བ་ཆུ་བྱུག །རྩར་བབས་ཕྱི་རྩ་རུ་ཐུང་དང་བྱིན་གཞུག་གང་བབས་པར་གཏར་ལ་ནང་ལོང་རྩ་འང་གང་བབས་ལ་རྩ་བཤལ་ཕྱི་རྒྱུད་ལྟར་སྦྱང༌། །ཙན་དན་(དཀར་དམར་ག་དུར་གུར་གུམ་དོམ་མཁྲིས་སོ་མ་ར་ཛ་ཅུ་གང་ལི་ཤི་ཨུཏྤལ་མཚལ་ཧོང་ལེན་ཀ་ར་)བཅུ་པས་རྩ་ཡི་ཚ་བ་སྐེམ། །རུས་ཞེན་མི་རུས་བཙའ་མའི་བདུད་རྩིའི་རླངས་ལུམས་བྱ་བ་ནི་མི་རུས་བཙའ་མ་དང་བདུད་རྩི་རྣམ་པ་ལྔ་སྣོད་ཆེན་པོའི་ནང་དུ་བསྐོལ་བའི་ཁར་ཤིང་གི་ཁྲབ་བཏང་བའི་གསེང་ནས་རླངས་པ་འོང་བར་བྱས་པའི་སྟེང་དུ་གདན་སེང་ཅན་བཏིངས་པའི་ཁར་ནད་པ་ཉལ་གོས་དྲོས་མོས་བྱིབས་ལ་རྔུལ་འདོན་པ་ཡིན་ནོ། །རྒྱུན་སྦྱོངས་དང་བ་སྤུའི་སྐྱི་ཁྲུས་གོང་ལྟར་དང་མཁལ་རྩ་བྱིན་གཞུག་གཏར་བ་དང༌། །རྙིང་ཚད་རུས་ཞེན་སྐབས་ཀྱི་ཙན་དན་དཀར་དམར་སྐྱེར་པ་སེང་ལྡེང་དེ་བ་ད་རུ་མྱགས་ཤད་སྤྱིེ་ཞུར་རུ་རྟ་ཀ་ར་སྦྱར་ཤིང་སྣ་བརྒྱད་པས་རུས་པའི་ཚད་པ་སྐེམ། །གློར་བབས་ཙན་དན་དཀར་པོ་གི་ཝཾ་ཨ་ག་རུ། །ཅུ་གང་གུར་ཀུམ་ཤིང་མངར་རྒུན་འབྲུམ་དང༌། །སྲོ་ལོ་སྤང་རྒྱན་འབུ་སུ་ཀ་ར་སྦྱར། །རྣག་མང་སྟར་བུ་རུ་རྟ་པི་ལིང་ཤིང་ཚ་སྐྱུ་རུ་པཉྫས་གྱེན་དུ་དྲངས། །རྗེས་ལ་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔས་རྣག་ཚད་སྐེམ། །ཚ་བ་ཆོམས་ནས་དམར་གསུམ་རྒྱ་སྐྱེགས་བཙོད་འབྲི་མོག་(བསིལ་གསུམ་ཅུ་གུར་ལི་ཤི་འདམ་བུ་ཤིང་མངར་ཀ་ར་སྦྲང་མར་གསར་གྱི་)ལྡེ་གུ་སྦྱར། །སྙིང་བབས་ཨ་ག་རུ་དང་ཙན་དན་དཀར། །ཛཱ་ཏི་ཅུ་གང་གུར་ཀུམ་ལི་ཤི་དང༌། །སྙིང་ཞོ་ཤ་སྐྱུ་རུ་ར་དང་ཀ་ར་བརྒྱད་པ་སྦྱར། །དེ་རྗེས་གཏར་ལ་ཞོ་ཤ་(ཙན་དན་གཉིས་ཨ་རུ་ར་འོ་མ་མར་ལ་གུར་ཀུམ་སྤོས་དཀར་ཀ་ར་ཁ་ཚར་བཏབ་པའི་)སྨན་མར་སྦྱར། །དཀར་ནག་མཚམས་དང་དྲུག་པས་ནད་རྗེས་བཅད། །མཆིན་བབས་ཕྱི་རྒྱུད་ལྟར་བྲག་ཞུན་དགུ་པ་དང་མཆིན་ཚད་སེལ་བའི་གུར་གུམ་བདུན་པ་སྦྱར། །རུ་ཐུང་སྣོད་ཀ་གསེར་གདུང་གཏར་ཞིང་ཁྱད་པར་འཇམ་ཁྲུས་ཕྱི་རྒྱུད་ལྟར་བྱ། །མཆེར་བབས་ཕྱི་རྒྱུད་ཀྱི་མཆེར་ནད་སེལ་བའིི་གུར་ཀུམ་བདུན་པ་དང་ཅུ་གང་ལི་ཤི་བ་ཤ་ཀ་ཏིག་ཏ་སྤོས་དཀར་སྦྱར་སེ་འབྲུ་ལྟག་པ་སྤྲད། །རྗེས་ལ་ཕོ་གསང་ཚིགས་པ་བཅུ་གཅིག་བསྲེག །མཁལ་བབས་གུར་ཀུམ་(ཏིག་ཏ་སྐྱུ་རུ་འཇམ་འབྲས་གླ་རྩི་ཤུག་ཚེར་ཙན་དན་དཀར་པོ་ཀ་ར་)བདུན་དང་བྲག་ཞུན་(ཏིག་ཏ་གླ་རྩི་སྤོས་དཀར་སོ་མ་ར་གུར་ཀུམ་ཤུག་ཚེར་སྤང་རྩི་ཀ་ར་)བརྒྱད་པ་སྦྱར་། །རྗེས་ལ་བྱིན་གཞུག་གཏར་ལ་རྩ་ནག་དང་ཚིགས་པ་བཅུ་བཞི་བསྲེག །སྦྲང་ཆང་རྐྱང་ཁུག་རྟ་བོང་དྲེལ་སོགས་བཤུལ་ཤས་མཁལ་ཟུངས་གསོ། །སྣོད་ལྷུང་བཤལ་བྱ་ཅུ་གང་བདེ་བྱེད་སྦྱར། །ཚ་བ་ཆེ་ན་གུར་ཀུམ་གསེར་མེ་ཏོག །དོམ་མཁྲིས་ཏིག་ཏ་བྲག་ཞུན་ཨ་རུ་ར། །གླ་སྒང་ཀ་ར་སྦྱར་བས་སྣོད་ཚད་སེལ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བ་རྙོགས་པ་བཅོས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 19.02.2021 ཉིན། 4:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།