སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བརྒྱད་པ། གྲུམ་བུའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་ང་བརྒྱད་པ། གྲུམ་བུའི་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གྲུམ་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

སྤྱི་དོན་དང་པོ་རྒྱུ་རྐྱེན་རླན་སྣུམ་ཡུལ་དང་སྣུམ་བཅུད་ཟས། །དྭངས་མ་གནས་སུ་མ་སྨིན་ཆུ་སེར་རྒྱས། །ཤ་རུས་རྩ་རྒྱུས་ལ་གནས་གྲུམ་བུ་སྐྱེད།།

སྤྱི་དོན་གཉིས་པ་དབྱེ་བ་ཤ་ཏྲེམ་རུས་ཏྲེམ་རྩ་ཏྲེམ་དང༌། །ཆུ་ཏྲེམ་ཏྲེམ་དཀར་ཏྲེམ་ནག་རྣམ་པ་དྲུག།

སྤྱི་དོན་གསུམ་པ་དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟགས་གྲང་ཤུམ་ཡུན་རིང་ཤ་ལྤགས་བརྩེ། །གདོང་སྣུམ་མགོ་བོ་རྐེད་པ་དཔྱི་མིག་ཟུག །ཤེད་ཆུང་སྒྱིད་སྐྱུར་ཤ་འབྲོས་རྔུལ་ཁ་སྙི། །རུས་ཚིགས་ཤ་རུས་འཁོལ་འཁོར་ཞིང་ཆུ་རྒྱུས་གྱོང༌། །འགུལ་ཚེ་ལྷག་པར་ན་ཞིང་སྐད་ངན་འཆོར། །ཆུ་དམར་རྩ་འཁྱུག་ཕྲ་མགྱོགས་གཏིང་ན་རྒྱུག །གཉིས་པ་བྱེ་བྲག་ཤ་ཏྲེམ་བད་མཁྲིས་ཤས་ཆེ་སྟེ། །ཤ་སྦོ་མདོག་ནག་ཡན་ལག་སྦྲིད་པ་དང༌། །གློ་སྙིང་མི་བདེ་སྣ་ཁྲག་མང་དུ་འཛག །ཤ་རུས་འབྱེད་སྙམ་བེམ་པོར་བྱེད་པ་ཡིན། །རུས་ཏྲེམ་རླུང་གི་ཤས་ཆེ་སྐོམ་དད་ཆེ། །རུས་པ་ཚ་བ་སྐྱེ་ཞིང་འཇུ་ལ་སྐམ། །ཚིགས་རྣམས་གྲམ་ཞིང་ཟུག་ཆེ་འགུལ་མི་ནུས། །བསྒུལ་དང་སྒྲ་ཆེར་མི་བཟོད་གཡང་སྐྱུར་སེམས། །རྩ་ཏྲེམ་ཁྲག་གི་ཤས་ཆེ་བཀྲག་མདངས་ཉམས། །གློ་སྙིང་མི་བདེ་ལྟག་ཤ་ཆད་སྙམ་བྱེད། །རྩ་རྣམས་སྦོས་ཤིང་སྲ་ལ་ན་བ་ཡིན། །ཆུ་ཏྲེམ་ཆུ་རྒྱུས་གྱོང་འདར་རེངས་འཁུམས་སྐམས། །ཏྲེམ་དཀར་ཆུ་སེར་དཀར་པོ་གྲང་ཤས་ཆེ། །ཏྲེམ་ནག་ཆུ་སེར་ནག་པོ་ཚ་ཤས་ཆེ།།

སྤྱི་དོན་བཞི་བ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་དང་པོ་ཞག་ལྔའི་བར་དག་ཏུ། །བད་ཀན་ཆུ་སེར་སྦྱང་ཕྱིར་འབྲས་བུ་ཨ་བར་སྐྱུར་གསུམ། །སླེ་ཏྲེས་ཐང་བསྟེན་ཆུ་བསྐོལ་ཡང་ཡང་བཏུང༌། །དེ་རྗེས་བོང་ཁྲག་ཉེར་ལྔ་བ་ཙན་དན་དཀར་དམར་ཚ་ཤས་ཆེ་ན་ག་བུར་གི་ཝཾ་དང༌། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཆུ་སེར་སྨན་སྤོས་སོ་ཐལ་གསུམ་གེ་སར་ནཱ་པད་གཉིས། །ཏིག་ཏ་སླེ་ཏྲེས་སྤྱི་ཞུར་འབྲས་བུ་ཨ་བར་སྐྱུར་གསུམ། །གླ་རྩི་སྤང་རྒྱན་བེ་དོ་སྤང་རྩི་དེ་བོ་བ་ཤ་ཀ །བོང་ཁྲག་བོང་ཐོར་ལས་མ་བྱས་པ་མ་འཁྲུགས་པའི་ཁྲག་བཟང་ཀ་ར་སྦྱར་བ་ཉི་ཤུ་ལྔ། །དགུང་ཉིན་དང་མཚན་གུང་གཉིས་སེང་ལྡེང་ཁུ་བས་འཕུལ་ལ་བཏང༌། །རྒྱུད་ཕྱི་མའི་གུར་གུམ་བསྣན་པའི་སེ་འབྲུ་སེ་ཤིང་སུག་པི་ཁུར་ལྔ་པ་ནང་ནུབ་ཆུ་སྐོལ་བཏུང༌། །སེ་འབྲུ་དྭངས་མ་གནས་འཇོག་ཆུ་སེར་ཚ་བ་ལྕུམ་རྩ་ལྔ་པས་སྐེམ། །གླ་རྩི་གུར་ཀུམ་སྒ་རྒོད་དོང་གྲ་གཉེན་པོའི་སྨན། །ཚ་བ་ཆེ་བ་ལ་ཞོའམ་གྲང་བ་ཆེ་བ་ལ་བོང་ཁྲག་ལ་སྦྱར་སྐབས་སུ་རྔུལ་དབྱུང་ལྡེ་གུར་བཏང། །སྨན་རྗེས་འབྲས་བུ་ཨར་བར་སྐྱུར་གསུམ་གྱི་རྒྱུན་སྦྱོངས་བྱ་ཨ་རུ་མཆུ་རིང་བ་རུ་སྐྱུ་རུ་ར་ལྕུམ་རྩ་དུར་བྱིད་སྤོས་དཀར་བ་ཆུར་གདུ་ཞེས་པ་དེའོ། །ཤ་སྦོས་ཆུ་བ་འཁུམས་སམ་རུས་ཚིགས་ཟུག །ར་མཉེ་བ་སྤྲུ་ཉེ་ཤིང་གསུམ་གྱིས་ཆུ་ལུམས་བྱ། །ཆུ་འདོན་རྗེས་ལ་སྤང་སྤོས་མར་དཀར་སྦྱར་བ་ལུས་ཁྱབ་པ་བྱུག །ཚིགས་མིག་ཆུ་སེར་གྲང་ཐུར་སྦྱོར་བས་འདོན། །ཁ་ཟས་འབྲས་དང་ཆག་ཚེ་སྲན་མ་བཙོས་པའི་ཆན་དང༌། །ཁུར་མང་བ་ཡི་ཞོ་དར་བསྐོལ་གྲང་ཆུ། །ཇ་སོགས་བསིལ་ལ་ཡང་བའི་ཟས་སྐོམ་བསྟེན། །རུལ་སྐྱུར་སྣུམ་ལྕི་ཚྭ་སོགས་དུག་འདྲ་སྤང༌། །མེ་ཉི་ཉིན་གཉིད་རླན་གྲང་ཀུན་ལ་གཟབ། །ཚ་བ་བྱང་བའི་རྟགས་བྱུང་སྦྲང་ཆང་དང༌། །རྒྱུད་ཕྱི་མ་ལྟར་བ་ཡི་རྣམ་ལྔས་སྨན་མར་གྱིས་ཆུ་སེར་ཚད་ལྷག་སྐམ། །སྐམ་སར་མི་རྔུལ་ཙམ་དུ་དལ་བར་ཆུ་བྱེར་ཚད་བརྟག་འབྲི་བ་བག་རེ་འདུལ་ཞུས་ནས་བཅག  གཉིས་པ་བྱེ་བྲག་དང་པོ་ཤ་ཏྲེམ་གཟེ་མ་བ་སྤྲུ་བ། །ཤིང་ཚ་དོང་གྲ་སྒ་རྒོད་མར་སྦྱར་ལྡེ་གུ་བཏང་། །ལྕ་བའི་ཁཎྜ་གཡེར་ཆུ་སྒ་ཆུ་བསྟེན། །གཉིས་པ་རུས་ཏྲེམ་ག་བུར་བཟང་དྲུག་ཙན་དན་དཀར། །ཤིང་ཚ་བ་ལེ་ཀ་དང་པུ་ཤེལ་རྩེ། །བཅའ་སྒ་ནག་མཚུར་འགྲེལ་པ་ལ་ལར་ནག་ཚན་ཞེས་ནག་པོ་ཚནདེ་སྟེ་པི་ལིང་ཡིན་ཟེར་བ་འདུག་ཀ་ར་སྦྱར་ལ་བཏང༌། །བོང་ཁྲག་དྲོན་མོ་གླ་རྩི་སྒ་སྦྱར་རམ༌།  །བུ་རམ་སྦྲང་རྩི་མར་སྦྱར་ཏིང་ཁྲོལ་བཏང༌། །གཏར་བསྲེག་མི་བྱ་རྗེས་ལ་བཤུལ་ཆགས་ཀྱི་ཤ་བསྟེན། །གསུམ་པ་རྩ་ཏྲེམ་དང་པོ་བ་ལེ་ཀ་ཡི་ཐང༌། །དེ་འོག་གཡེར་ཆུ་བསྡུས་ཐང་བཏང་བར་བྱ། །རུ་རྟ་སེ་འབྲུ་ཤིང་ཚ་པི་པི་ལིང༌། །སྒ་སྐྱ་ཨ་རུ་ར་དང་ཁ་རུ་ཚྭ། །སྦྲང་དང་སྦྱར་བའི་ལྡེ་གུ་བཏང་བར་བྱ། །གླ་རྩི་གུར་ཀུམ་ཨ་རུ་ལི་སྒ་དོང་གྲ། །སྦྲང་རྩི་མར་དང་སྦྱར་བའི་ལྡེ་གུ་བཏང༌། །རྩ་ཡི་དྲོད་འཆོར་གཏར་ག་མི་བྱ་སྤང༌། །བཞི་བ་ཆུ་ཏྲེམ་འབྲས་བུ་ཨ་བར་སྐྱུར་གསུམ་དང་མཱུ་ལ་གསུམ་ར་ཎ་མཱུ་ལ་སྟེ་ཙི་ཏྲ་ཀའི་རྩ་བ་པི་ལིང་མཱུ་ལ་སྟེ་པི་པི་ལིང་གི་རྩ་བ་པུཥྐར་མཱུ་ལ་སྟེ་མེ་ཏོག་རྩ་བ་ཤེས་ཁམ་རུས་དང་གསུམ་ནི་མཱུ་ལ་གསུམ་ཞེས་ཟེར། །འུ་སུ་ཚ་བ་གསུམ་དང་ཚྭ་སྣ་རྒྱ་རྒྱམ་ཁ་གསུམ། །སྦྲང་རྩི་མར་དང་སྦྱར་བའི་ལྡེ་གུ་བཏང༌། །ཨ་རུ་རྒུན་འབྲུམ་འུ་སུ་ཤུ་མོ་ཟ། །ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང་སྦྲང་རྩི་མར་སྦྱར་བཏང༌། །བྱིན་གཞུག་རྩ་གཏར་ཚ་བ་བྱང་བ་དང༌། །བཅོ་ལྔ་བཅུ་དྲུག་དཔྱི་མིག་གར་བབས་བསྲེག །ཆུ་རྒྱུས་འཁུམས་ན་བསྐུ་མཉེ་དྲག་ཏུ་བྱ། །ལྔ་བ་ཏྲེམ་དཀར་ཆང་ནང་ཤིང་ཚ་ལི་དོང་གྲ་སྒ་སྨུག། །སྦྲང་སྦྱར་རྩ་བའི་ཟན་ཆང་བཏང་པའི་རྗེས་རང་བྱུང་གི་ཆུ་ལུམས་བྱ། །ར་མཉེ་བ་སྤྲུ་ཉེ་ཤིང་སྦྲང་མར་སྨན་མར་བསྟེན། །དྲུག་པ་ཏྲེམ་ནག་ཨ་རུ་ཆུར་བསྡུས་ཞག་འགར་བཏང༌། །གུར་ཀུམ་དུར་བྱིད་དན་རོག་ལྕུམ་རྩ་ཤྲི་ཁནྚ་པི་པི་ལིང་སྟར་བུའི་བཤལ་བྱ་གུར་གུམ་བཤལ་ཟེར་བ་འདི་ཁ་ཅིག་ཏུ་གུར་གུམ་དུར་བྱིད་ཤྲི་ཁཎྚ་ཨ་རུ་ར་བ་བ་སྤྲུ་པི་པི་ལིང་རུ་རྟ་རྣམས་ཀྱང་བཤད་པ་དང་གཟེ་མའི་སྨན་མར་སྦྱར། །ཀུན་ལ་སྐྱེད་ཆུང་རུས་རྩ་གཏར་བ་དང༌སྤྱིར་རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར།  ཞེས་གསུངས་ལ། དམིགས་བསལ་ནི་གཡུ་ཐོགས་ཞབས་ཀྱིས་པུས་མོའི་གཉའ་གོང་ནས་གྱེན་དུ་མཁྱིད་གང་བཅལ་བར་སོར་གསུམ་བཤག་དེ་ན་རྩ་ནག་པོ་གྲོ་སོག་ཙམ་ཞིག་ཡོད་པ་དེ་ལ་ཁྲག་ཕུས་གང་འདོན་ཞེས་གསུངས་འདུག་པ་ཟབ་པར་གོ་ཡང་དེང་སང་སྨན་པ་རྣམས་ལ་དེ་འདྲའི་སྐད་ཆ་མི་གདའོ སྙུག་མའི་གྲོང་གཟེབ་ཏུ་བཅུག་ལ་དེའི་ཁ་དམ་པར་བཅིང་ལན་མང་དུ་ཕར་སྒྲིལ་ཚུར་སྒྲིལ་བྱ། །ནད་པར་རྟ་ལ་བསྐྱོན་ཏེ་མི་ཤེས་པར་གསང་ལ་ཐོག་རྒྱག་ཏུ་ཆུ་ནང་དུ་སྐྱུར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གྲུམ་བུའི་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།