སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཅིན་སྙིའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ལན་ཚྭ་མངར་བསིལ་ལྕི་བའི་ཟས། །རླན་ཅན་མལ་དུ་འདུག་པ་ལ་སོགས་ཀྱིས་བད་ཀན་ཚིལ་འཕེལ་བ། །ཟུངས་སུ་མ་སྨིན་པར་གཅིན་འཕེལ་ལྒང་པར་ཆགས་ཀྱིན་ཟགས་པས་ཟ་ཁུ་སྐྱེད་པར་བྱེད།།

སྤྱི་དོན་གཉིས་པ་དབྱེ་བ་བད་མཁྲིས་རླུང་ལ་སོགས་རང་རང་གི་མདོག་འདྲ་བ་དང་རྣམ་པ་གསུམ། །དང་པོ་བད་ཀན་ཟ་ཁུ་ལ་སྟེང་དང་འོག་ཏུ་དྲི་མ་མེད་པར་སླ་བ་ཆུ་དང་འདྲ་བ་ཆང་སྐ་བ་དང་འདྲ་བ་བུར་ཤིང་ནི་ཁུ་བ་སྙིགས་ཅན་སྤྱིན་བག་ཡོད་པ་སྨུག་ཉོག་དང༌། །ཞག་ལོང་ནས་སྦང་གླད་འདྲ་བ་གར་པོ་འབྲས་ཕྱེ་འདྲ་ཞིང་དཀར་བ་ཁུ་ཆུ་དྲི་མ་ཅན་སྟེ་བྱེ་མིག་འདྲ་བས་བྱེ་མ་མང་ཞིང་རོ་མངར་བ་དང༌། །རེག་བྱ་གྲང་བས་བསིལ་བ་དང་ཉུང་ཟད་དལ་བུས་འཛགས་པས་བག་འབྱུང་ཁ་ཆུ་འདྲ་བ་བཅུ་རུ་བཤད། །གཉིས་པ་མཁྲིས་པའི་ཟ་ཁུ་ཁ་མདོག་དྲི་རོ་ནས་ཚིག་ཁུ་བ་འདྲ་ཁ་དོག་ནག་པསསྣག་ཚ་དང༌། །སྔོ་བས་སྔོན་པོ་ཚ་ཞིང་སེར་བས་སྐྱེར་ཁུ་མནམ་ཞིང་དམར་བས་བཙོད་ཁུ་དྲི་ང་ལན་ཚར་བཅས་པས་ཁྲག་འདྲ་དྲུག །གསུམ་པ་རླུང་གྱུར་དེ་འདྲ་དང་རྐང་མར་འདྲེས་པ་འདྲ་ཞག་འདྲེས་པ་ཆུ་སེར་རྙོགས་ཅན་གླང་ཆེན་ཆུ་འདྲ་བ་སེར་སྨུག་སྦྲང་མ་འདྲ་བ་དང་བཞི་ཀུན་དང་འདྲེས་པས་སྨུག་གར་རོ་མངར་བའོ། །ཟ་ཁུ་ཉི་ཤུ་གཅིན་སྙིའི་ནད་རིགས་ཡིན།།

སྤྱི་དོན་གསུམ་པ་དེ་རྟགས་སྔོན་ཚུལ་རྟགས་གཉིས་ལས་དང་པོ་མངོན་ཚུལ་མལ་སྟན་གཉིད་ལ་རྩི། །རྔུལ་མང་དྲི་མནམ་སྐྲ་དང་སེན་མོ་རིང༌། །ཁ་མངར་གྲེ་བ་རྐན་སྐམས་བསིལ་ལ་རྩི༌། རྐང་ལག་གི་མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འབྱུང༌། །གཅིན་གྱི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ། །དེ་ལྟ་བུའི་མངོན་ཚུལ་རྣམས་མི་གསལ་ན་ཆུའི་མདོག་འགྱུར་བ་ལ་ངེས་པ་མ་ཡིན་ཏེ་ནད་གཞི་གཞན་པས་ཆུ་མདོག་དེ་ལྟར་དུ་འབྱུང་ངོ་། །གཉིས་པའི་དང་པོ་བད་གྱུར་ཁ་ཟས་མི་འཇུ་དང་ག་འགགས༌།  གཉིད་ཆེ་ལུད་པ་མང་ཞིང་སྐྱུག་པར་བྱེད། །གཉིས་པ་མཁྲིས་གྱུར་ཕོ་མཚན་ལྒང་པར་ཟུག་ཅིང་ན། །ཁ་སྐམ་ལུས་ཚ་འཁྲུ་ཞིང་རིམས་ཀྱིས་འདེབས། །གསུམ་པ་རླུང་གྱུར་སྙིང་འཕར་གཉིད་ཆུང་དབུགས་མི་བདེ། །འདར་གཟེར་ཟས་ལ་རྔམ་ཞིང་ལུད་པ་མང༌། །ཀུན་ཀྱང་ཡལ་བར་བོར་ན་ཐོར་པ་བཅུ་འབྱུང་སྟེ། །མཐའ་མཐོ་དབུ་དམའ་བས་ཁམ་ཕོར་ནང་དུ་ཟུག་ཅིང་མཆེད་འཇམ་རུས་སྦལ་ནང་དུ་ཟུག་ཅིང་རྣག་ཐོར་ཆེ་བ་དབྱིབས་འབུར་ལ་སྒུར་པོ་རྟིང་དུ་ནུབ་ལ་སྲ་ཞིང་རྩའི་དྲ་བ་ཅན་རྩ་རིས་ཡོང། །དམར་ཚགས་པས་མེ་དབལ་སྨིན་དཀའ་སྲན་ཆུང་འདྲ་བ་མྱུར་སྨིན་རྟགས་ཆེ་ཡུངས་དཀར་འདྲ་བ་ད་ར་ནི་ཡན་ལག་བརྒྱད་པར། ཟླུམ་པོ་བི་ད་རི་ལྟར་ཟླུམ། །སྲ་བས་བི་ད་ར་ཞེས་སོ། །འབྲུམ་བུ་གཅིག་ལ་མང་པོས་བསྐོལ་བས་ལྦུ་བ་འདྲ་བ་བཅས་སྐྲངས་ཤིང་རྣག་པས་ཁོང་འབྲས་འདྲ་བ་ཞེས་བྱ་གནད་སྟེང་དང་ཚིགས་ཁར་འབྱུང༌ཡན་ལག་བརྒྱད་པརཚིགས་དང་གནད་ས་ཤ་ཆེ་བའི་དགོངས་པ་ལྟར་མཆན་བུ་བཏབ་པ་ཡིན་གྱི་སྨན་པ་ཕལ་ཆེར་ལ་སྐད་ཆ་འདི་འདྲ་མི་གདའོ།།

སྤྱི་དོན་བཞི་བ་བཅོས་ཐབས་སྤྱི་བྱེ་གཉིས་ལས་དང་པོ་ཟ་ཁུ་བད་ཚིལ་གཙོ་བོར་བཅོས། །འབྲུ་རྙིང་སྐམས་སའི་ཤ་ལ་སོགས་པ་ཡི། །ཡང་ཞིང་རྩུབ་པའི་ཟས་སྐོམ་སྤྱོད་ལམ་བསྟེན། །བ་གཅིན་ལྕི་བ་ལས་བྱུང་ཁ་ཟས་བཟའ། །ཡན་ལག་བརྒྱད་པར། ལྕི་བ་ལྟ་བུ་བྱུག་པ་ལས་བྱུང་བའམ། །འོ་མ་ལས་ཀྱང་སྐྱེས་པ་དང་། །ཁུར་བ་ཟན་དྲོན་ཆག་ཚེ་བཅས། །ནས་ལས་བྱུང་བའི་ཟན་ཡང་ཕན། ཞེས་སོ། །ལས་དང་འགྲོ་འདུག་ལ་སོགས་པའི་ངལ་དུབ་མང་དུ་སྤྱད་ཅིང་ནུབ་མ་གཉིད་མི་ལོག་ཡན་ལག་བརྒྱད་པར། ལམ་དུ་གདུགས་དང་ལྷམ་དག་ནི། །མེད་པར་དྲང་སོང་ཚུལ་དུ་ནི། །དཔག་ཚད་བརྒྱ་ཡི་བར་དུ་འགྲོ། །ཆུ་ཡི་གནས་ནི་བརྐོ་བའམ། །བ་གཅིན་ལྕི་བར་བསྟེན་པའམ། །བ་གླང་དང་ནི་ལྷན་ཅིག་འཁྱམས། །ཞེས་གསུངས་པའི་དོན་ནོ།  །ཡང་ཞིང་རྩུབ་པའི་སྨན་སྲན་མ་ཀྱི་འབྲུ་རྒྱ་ཤུག་གྱིས་དྲིལ་ཕྱིས་བྱ། །ཡུང་སྐྱེར་སྐྱུ་རུ་གཟེ་མའི་བསྡུས་ཐང་བཏང། །འབྲས་ཨ་བར་སྐྱུར་གསུམ་ཆང་དུ་སྦངས་སྐམས་པའི་ཕྱེ་མ་སྦྲང་དང་སྦྱར་ལ་བཟའ། །གཉིས་པའི་དང་པོ་བད་ཀན་ལས་གྱུར་ཟ་ཁུ་སྐྱུགས་བྱས་ལ། །སེང་ཕྲོམ་གླ་སྒང་ཨ་རུ་ར་ཐང་དང༌། །པ་ཏྲ་གུ་ཡུ་བྱི་ཚེར་བྱི་ཏང་ག་ཡི་ཐང༌དང་ཡང་ན། །སེང་ལྡེང་སྐྱེར་པ་བྱི་ཏང་ག་ཡི་ཐང༌། །གང་རུང་སྦྲང་རྩི་སྦྱར་ལ་བཏང་བར་བྱ། །གཉིས་པ་མཁྲིས་པའི་ཟ་ཁུ་སྦྱོངས་རྗེས་སྐམ་སའི་ཤ་ཁུས་བརྡ་འཕུལ་བདའ། །སྐྱེར་པ་སྐྱུ་རུ་སྦྲང་དང་སྦྱར་བའམ། །སླེ་ཏྲེས་སྐྱུ་རུ་སྦྲང་དང་སྦྱར་ལ་བཏང་། །དུག་མོ་ཉུང་དང་སྐྱེར་པ་ཙི་ཏྲ་ཀ །འབྲས་བུ་ཨ་བར་སྐྱུར་གསུམ་གྱི་བསྐོལ་ཁུ་བླུད་པར་བྱ། །གསུམ་པ་རླུང་གྱུར་འབྲས་བུ་ཨ་བར་སྐྱུར་གསུམ་དང་སྒྲོན་ཤིང་དང༌། །སྐྱེར་པ་གླ་སྒང་མར་དང་སྦྱར་ལ་བཏང་། །ཟུངས་དང་འདྲེས་ཕྱིར་ཤིན་ཏུ་གསོ་དཀའ་ཡིན། །བླ་གཉན་ཐོར་པ་མར་ནག་པོའི་གཅིན་བླུད་རྨ་ལྟར་གསོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཅིན་སྙི་བའི་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།