སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།



ལེའུ་གྱ་ལྔ་པ།  བྱང་ཁོག་སྟོད་སྨད་གསོ་བ། 

སྐེ་རྨ་གསོ་བའི་ལེའུ་གསུངས་ཚར་བའི་རྗེས་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་གསན་པར་བོས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། བྱང་ཁོག་གི་སྟོད་དང་སྨད་གཉིས་ལ་མཚོན་ཕོག་ན། དེ་ལ་རྨའི་རྟགས་དང་དེ་བཅོས་པའི་ཐབས་སོགས་ཇི་ལྟར་དུ་བགྱི་བ་ཞེས་འདྲི་ཞིང་ལུས་ཅན་གྱི་ཚེ་སྲོག་འཚོ་བར་མཛད་པ་སྨན་པའི་རྒྱལ་པོས་གང་ཡིན་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་དང༌། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་དེ་ལན་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་བརྟན་པོས་ཉོན་ཅིག་ཅེས་གདམས་ཏེ། དེ་ཡང་འདོད་ཁམས་པ་ཁམས་དྲུག་ལྡན་འགྲོ་བ་མིའི་ལུས་ཞེས་བྱ་བ་དེའི་ནང་ཚན་སྐེ་མན་སྣེ་ས་ཡན་གྱི་བར་མཆིན་དྲིས་བཅད་པའི་བྱང་ཁོག་སྟོད་སྨད་དེ་ལ་རང་བཞིན་གྱི་གནས་ལུགས་དང་མཚོན་སོགས་ཕོག་པའི་རྟགས་དང༌། དེ་གསོ་བའི་ཐབས་དང་།  ལོག་གནོན་རྗེས་བཅད་དང་བཞིའོ། །

དེ་ཡང་དང་པོ་བྱང་ཁོག་དེའི་གནས་ལུགས་ལ་ཡང་རྣམ་པ་དྲུག་ཡོད་དེ། གང་ཞེ་ན་བརྟེན་པ་རུས་པའི་གནས་ལུགས་བསྟན་པ་དང༌། དེ་ལ་གཡོགས་པའི་ཚུལ་དུ་ཤ་ལྤགས་ཀྱི་གནས་ལུགས་བསྟན་པ་དང༌། གཉན་པ་དོན་ལྔ་དང་སྣོད་དྲུག་གི་གནས་ལུགས་བསྟན་པ་དང༌། དེ་དག་རྣམས་ལ་ས་དཔྱད་འདི་ན་འདི་ཞེས་ཡུལ་གྱི་གནས་ལུགས་བསྟན་པ་དང༌། ལུས་དེ་ལ་དྲ་བ་ལྟར་ཕར་འབྲེལ་ཚུར་འབྲེལ་དུ་ཡོད་པ་རྩའི་གནས་ལུགས་བསྟན་པ་དང༌། རྒྱ་སྐར་ཞེས་ཁང་པའི་སྒེ་ཁུང་སོགས་ལྟ་བའི་གསེང་གི་གནས་ལུགས་བསྟན་པ་དང་དྲུག་གོ།

དེ་ཡང་དང་པོ་ལུས་འདི་རྟེན་པར་བྱེད་པ་རུས་པའི་གནས་ལུགས་ནི། སྒལ་ཚིགས་འཕང་ལོ་ཉི་ཤུ་རྩ་བརྒྱད་ཡོད་པ་ལས། ཡར་གྱི་ལྔ་སྐེ་རྨ་གསོ་བར་བཤད་ཟིན། བར་གྱི་ཉི་ཤུ་དང་མར་གྱི་གསུམ་མཇུག་ཐུང་སྟེ་ཉེར་བརྒྱད་ཡིན་ཀྱང་འདིར་བར་གྱི་ཉི་ཤུ་དང༌། བྲང་རུས་ལྷ་བ་ཅན་གྲུ་བཞི། རྩིབ་མ་ཉི་ཤུ་རྩ་བཞི། རྩིབ་མའི་སྣ་ལྷ་རུ་རྩེ། སྒྲོག་རུས་གཉིས། དཔྱི་གཉིས་དང༌། སོག་པ་གཉིས་གཞུག་ཆུང་གསུམ་པོ་ལོགས་སུ་བགྲངས་པ་སྟེ་རུས་རིགས་སྐབས་འདིར་བརྒྱད། ཚིགས་པ་ལ་ཚིགས་པའི་རུས་པ་དངོས་མཁར་དང་མཁར་གྱི་མཚམས་དང༌། གཡས་གཡོན་དུ་གཤོག་པ་ལྟར་བཏགས་པ་བྱ་འདབ་དང་གསུམ་མོ། དེ་དག་གིས་ནི་ལུས་ཀྱི་གཞི་རྟེན་ཞིང་དེ་ཡང་དཔེར་མཚོན་ན་གུར་ཕུབ་པ་དང་འདྲའོ། །

ལུས་རྟེན་པར་བྱེད་པའི་རུས་པ་དེ་ལ་གཡོགས་པ་ཤའི་གནས་ལུགས་བསྟན་པ་ནི། སྒལ་ཚིགས་པའི་འདབ་ཀྱི་བཤུལ་ཤ་ནག་པོ་ཕྱི་ནང་གཉིས་ཞེས་ཕྱི་ན་གཉིས་དང་ནང་ན་གཉིས། བྲང་གི་ངོས་ན་ནུ་ཤ་འཁོར་བ་གཉིས། སོག་པའི་སྟ་ཟུར་གྱི་རྟ་ཤ་གཉིས། མཆན་ཁུང་གཞག་ཤ་མདུན་ངོས་དཀར་པོ་གཉིས་དང་རྒྱབ་ངོས་ནག་པོ་གཉིས་ཏེ་རྐང་གྲངས་སུ་རྣམ་པ་གཉིས། ཐལ་གོང་སྟེ་ཕྲག་པའི་སྟེང་ན་གཉའ་ཤ་ནག་པོའི་གནད་ཅེས་གཉའ་བའི་ཤ་ནག་པོ་གཉིས་གཉའ་འཁོར་ཅེས་སོག་པའི་རྩིབ་ལོགས་ངོས་ཀྱི་ཁ་འཁོར་ཏེ་སོག་པའི་ཁ་འཁོར་འདར་ཤ་ཁུགས་པའི་གནད་གཉིས་དང་སོག་པ་མེ་ལོང་གི་མཐིལ་གྱི་འབྲོས་ཤ་སྟེ། མེ་ལོང་སྟེང་ན་འབྲོས་ཤ་ཁྲ་བོའི་གནད་ཅེས་གསུངས་པའི་འབྲོས་ཤ་གཉིས་ཏེ། དེ་ལྟར་བསྟན་པ་དེ་རྣམས་རྐང་གྲངས་སུ་དྲིལ་ནས་ཤ་རིགས་བཤད་ན། བཤུལ་ཤ་གཉིས། ནུ་ཤ་གཅིགརྟ་ཤ་གཅིགགཞག་ཤ་གཉིས། གཉའ་ཤ་གཉིས་དང་འདར་ཤ་གཉིས། འབྲོས་ཤ་གཅིག་སྟེ་དགུ་པོ་དེ་དག་རྣམས་སུ་མཚོན་ལ་སོགས་པ་ཕོག་ན་གཞན་དུ་བྱེར་ཞིང་སྐྲངས་པའི་གནད་དུ་བསྟན་པ་ཡིན་ནོ། །

གཉན་པོ་དོན་ལྔ་དང་སྣོད་དྲུག་གི་གནས་ལུགས་བསྟན་པ་ནི། སྙིང་ནི་རྒྱལ་པོ་ལྟར་ཀུན་གྱི་གཙོ་བོར་གྱུར་པ་སྟེ་ཚེ་སྲོག་སེམས་ཀྱི་རྟེན་ནོ། །གློ་བའི་བུ་ལྔ་ནི་མདུན་དུ་གནས་ཏེ་རྒྱལ་པོའི་སྲས་ལྟར་ཡུལ་གཉན་ཅིང་དྲུང་དུ་གནས་པའོ། །གློ་བའི་མ་ལྔ་ནི་རྒྱབ་ཏུ་གནས་ཏེ་བློན་པོ་ལྟར་གྱི་རྒྱབ་ནས་སྐྱོར་བའི་ཚུལ་ལོ། །གློ་བ་མའི་པང་དུ་སྙིང་གནས་པ་ནི་མས་བུ་ཐོགས་པ་དང་འདྲའོ། །མཆིན་དྲི་དཀར་པོ་ནི་བྱང་ཁོག་སྟོད་སྨད་བར་བཅད་པས་དར་དཀར་གྱི་ཡོལ་བ་འདྲའོ། །དེ་དང་འབྲེལ་བའི་མཆིན་པ་ནི་བྲག་གཡང་གཟར་པོ་འདྲ་བ་གྱེན་དུ་བསླང་ཞིང་གནས་སོ། །མཆེར་པ་ནི་མཐའ་མཐུག་ཅིང་དཀྱིལ་སྲབ་པ་དབྱིབས་གྲོ་ཕྱེའི་མཁུར་བ་དང་འདྲའོ། །མཁལ་མ་གཡས་གཡོན་མཁལ་འབྲས་གྱེན་དུ་ལངས་ནས་གྱད་ཀྱིས་གདུང་འདེགས་པ་དང་འདྲའོ། །ཕོ་བ་ནི་ཟས་སྐོམ་སྣོད་དེ་སྟོད་ཆེ་སྨད་ཕྲ་སྲུལ་ཀྲོང་མོ་བཞི་ཡོད་པ་དབྱིབས་ལ་ཕུག་སུལ་བཞི་པ་དང་འདྲའོ། །མཁྲིས་པ་ནི་མཆིན་པ་དང་འབྲེལ་བས་དེའི་འདབ་ཕོ་མཆིན་གྱི་བར་ན་གནས་ཤིང་མདོག་དབྱིབས་གསེར་རྐྱལ་བཀལ་བ་དང་འདྲའོ། །ལོང་ག་ནི་རྒྱུ་མ་དང་འབྲེལ་ཞིང་སུམ་ཁྱོག་དབྱིབས་གསེར་སྦྲུལ་ལ་ལྕག་གིས་བྲབས་པ་འདྲ་བར་འཁྱིལ་ནས་གནས་པའོ། །རྒྱུ་མ་སྟོད་སྨད་ནི་ཕོ་བ་དང་འབྲེལ་བ་དབྱིབས་ཡུར་བ་ཆུས་བཀང་བ་དང་འདྲའོ། །གཉེ་མ་ནི་ལོང་དང་འབྲེལ་བ་ལ་དེ་ཡང་དབྱིབས་གཡང་ཟན་གྱི་རིལ་བུས་བསྐོར་ནས་མར་ཁུ་བླུགས་པ་ལ་གཡང་བཞག་བསྐོར་བ་ཞེས་པ་དེའམ་ཕུབ་ཀྱི་སྤ་འཁོར་དང་ཡང་འདྲའོ། །ཚིལ་ཤུབས་དཀར་ནག་ནི་སྙིང་གི་ཚིལ་ཤུབས་དཀར་ནག་དང་དོན་སྣོད་ཀྱི་ཁྱད་ཀྱི་མི་ནོར་ཞིང་རྒྱུ་དཀར་དང་ཅུང་ཟད་འཁྲུལ་ནའང་གཤམ་བཅོས་སུ་བཤད་པའི་གཞང་དུ་དཀར་ནག་དབྱིབས་ལྕགས་སྦྲུལ་བསྟར་ལ་དཀྱུས་པ་འདྲའོ། །ལྒང་ཕུག་གི་ཁ་ནི་ཐུར་དུ་བལྟས་ལ་ཆུ་རྐྱལ་དང་འདྲའོ། །བསམ་སེའུ་ནི་རྩའི་མདུད་པ་ཤའི་རྨེན་བུ་དང་འདྲ་སྟེ། དེ་དག་རྣམས་གཉན་པས་མཚོན་ལ་སོགས་ཕོག་ན་འཆི་བའི་གནད་དུ་བསྟན་ནོ། །

དོན་སྣོད་རང་རང་གི་བགོ་བྱའི་སྐལ་བས་མཚམས་སུ་བཅད་པ་སོ་སོའི་ཡུལ་གྱི་གནས་ལུགས་ནི་ཞེས་ངེས་པར་བཟུང་བའི་དོན་ཏེ། དེ་ལྟར་མ་རྟོགས་ན་ནང་དུ་དོན་སྣོད་ཀྱི་ཆེ་ཆུང་དབྱིབས་གནས་ཡུལ་སྒལ་ཚིགས་ཀྱི་ཚིགས་ཁ་གསང་སོགས་གར་ཡོད་མི་རྟོགས། དེ་མ་རྟོགས་པས་ན་ནང་གི་ནད་གང་ཡོད་རྟོགས་ཀྱང་མེ་ཐུར་དཔྱད་སོགས་བྱེད་མི་ཤེས། དེ་ལྟར་མ་ཤེས་པས་ནད་པར་ཕན་ཐོགས་དཀའ་ཞིང་གནོད་པའང་སྲིད་དེ། གང་ཞེ་ན་སོ་མ་ར་ཛར། ཚད་ཀྱི་ལྷག་ཆད་ཤེས་པའོ་ཞེས་དང༌། ལྷག་པ་དང་ནི་ཆད་པ་ནི། །སྟོབས་ཉམས་ལུས་ནི་འཇིག་པའོ། །སྟོབས་རྣམས་ཉམས་ཤིང་ཞིག་པས་ན། །རྐྱེན་གྱི་འདུ་བ་རྣམ་བཞི་སྟེ། །གདོན་དང་སྤྱོད་ལམ་མཚོན་དང་ནི། །རྟེན་འབྲེལ་ཉམས་པས་གློ་བུར་ནད། ཁ་ཟས་རྣམས་ཀྱིས་རྐྱེན་བྱས་པའི། །འཆི་བའི་རྐྱེན་དང་ན་བའི་ནི། །རྐྱེན་ནི་འདི་ལྟར་བརྟག་པར་བྱའོ། །ཞེས་དང༌། ཕྱི་རྒྱུད་དུ། སྨན་པའི་ལག་དགྲ་སྤང་ཕྱིར་རྩ་གནད་གཅེས། །དེ་ཕྱིར་བྱང་ཁོག་ཡུལ་ཚད་ཡིད་ལ་བཟུང༌། །ཞེས་སོགས་རྒྱ་ཆེར་གསུངས་པས་ན་འདི་ལ་ནན་ཏན་དུ་བསླབ་དགོས་ལ། དེ་ལ་ཡང་མཛོད་དུས་འཁོར་སོགས་ནས་སོར་ཁྲུ་སོགས་ཀྱི་བརྩི་ཚུལ་མང་དག་ཏུ་གསུངས་པ་དང༌། དེར་བརྟེན་མཁས་དབང་རྣམས་བཞེད་པ་མི་འདྲ་བ་སོགས་མཐའ་ཀླས་པ་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་སྐབས་བཻ་ཌཱུར་དཀར་པོ་མ་བུར་གསལ་ལ་སྐབས་འདིར་གསོ་བ་རིག་པར་ཡང་སྨན་དཔྱད་ཟླ་བའི་རྒྱལ་པོ་ནས་སོར་བཞི་ལ་ཐུར་གང་བྱེད་པ་སོགས་དུ་མར་བཤད་ཅིང་ད་ལྟ་ཕལ་ཆེར་ནི་ཕུན་སོར་དུ་བྱེད། ཆག་གང་ཞེས་པ་ཁུ་ཚུར་ལ་མཐེབ་མོའི་ནེ་ལེ་རེག་པའི་སོར་ལྔའམ་ཕྱེད་ལྔར་བཞེད་པ་མཛུབ་མཐེབ་མཛུབ་བརྐྱང་པའི་བར་ལྷག་ཁེངས་པ་གང་མཛུབ་ཏུ་བྱེད་པ་མཁྱིད། དེ་ལས་ཀྱང་རིང་བར་བཞེད་པ་སོགས་འཁྲུལ་པ་དུ་མ་མཆིས་པ་རྣམས་དོར་བའི་སྙིང་པོར་དྲིལ་བ་རང་ཉིད་ཀྱི་ལག་པའི་མཐེ་བོང་གི་ཚིགས་བར་ནས་སེན་མོའི་དྲེག་པ་ཡོད་མེད་ཀྱི་མཚམས་དེར་ཚོན་ཞེས་བྱ་བ་ཡིན་ལ། དེ་ཕྱེད་ལ་རང་སོར། དེ་ཕྱེད་ལ་ཕུན་དུ་འདོད་ལ་སོར་དེ་ཉིད་བཞི་ལ་ཆག་གང༌། ལྔ་ལ་མཁྱིད་གང༌། དྲུག་ལ་མཛུབ་གང༌། བཅུ་གཉིས་རེ་ལ་མཐོ་གང༌། མཐོ་དོ་ལ་ཁྲུ་གང༌། ཁྲུ་དེས་མི་ལུས་ཚད་དང་ལྡན་པར་ཁྲུ་བཞི་དང་མིའུ་ཐུང་ལ་ཕྱེད་བཞིར་དཔངས་སུ་བཞེད་ལ་ཞེང་དུ་རང་ཁྲུ་བཞི་མེད་པ་ཆེར་མི་འོང་ཞིང་དེ་དག་ཚད་ལྡན་དང་མ་ལོངས་པ་གང་དུའང་འདུ་བ་སོགས་ཤས་ཆེ་ཆུང་གི་དབང་གིས་ལ་ལ་སྟོད་ཆེ། ལ་ལ་སྨད་ཆེ། ལ་ལ་རྐེད་པ་རིང་བ་སོགས་མཐའ་ཅིག་ཏུ་མ་ངེས་པ་འབྱུང་ཡང་སྤྱི་ཁྱབ་ཀྱི་ཚད་ཁོང་དུ་ཚུད་རྗེས་ཤུགས་སམ་ཞར་དུ་རྟོགས་པས་ན་དང་པོ། །དེ་ནས་བྱང་ཁོག་སྟོད་དང་སྨད་ཀྱི་མཚམས་མཆིན་དྲིས་དབྱེ་བ་བྱེད་པ་ཡིན་ཏེ་ལྷེན་སྣ་དང་བྲང་རུས་འབྲེལ་མཚམས་དེ་མདུན་ངོས་སྐེ་སྟོང་ནས་ཚིགས་པའི་ཚོད་ཚོན་བདུན་གཞལ་བ་ནས་ཚིགས་པ་ཕྱེད་བཅུ་གཅིག་པའི་ཐད་བར་དང༌། དེ་ནས་རྒྱབ་ཚིགས་པ་བཅུ་གསུམ་པར་ཆུ་བབས་ཏེ་རིམ་གྱིས་གཞོལ་བའམ་དམའ་བའི་ཐིག་བཏབ་པ་ཇི་ལྟར་དུ་ཡོད་སྙམ་ན་ནི་མཆིན་དྲི་ནག་པོའི་ཡུལ་ཡིན་ཏེ། མཆིན་པ་དང་འབྲེལ་བའི་ཤ་མཐུག་པ་དེ་ཡིན་ཞེས་རྫང་འཕྲང་སོགས་སུ་བཤད། རྒྱབ་ཀྱི་ཚིགས་པའི་མཁར་བཟུང་བརྒྱད་པ་ནས་རིམ་གྱིས་ཚིགས་པ་དགུ་པའི་ཐད་བར་གཞོལ་བའི་མདུན་ངོས་ཀྱི་རྩིབ་མ་འོག་ཐུང་ཤོས་དེ་རྩིབ་ཐུང༌། དེའི་སྟེང་མ་གསུམ་འདས་མཚམས་ཏེ་རྩིབ་རིང༌། དེའི་སྣ་ནས་གྱེན་དུ་མཆན་འོག་ངོས་སུ་ཚོན་གང་གི་ས་དེ་ནས་ཆགས་པའི་རྣམ་གཞག་དགུ་པོ་ནས་ལྷེན་རུས་མཚམས་སུ་འཐེན་པས་ཐིག་འོག་དེ་སྟེང་འོག་ཡོལ་གྱིས་བཅད་པ་ནི་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དུ་བྱས་པ་དེ་ནི་མཆིན་དྲི་དཀར་པོའི་ཡུལ་ལོ། །འདི་དང་འཕྲུལ་གྱི་ལྡེ་མིག་ཏུ་རྒྱབ་ཀྱི་ཚིགས་པ་བརྒྱད་དང་མདུན་གྱི་ལྷེན་རུས་འབྲེལ་མཚམས། རྩིབ་རིང་གི་སྣ་ནས་གྱེན་དུ་སོར་གསུམ་བཅལ་བ་ཆུ་བབས་སུ་ཐིག་བཏབ་པ་མཆིན་དྲིའི་འདོགས་མཚམས་ཡིན་ཞེས་པ་དང་ཡང་མཐུན། མཆིན་དྲིའི་ཁུག་པ་ནི་རྒྱབ་ཀྱི་ཚིགས་པ་བརྒྱད་པ་དང་བཅུ་གསུམ་པའི་བར་ཟུར་གྱི་རྩིབ་རིང་སྟེང་ན་ཤ་མིན་པགས་མིན་དཀར་པོ་དང་ཤ་གནག་ནག་པོ་གཉིས་འདོམ་པའི་མཚམས་ཏེ་བཏབ་པ་ལ་ནང་སྟོད་ལ་ཆེར་མི་མངོན་པ་ལྟར་ཡོད་པས་ཁུག་པའི་ཁྲ་བོར་འདོད་དོ། །བྱང་ཁོག་སྟོད་དང་སྨད་དོན་སྣོད་ཀྱི་ཡུལ་སྐལ་ཐིག་གིས་བཅལ་བ་ནི་ལུས་མི་འཁྲུལ་བའི་ཕྱིར་ཁད་མཉམ་སྟེ་ཁོད་སྙོམས་པོའི་གདན་ནམ་སྟན་ལ་ལུས་ལེགས་པར་བསྲངས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་སྒལ་ཚིགས་དྲང་པོར་བསྲངས་ལ་མགྲིན་པ་ཡིད་ཙམ་སྒུར་ཞིང༌། དཔུང་པ་གཉིས་རྒོད་གཤོག་ལྟར་ཕྱིར་དགྱེ་ཞིང་ལག་མགོ་གཉིས་མཉམ་གཞག་བྱས་ཀྱང་འཐུས་རུང་བྲིས་ཆ་དང་ཅབས་མཐུན་ཁྱད་པུས་མོར་བཀབ་པ་ལ། མདུན་དང་རྒྱབ་ཀྱི་དཔུང་ཚིགས་མཚམས་ཀྱི་ལག་པ་འགུལ་བསྐྱོད་བྱས་ན་འཛུམ་ཤིག་ཤིག་འོང་བ་དེ་ལ་དཔུང་འཛུམ་ཞེས་བྱ་སྟེ། དེ་གཉིས་ནས་རྒྱབ་ཀྱི་ཚིགས་པ་དང་པོ་མདུན་གྱི་སྐེ་སྟོང་ཙ་ར་ཁུང་སྟེ་སྟོང་རུས་ཀྱི་སྟེང་དུ་བཟུང་སྟེ་ཐིག་ལན་གཉིས་འཕྲེད་དུ་གནམ་ཐིག་གདབ་ལ། དེ་རྗེས་ཚངས་ཐིག་ནི་སྒལ་ཚིགས་ཉེར་བརྒྱད་བཤད་པའི་ལྔ་སྐེའི་ཁོངས་སུ་གཏོགས། གསུམ་གཞུག་ཐུང་དུ་གཏོགས་པ། ཟླ་བའི་རྒྱལ་པོར། སྒལ་རུས་ཉི་ཤུ་རྩ་གསུམ་ལས། །ལྷག་པ་དག་ཀྱང་སྲིད་པས་སོ། །ཞེས་པ་དང་ཡང་མཐུན་ལ། དེ་ཡང་མགོ་བོ་སྒུར་བྱས་ན་གསལ་པོར་ཐོན་པ་དེ་ལ་ཨན་སྟོང་ཞེས་བཤད་པ་དེ་ནས་གཞུག་གུ་ཆུང་གི་བར་དང་མདུན་གྱི་སྐེ་སྟོང་དེའི་དབུས་ནས་མཚན་མའི་སྟེང་གི་བར་མདུན་བྲང་གཞུང་དང༌། རྒྱབ་སྒལ་གཞུང་གཉིས་སུ་མ་འདུས་ཏེ་མ་ཡོ་ཞིང་མ་འཁྱོགས་པར་དྲང་པོར་གཞུང་ཐིག་གདབ་པར་བྱ་བ་དང༌། སྟོད་ན་གློ་བ་མ་བུ་སྙིང་དང་གསུམ་ལས། གློ་མ་རྒྱབ་ལ་གནས་ཤིང་སྙིང་དང་གློ་བུ་རྣམས་མདུན་ལ་གནས་སོ། །རྒྱབ་ཚིགས་པ་བཞི་པ་ནས་ཚིགས་པ་གསུམ་པའི་ཐད་དྲང་གཡས་གཡོན་ལ་གྱེན་གསེགས་སུ་ཆག་གང་བཅལ་བའི་ས་ལ་ཕན་ཚུན་གྱི་རྩེ་བྱས་ཐིག་གདབ་པའི་རྩེ་དང༌། ཚིགས་པ་བརྒྱད་པ་ནས་དགུ་པའི་ཐད་ཀར་ཐུར་གསེགས་ལ། མར་ཕབ་པ་མཛུབ་གང་བཅལ་བའི་ས་ནས་གྱེན་གསེགས་དང་ཐུར་གསེགས་ལ་ཐིག་གདབ། དེའི་མཐའ་གཉིས་སྦྲེལ་ནས་གྲུ་བཞིར་འོང་བའི་ཐིག་གདབ་ལ། དེའི་རྗེས་སུ་ཚིགས་པ་བཞི་པ་དང་བརྒྱད་པ་གཉིས་ཀྱི་སྟེང་འཕྲེད་དུ་ཐིག་རེ་གདབ་ལ་གྲྭ་དེ་ཟུར་བཞིར་བཅད་པར་བྱའོ། །དེ་ལྟར་ཐིག་བཏབ་པ་དེའི་དཀྱིལ་དབུས་མ་སུམ་ཆ་མཐའ་སུམ་གཉིས་འོང་བ་བཅལ་བ་དེའི་གྱེན་ཐུར་དུ་ཐིག་གདབ་ཅིང་འཕྲེད་ཐིག་དཀྱིལ་དབུས་བཅལ་བའོ། །དེ་ལྟར་ཐིག་གིས་བཅལ་བའི་ཚིགས་པའི་གཞུང་ཐིག་དབུས་སུ་བཞག་པའི་སྟོད་ཀྱི་གཡས་གཡོན་གྱི་གྲྭ་གཉིས་སྟག་མགོདབུས་ཀྱི་ཐིག་བར་གོང་མ་གཉིས་སྒང་སྟོད། འོག་མ་གཉིས་སྒང་སྨད། གཡས་གཡོན་མཐའི་གྲྭ་གཉིས་རྩིབས། དེ་ནས་རིམ་གྱིས་གཤམ་གཉིས་དང༌། ཟགས་སྣ་གཉིས་ཏེ་ལྔ་པོ་འདི་ནི་གློ་བ་མ་ལྔའི་ཡུལ་དུ་འདོད་པ་ཡིན་ནོ། །ནུ་མ་གཉིས་ས་ནང་དུ་ཚོན་རེ་བསྐུམ་པའི་ས་དང༌། སྐེ་སྟོང་ནས་ཐུར་དུ་སོར་བཞིའི་འོག་མདུན་ངོས་ཀྱི་ཚིགས་པ་གསུམ་པའི་ཐད་ལ་རྩེ་བྱས་གྲུ་གསུམ་ཐིག་གདབ་པའི་དབུས་ན་རྒྱལ་པོ་ལྟ་བུའི་སྙིང་གི་ཡུལ་ཏེ་སྙིང་གནས་སོ། །ནུ་མ་གཉིས་དང་སྐེ་སྟོང་ནས་སོར་དོ་ཐུར་དུ་བཅལ་བ་མདུན་ངོས་ཚིགས་པའི་ས་བཅད་གཉིས་པའི་མཚམས་གྲུ་གསུམ་ཐིག་གདབ། དེ་ནས་སྙིང་ཡུལ་གྱི་གྲུ་གསུམ་དེའི་རྩེ་མཚམས་ལ་འཕྲེད་ཐིག་འཐེན་པའི་གྲུ་གསུམ་དེ་ནི་གློ་བུ་མཛོ་སྣའི་ཡུལ་དང་དེ་ཉིད་ནི་སྙིང་གི་རྩེ་ན་གནས། དེ་ལྷག་གཡས་གཡོན་ལ་ཕྱེད་ཐིག་བཞིར་བགོས་པའི་ཚོན་རེའི་ཡུལ་ནི་སྟེང་མ་བྱ་སྒབ་གཉིས་དེའི་འོག་མ་ཐུགས་ཁབ་གཉིས་ཀྱིས་སྙིང་གི་གཞོགས་གཡས་གཡོན་ནས་སྐྱོར་བ་འདྲ་བ་དང༌། དེའི་འོག་མ་གཉིས་རྟེ་མིགདེའི་འོག་མ་དགྲ་ལྕེ་གཉིས་ཀྱིས་སྙིང་གི་གཤམ་ནས་སྐྱོར་བའི་ཚུལ་གྱིས་གནས་པ་ནི་གློ་བ་བུ་ལྔ་པོ་དེ་རྣམས་སྙིང་གི་མཐའ་ལ་བསྐོར་ནས་གནས་པ། ཐ་མ་དེ་དག་ནི་གློ་བུ་ལྔ་དང་དབུས་སྙིང་གི་ཡུལ་དུ་འདོད་པ་ཡིན་ནོ། །ནུ་མ་གཉིས་ནས་ཕྱིར་ལ་མཆན་ཁུང་གི་ངོས་སུ་སོར་གཉིས་བཅལ་བ་དེ་ནས་སོར་གང་ཐུར་ལ་བཅལ་བ་ནས་ཚོན་རེ་གཡས་གཡོན་དུ་ཕྱིར་གཞལ་བ་དང་སྐེ་སྟོང་གི་ཙ་ར་ཁུང་དུ་གྲུ་གསུམ་དུ་ཐིག་གདབ་པ་ནི་རྒྱབ་ཀྱི་གློ་བ་མའི་མདུན་བུ་ལས་ལྷག་སྟེ་གློ་བའི་མ་ལྔའི་མཐའ་ཆགས་གནས་པ་ཡིན་ནོ། །ཡུལ་ཐིག་དེའི་གློ་མའི་མཐའ་ཆགས་ཀྱི་ཐིག་གིས་མས་ཟུར་དེ་ནས་གྱེན་ལ་དྲང་པོར་སྒྲོག་རུས་སུ་ཐིག་གདབ་པ་དེས་མཆིན་དྲིའི་སྟེང་སྒྲོག་རུས་ཀྱི་འོག་སྟོང་པར་གནས་པ་དེ་ནི་ཕུག་རོན་ཤོང་བས་ཕུག་རོན་གྱི་གསང་ངམ་སྟོད་གསང་ཕྱལ་མོར་གྲགས་པའོ། །སྐེ་སྟོང་ནས་སོར་བཅུ་གཉིས་གཞལ་བའི་སའམ་མདུན་ངོས་ཚིགས་པའི་རྣམ་གཞག་བདུན་པའི་གཞུང་ཐིག་ནས་གཡས་གཡོན་དུ་སོར་དྲུག་རེ་གཞལ་བའི་སར་ནུ་མ་གཉིས་དེ་ནས་བྲང་དཀྱིལ་དུ་གཞུང་ཐིག་སར་ཐིག་འཐེན་པའི་ཐིག་ཚད་དེ་མདུན་གྱི་ཚིགས་དམིགས་དགུ་པའི་ས་ལྷེན་སྣའི་རྩེ་ནས་ཕོ་བའི་ཟུར་རྩིབ་མ་ཡོད་མེད་ཀྱི་མཚམས་ཚིགས་པ་བཅུ་གཅིག་པའི་ཐད་གཡས་གཡོན་དུ་སོར་དྲུག་རེ་གཞལ་བའི་ས་གཉིས་སུ་འཐེན་ལ། དེ་ནས་ལྟེ་བ་ནི་དེ་ཡང་ལྟེ་བ་ལོང་དང་བཅས་པ་ནི་རྒྱབ་སྒལ་ཚིགས་པ་བཅུ་དྲུག་པར་ཡོད་ལ། མི་ལུས་སྒུར་སྟབས་ཀྱི་དབང་གིས་མདུན་ཕྱོགས་ནས་སྐེ་སྟོང་ཚིགས་པ་དང་པོར་བཟུང་ཚིགས་པའི་ཚད་ཚོན་རེས་བཅལ་བ་ནི་བཅུ་གསུམ་པར་ལྟེ་བ་འོང་བ་སྨན་ཐང་པའི་ཆ་ཚད་དང་མཐུན་ལ་རྒྱབ་མདུན་སྒུར་སྟབས་ཀྱི་དབང་ལྟེ་བའི་ཐད་ཚོན་གསུམ་གྱི་ཤུགས་རྒྱུགས་པ་སྔོན་ཆད་ཡུལ་ཐིག་མཁན་པོ་སོགས་ཀུན་གྱིས་ཀྱང་མ་རྟོགས་པ་ལ་བརྟེན་བརྗོད་དོན་སྣ་ཚོགས་པ་མཆིས་ཀྱང་དེར་ནི་འཁྲུལ་པ་མེད་པ་མྱོང་བས་གྲུབ་ལ། དེ་ལྟར་གྱི་ལྟེ་བར་གདབ་པ་སྟེ་གཡས་གཡོན་གྱི་སྣེ་སྦྲེལ་ལོ། །ཐིག་དེ་བཞིན་བཏབ་པའི་ནང་དུ་དཔངས་སུ་ལྟེ་བ་ནས་ཡས་ལྷེན་སྣེའི་བར་ལ་སྲིད་དུ་རང་སོར་བརྒྱད་ཞེང་དེ་གཡས་གཡོན་འཕྲེད་ཞིང་དུ་རང་སོར་བཅུ་གཉིས་ཡོད་པ་སྟེ་དེ་ནི་ཁ་ཟས་ཀྱི་སྣོད་ཕོ་བའི་ཡུལ་དུ་བཤད་པ་ཡིན་ནོ། །ལྷེན་རུས་ཀྱི་དབུས་སམ་ཚིགས་པའི་རྣམ་གཞག་བརྒྱད་པའི་ཐད་ནས་གཡས་ངོས་སུ་ཚོན་གང་བཅལ་བ་ནས་ལག་གཡས་གུང་མཛུབ་གཉིས་ཀྱིས་རྣ་བ་གཡས་ཀྱི་རྣ་ཤལ་བཟུང་བའི་གྲུ་མོས་ཕོ་བའི་དཀྱིལ་ནས་རྒྱབ་ཏུ་ལུས་གནད་མ་འཕྱུགས་པར་གང་སླེབས་པའི་ས། ངོ་བོ་ནི་ཚིགས་པ་བརྒྱད་པ་དང་ལྷེན་རུས་ནས་ཚོན་གང་བཅལ་བའི་འཕྲེད་ཐིག་གི་འོག་དེ་མཆིན་དྲི་ལ་མཆིན་པ་འདོགས་མཚམས་དང༌། དེ་ནས་གྲེ་མོས་གར་སླེབས་མཆིན་པའི་ཡུལ་ལོ། །དེ་ཡང་གྲུ་མོའི་གཤམ་དང་མཆིན་པའི་གཤམ་ཡང་མཉམ་ཞེས་མཁས་པ་དག་གསུང་ངོ༌། །མདུན་གྱི་རྩིབ་མ་འོག་མ་སྟེ་མདུན་ངོས་ཚིགས་པའི་རྣམ་གཞག་ཕྱེད་བཅུ་གཉིས་པའི་ཐད་དང་རྒྱབ་བཅུ་བཞི་པའི་ཐད་ལ་རྩིབ་ཐུང་གཡོན་པའི་སྣེ་ནས་ཕོ་བའི་ཟུར་དུ་མཛུབ་གང་བཅལ་བ་ནི་མཆེར་པའི་འདོགས་མཚམས་དང་དཔངས་སུ་ནི་རང་སོར་ལྔའི་ས་ནི་མཆེར་པའི་ཡུལ་དུ་འདོད་དོ། །དེ་ཞེང་སོར་ཕྱེད་གསུམ་ཙམ་ལས་ངོ་བོ་ནི་མཆིན་དྲིའི་འོག་ལ་གནས། ཕོ་བ་ལ་གསང་དགུ་ཡོད་པའི་དབུས་མ་ལྷེན་སྣེའི་རྩེ་ནས་ཚོན་དོ་བཅལ་བའི་ས་ནས་གཡས་སུ་རང་སོར་བདུན་བཅལ་བ་ན་མཁྲིས་པའི་འདོགས་མཚམས་སོ། །དཀྱུས་སུ་རང་སོར་དྲུག་དང་ཞེང་དུ་སོར་གསུམ་ནི་སྣོད་མཁྲིས་པའི་ཡུལ་ལོ། །ངོ་བོ་ནི་མཆིན་པའི་ནང་ངོས་སུ་ཕལ་ཆེར་གནས་ཤིང་སོར་གང་དོ་ཙམ་མཆིན་པའི་གཤམ་དུ་ཐོན་པ་དབྱིབས་འཛོལ་ཁུག་དང་འདྲ་བ་མིག་ལམ་དུ་སོན་པས་ངེས་གྲུབ་བོ། །ལྟེ་བའི་གོང་དང་འོག་ཏུ་ཚོན་རེ་རེས་ཀྱི་དཔངས་སུ་ཚོན་དོ་དཀྱུས་སུ་རང་ཚོན་བརྒྱད་འོང་བའི་ཐིག་གདབ་པ་ནི་ལོང་གི་ཡུལ་ཡིན་ལ། དེ་ཡང་ཆ་གསུམ་དུ་བགོས་པའི་ཁྲག་ལོང་ནི་གཡས་ན་གནས་ཤིང༌། སྲིན་ལོང་ནི་གཡོན་ན་གནས་ལ། རྩམ་པ་སྟེ་ཟས་ཀྱི་ལོང་ནི་དབུས་ན་གནས། ལར་ལོང་དབྱིབས་གསུམ་འཁྱོག་ཏུ་ཡོད་པ་ལ་གཡས་གཡོན་དབུས་དང་བཅས་པའི་ཐ་སྙད་བྱས་པ་ཡིན་ཏེ། དེ་གསུམ་ག་ནང་སྦུབས་འབྲེལ་པར་ཡོད་ཅིང་གསུམ་འཁྱོག་གི་རྣམ་པ་ལ་མིང་སོ་སོར་བཏགས་པ་ནི་མངོན་སུམ་དུ་གྲུབ་བོ། །དེ་ལྟར་བཤད་པའི་ལོང་གི་ཐིག་ཚད་འོག་མ་དེ་ནས་ཚོན་དོ་སྟེ་ཐོག་མར་རང་ཚོན་གང་བཅལ་བ་ནི་རྒྱུ་སྟོད། དེ་ནས་ཚོན་གང་བཅལ་བ་ནི་རྒྱུ་སྨད་ཀྱི་ཡུལ་ཏེ་དཀྱུས་ཚད་ནི་ལོང་དང་མཉམ་མོ། །དེའི་འོག་ཏུ་རྒྱུ་སྟོད་རྒྱུ་སྨད་ཀྱི་ཐིག་ཟུར་དེ་ནས་མཚན་མའི་སྟེང་དུ་གྲུ་གསུམ་དུ་བུམ་ཁའི་དབྱིབས་ཀྱི་ཐིག་བཏབ་པའི་སར་ལྒང་པ་མདུན་ལ་ཁ་ཐུར་དུ་བལྟས་པ་ཆེ་བའི་དུས་དཔངས་སུ་ཚོན་གསུམ་རྒྱུ་མའི་འོག་ཏུ་གནས་པ་དང༌། གཉེ་མའི་འཁོར་ཏེ་རྒྱབ་ཚིགས་པ་བཅོ་བརྒྱད་པ་ནས་གཡས་གཡོན་དུ་སོར་བརྒྱད་རེ། དེ་ནས་གཞང་མིག་ཏུ་ཐིག་བཏབ་པ་གཞང་གི་ཡུལ་དུ་བཤད་པའི་སྟོད་ཆར་གནས་པའི་ཡུལ་ལོ། །ཚིགས་པ་བཅུ་བཞི་པའི་གཡས་གཡོན་རེར་ཞེང་སོར་བདུན་དང༌། དེ་གཉིས་ཀྱི་ཁྱོན་སོར་བཅུ་བཞིའི་དཔངས་སུ་སོར་ལྔ་པོ་དེ་མཁལ་མའི་ཡུལ་སྐལ་ཡིན་ཏེ། དེ་ཡང་བཅུ་བཞི་པ་ནས་ཚོན་གང་གཞལ་བ་ནས་ཞེང་ཚོན་གང་དཔངས་སོར་ལྔ་སྟེ། དེ་རྣ་བའི་མཐའ་ལ་སྲད་བུས་བསྐོར་བ་དང་མཉམ་པ་མཁལ་འབྲས། དེ་ནས་མཁལ་ཚིལ་ལ་ཚོན་གང་ཡིན་ལ། དེ་ཡང་མདུན་ཟུར་ནས་བརྩིས་ན་རྩིབ་ཐུང་འོག་ན་གནས་ཞེས་གསུངས་པ་ལྟར་རོ། །བསམ་སེ་ནི་ལྟེ་བ་ནས་གཡས་གཡོན་དུ་འཁྱིལ་བ་མཁལ་མ་གཡོན་དང་འབྲེལ་ཞིང་ཚིགས་པ་བཅུ་གསུམ་པའི་འོག་ན་གནས། དེ་ནས་ཕོ་བའི་བར་སྣ་དང་འབྲེལ་བར་བཤད་ལ། ཤུགས་ལས་མངལ་ལམ་དཀུའམ་བུ་སྣོད་ནི་མོ་ལ་བསམ་སེ་དང་སྟོད་སྨད་འབྲེལ་བ་ཚིགས་པ་བཅུ་གསུམ་པ་རོ་སྟོད་དང་སྨད་བཅོ་ལྔ་པའི་བར་ཐད་ཀྱི་ནང་ངོས་ན་གནས་ཤིང༌། ངོ་བོ་ནི་ལྒང་པ་ལྟར་ཆེ་ཆུང་བྱེད་པ་ཞིག་གོ། འདིའི་རྟགས་བཅོས་ཕལ་ཆེར་ནི་བསམ་སེ་དང་མཐུན་པར་བཞག་སྣང་ལ། དེ་ཡང་ཟླ་བའི་རྒྱལ་པོ་ནས། །བསམ་སེ་ཞེས་བྱ་འཛག་སྣོད་དེ། །ཆེ་ཆུང་བྱེད་པ་ལྒང་པ་འདྲ། །ཞེས་དང༌། གྲོགས་ནི་བསམ་སེའི་རྩ་དག་སྟེ། །དབང་རྟེན་དངོས་བཟུང་མི་ནུས་ཏེ། །སྟོང་དང་གང་བ་ལྟ་བུའམ། །སྐྱེས་པའི་མངལ་ནི་སྟོང་པར་ཞར། །འདོད་པའི་ས་བོན་བྱུང་ན་གང༌། །མོ་གནས་བུ་སྣོད་སྟོང་ན་ཆུང༌། །བུ་ཆགས་གང་ན་ཆེ་བར་འགྱུར། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །འདི་དག་ནི་གཞུང་ལུགས་འདི་ཉིད་ནས་གསུངས་པ་ལུང་རིགས་ཀྱིས་བསྒྲུབ་པའི་ཡུལ་ཐིག་རྣམ་པར་དག་པ་ཡིན་ལ་དངོས་སུ་ཕུང་པོ་ལ་སོགས་པར་བལྟས་པའི་ཚེ་སྤྱིར་ནད་གདོན་གྱི་དབང་གིས་མི་འདྲ་ཙམ་དང་ནད་སྙོམས་པ་ཕལ་ཆེར་ལ་བྲིས་ཆ་ཟུར་པ་ལྟར་སྙིང་ཕོ་མོར་མ་ལྟོས་པར་གཡོན་ཕྱོགས་སུ་རྩེ་ཐུར་ལ་བསྟད་པ་དང་མཆིན་དྲི་དཀར་པོའི་སྣེ་ཐུར་དུ་བསྟད་པ་ཕོ་བའི་ཕལ་ཆེར་མཆིན་པས་ཁེབས་པ་དེ་འོག་མཆེར་པ་བཅས་ཕོ་བ་ཆེར་མི་མངོན་པ་དང་ལོང་ནས་ལྒང་པའི་ཐད་བར་རྒྱུ་མས་ཁེངས་པ་སོགས་བྲིས་ཆ་ཟུར་གསལ་ལྟར་ནད་མེད་ཕལ་ཆེར་མཐུན་པར་འབྱུང་བ་ནི་རྣམ་པར་ཤེས་པ་མ་བསྡད་པ་དང་ནད་དངོས་སུ་མེད་ཀྱང་འདུ་བ་འཁྲུགས་པ་རླུང་དང་ཟས་རྣམས་ཀྱིས་ཞོམ་པ་སོགས་ཀྱི་སྐྱོན་ཏེ་དེ་ཡང་ལྟོ་སྟོང་དུས་གནད་མཚོན་ཕོག་ཀྱང་སྐྱོན་ཆེར་མི་འབྱུང་བ་མྱོང་ཅན་གླེང་བ་སོགས་ནས་གཞུང་ལུགས་འདི་ཉིད་ལ་ཀླན་ཀ་མི་རུང་ངོ༌། །དེ་ལྟར་ཚུལ་འདིའི་ཡུལ་གྱི་ཐོབ་སྐལ་ལེགས་པར་སོ་སོར་ཕྱེ་སྟེ་བསྟན་ནས།

ད་ནི་ལུས་ལ་དྲ་བ་ལྟར་འབྲེལ་བ་རྩའི་གནས་ལུགས་ཕྱི་རྩ་དང་ནང་རྩ་གཉིས་ལས་ནང་རྩ་སྲོག་རྩ་དཀར་པོ་དང་ནག་པོ་གཉིས་རྩའི་སྡོང་པོ་ལྟ་བུ་ཡིན་ཏེ་དེ་གཉིས་ཀྱང་ནག་པོ་མདུན་དང་དཀར་པོ་ནི་ཐུར་དུ་ཟུག་ནའང་གཉིས་ཀ་དཔེའི་དབང་གིས་སྒལ་པའི་ནང་གཞུང་དུ་ཐང་ཤིང་བསླང་བ་འདྲ་སྟེ། དེ་ཡང་བཤད་རྒྱུད་དུ། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས། །ཞེས་པས་དེའི་མར་སྣ་དངོས་གཞི་ནི་ལྟེ་འོག་སོར་བཞིའི་ཐད་དུ་གནས་ཏེ་འོག་ཏུ་རྩའི་རྒྱལ་པོ་སྲོག་རྩ་བཅོས་པ་ནི། ལྟེ་འོག་སོར་བཞི་ཞེས་དེ་བསྲེག་པ་མར་སྣ་བགག་པའི་དོན་དང༌། འདི་མན་ཆད་གསང་བར་འབྲེལ་ཞིང༌། ཡར་སྣ་ཨན་སྟོང་ཐད་དུ་གནས་པ་རྒྱུ་མཚན་ནི་ཕྱི་རྒྱུད་ཐུར་མར་སྲོག་རྩའི་གསང་ས་བཤད་པའི་སྐབས་སུ། སྐེ་སྟོང་ཅ་ར་ཁུང་དང་རྣམ་པ་ལྔ། །ཞེས་འབྱུང་བས་ལྟེ་འོག་དང་སྐེ་སྟོང་ཐད་ནི་རྩའི་ཕྲ་སྦོམ་མཚམས་ཡིན་པས་སྣེ་མོར་བཞག་ལ། གཞན་ཡང་རྩ་དཀར་པོའི་རྩེ་སྟེང་དུ་སོང་ནས་ཀླད་སྙིང་དབུས་སུ་གནས་པ་ལ་མགོ་རྨ་གསོ་སྐབས། ཀླད་རྩ་ཆེན་པོ་ཆོད་ན་བཅོས་སུ་མེད། །ཅེས་སོགས་འབྱུང་ཞིང་འདི་ག་ལ་སྔགས་ཀྱི་སྦྱར་བཤད་ཐུན་མོང་མ་ཡིན་པ་བསྟན་ན་དོན་ལ་གནས་མོད་ཀྱང་མང་བའི་དོགས་པས་རེ་ཞིག་གསོ་རིག་ལྟར་བཀྲལ་བ་དང༌། དེ་ལས་ཡལ་གའི་ཚུལ་གྱི་རྩ་ཕྲན་ནི་སྟོད་སྨད་ཀུན་ཏུ་གྱེས་ནས་ཡོད་དེ་ཚིགས་པ་གསུམ་པ་ནས་རྩ་གསུམ་མདུན་གྱི་ངོས་སུ་བྱུང་ལ་དེ་གསུམ་པོའི་དབུས་ཀྱི་རྩ་དེ་ལས་སྙིང་ནི་འབྲས་བུའི་ཚུལ་དུ་གནས་ཤིང་སྙིང་གི་ཕྱི་ཤ་དཀར་ནག་མཚམས་སུ་སུལ་གསུམ་ཡོད་པས་དབུས་མའི་ནང་ན་རྩ་ལྔ་ཡོད་པའི་རླུང་གིས་གང་བའི་རྩ་ཀ་ཏི་ཀ་ཤེལ་གྱི་སྦུ་གུ་ཅན་དབུས་སུ་གནས་རྟེན་དེ་ལ་བརྟེན་པ་རླུང་གི་སྲོག་ཆེན་པོའི་རླུང་གི་རྣམ་ཤེས་ནི་ཀུན་གཞིའི་རྣམ་ཤེས་རིག་པ་ནི་གཞི་འཛིན་པའི་ངོ་བོ་རང་བཞིན་ཐུགས་རྗེ་སུམ་ལྡན་གནས། རྩ་དེའི་རྒྱབ་མདུན་གཡས་གཡོན་ཕྱོགས་བཞིར་རླུང་ཁྲག་འདྲེས་པའི་འཕར་རྩ་བཞི་གནས་ལ། དེ་ལྟར་རླུང་རྩ་རྐྱང་མ་དབུས་དང་རླུང་ཁྲག་འདྲེས་པའི་རྩ་བཞི་ཕྱོགས་བཞིར་གནས་པའི་རྩ་ཆེན་ལྔ་རྩ་ཕྲན་དང་བཅས་པ་དེ་ལ་བརྟེན་ནས་རླུང་སེམས་རྣམས་ཀྱི་རང་བཞིན་བྱེད་པའི་མཐུ་ནས་སྲོག་རྩར་ཕར་འཕྲོས་ནས་ལུས་ཀུན་ཁྱབ་པས་སྣང་ཚུལ་བསམ་གྱིས་མི་ཁྱབ་པས། སྙིང་ནི་རྒྱལ་པོ་ཚེ་སྲོག་སེམས་ཀྱི་རྟེན། །ཞེས་གསུངས་པ་ལྟར་སྲོག་རྩ་ལུས་ཀུན་དུ་ཁྱབ་པའི་ངེས་པས་སོ་སོའི་གནས་སུ་ཁམས་རྣམས་ཕྲད་པས་རྟེན་འབྲེལ་སྙིང་དུ་སྨིན་ཅིང་ཕན་ཚུན་རྟེན་འབྲེལ་གྱིས་ཚོགས་རྩ་ལ་བརྟེན་པ་སྟེ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པར། རྩ་ཆེན་རྩ་བ་སྙིང་ལ་གནས། །དེ་དག་ཀུན་གྱིས་ལུས་ཀུན་ཁྱབ། །དངས་མའི་བདག་ཉིད་མདངས་སུ་འགྱུར། །དེ་ནི་ཕྲ་བར་ཀུན་ཏུ་འབྲེལ། །རྩ་བ་སྦོམ་ཞིང་རྩེ་རབ་ཕྲ། །ལོ་མའི་རྩ་ལྟར་གྱེས་པ་ཡིན། །ཞེས་དང༌། འདི་དང་ཕྱོགས་མཐུན་པ་སྨན་དཔྱད་སོ་མ་ར་ཛ་ནས་བཤད་པ་སོགས་ཡོད་ཀྱང་མངས་དོགས་དེ་ཙམ་དང༌། གོང་གི་ཚིགས་པ་གསུམ་པ་ནས་དོན་པའི་གཡས་གཡོན་གྱི་རྩ་གཉིས་ནི་གློ་བུའི་ཧྲལ་གཉིས་ལ་ཟུག་ཅིང་དེ་ལས་གྱེས་པའི་གློ་བའི་ནང་རྩ་ཤིན་ཏུ་མང་བས་སོག་མའི་ཕོན་པོ་པགས་པ་གཡོགས་པ་འདྲ་ཞིང་གསོག་པས་ནད་འཇུག་པ་སླ་ཞིང་རྩ་མིག་མང་བས་ནད་གདོན་པ་དཀའ་བས་ཡུན་བསྲིང་དགོས་པའོ། །སྲོག་རྩ་དེའི་ཡལ་ག་རྣམ་པ་གཉིས་ལག་པར་རྒྱུ་བ་ནི་ལག་པ་གཡས་གཡོན་དུ་བལྟ་རྩ། རྩ་རེ་དང་བླ་རྩ་རེ་རེ་རྒྱུ་སྟེ་དེ་ཡང་ཚུལ་ཇི་ལྟར་རྒྱུ་ན་སྨན་དཔྱད་ཟླ་བའི་རྒྱལ་པོར། བཞི་དང་ལྔ་ནས་གྱེན་ལ་རྒྱུགལག་པ་རྩེ་ཆུང་སྐེ་རུ་གྱེས། །རུས་སྟེང་མཁར་ཐོག་གཅིག་ཏུ་འོང༌། །ཞེས་གསུངས་ཚིགས་པ་བཞི་ལྔའི་ཐད་ནས་རྩ་བཞི་སྙིང་དང་འབྲེལ་པ་ལག་པར་རྒྱུ་སྟེ་གཅིག་ཕྱིར་མངོན་པ་མཆན་ཁུང་དུ་རྔུལ་འདུ་གཅིག་ཕྲག་པ་བརྒྱུད་སོང་བ་དང་གྲུ་མོའི་ནང་ཁུགས་ལ་ཨ་སོ་ལི་ཀ་དེ་གཉིས་འདོམ་པར་རླུང་རྩའི་འཁོར་ལོ་གཅིག་རུས་འབུར་དུ་སོང་བ་བལྟ་རྩའི་སྙིང་རྩ། དེ་ནས་རྒྱབ་མཐེབ་མཛུབ་ཀྱི་བར་ནས་དོན་མཛུབ་ཆུང་འོག་ཏུ་སོང་བ་མགུལ་རྩ། གཅིག་པོ་རླུང་རྩའི་འཁོར་ལོ་ནས་གྱེས་ཏེ་མར་ཟུར་ཆུ་བའི་གསེབ་ཏུ་འཕར་བ་བླ་རྩར་གྲགས། དེ་ལག་མཐིལ་དུ་སོང་བ་སྲིན་ལག་བསྐུམ་ནས་གང་སླེབས་པ་དེ་མྱུར་བ་དེ་དང་ཅིག་ཤོས་ལག་མཐིལ་དུ་ཕྲད་པར་མེའི་འཁོར་ལོ་རྩ་དེ་ལ་རྐྱང་པ་ཅིག་ཤོས་ལ་ཁུག་པ་སོགས་ཟེར་བ་དེ་རྣམས་ལ་ཟླ་བའི་རྒྱལ་པོ་སོགས་ཀྱི་ལུང་ཁུངས་སྦྱོར་རྒྱུ་ཡོད་ཀྱང་མདོར་བསྡུས་སུ་བཀོད་ཅིང༌། རྩེ་ནག་གཉིད་ལོག་རྩ་གཉིས་གཉིས་ཏེ། དེ་བཞི་ནི་ཚིགས་པ་བཞི་ལྔའི་ཐད་ནས་མགོ་ལ་ཡར་གྱེས་པའི་ཚུལ་སྐེ་མགོའི་ལེའུར་བཤད་པ་ལྟར་གྱི་རྩེ་ནག་ལ་བལྟ་རྩ་དང་གཉིད་ལོག་ལ་བླ་རྩའི་ཆ་མཐུན་པས་དེ་གཉིས་ཕྲད་པའི་སྤྱི་བོ་ཚངས་པ་དུང་གི་འཁོར་ལོ་ཞེས་གྲགས་པ། ཚིགས་པ་དགུ་ནས་རྩ་གཉིས་དོན་པ་མཆིན་པར་ཟུག་དེ་ནས་མཆིན་པ་འདོགས་མཚམས་ཀྱི་ལུང་ཆེན་དང་མཆིན་དྲི་ནག་པོར་འབྲེལ། དེ་བཞིན་ཚིགས་པ་བཅུ་གཅིག་པ་ནས་མཆེར་པ། བཅུ་བཞི་པ་ནས་མཁལ་མ། བཅུ་གསུམ་པ་ནས་བསམ་སེར་འབྲེལ། ཚིགས་པ་བཅུ་བཞི་པ་ནས་སྲོག་རྩ་དེ་གཉིས་གཉིས་སུ་གྱེས་གཅིག་སྣེ་སར་དོན་པར་སྙིང་རྩ་མིག་དམར། དེ་ནས་རྐང་པ་གཉིས་ལ་འབྲེལ་བར་རྒྱུ་ཚུལ་ནི་གཅིག་དཔྱི་དང་སྣེ་སའི་བར་བརྒྱུད་པ་དང་སྣེ་སར་དོན་པ་གཉིས་པུས་མོའི་གཉན་གོང་དུ་འདོམ་པར་ཆུའི་འཁོར་ལོ། །དེ་ནས་གྱེས་ཏེ་གཅིག་སྒབ་ཁུང་དུ་དོན་པར་སྒབ་རྩ་ནག་པོ། དེ་ནས་ནང་ལོང་དུ་དོན་པར་ལྕགས་ཀྱི་སྲན་མ། དེ་ནས་རྐང་མཐིལ་དུ་དོན་པར་བཞག་འདྲ། ཅིག་ཤོས་གྱེས་པ་ནས་ངར་གདོང་དུ་དོན་པར་གསེར་རྩ་ཀ་གདུང༌། དེ་ནས་བརྒྱུད་བོལ་གོང་དུ་དོན་པར་མགུལ་རྩ་ནག་པོ། རྐང་མཐིལ་དུ་དོན་པར་མཐིལ་འཕྲོགདེ་ཅིག་ཤོས་དང་ལྷན་དུ་འདུས་པར་ཀུན་གཞིའི་འཁོར་ལོ་ལ་བལྟ་རྩ་མགུལ་རྩ་བླ་རྩའི་ཚུལ་དེ་ཀུན་གཞི་འཁོར་ལོ་སྲོག་རྩ་གཉིས་སྲོག་རྩ་དཀར་ནགདེ་ལས་གྱེས་པའི་དོན་ལྔ་དང་སྣོད་དྲུག་གི་ནང་རྩ་རྣམས་ནི་འབྲལ་འབྲེལ་མང་བས་ཐག་པ་འཛིངས་པ་དང་འདྲའོ། །དོན་སྣོད་ལས་ལུས་ཀྱི་ཕྱིར་དོན་པའི་རྩ་ནི་བྱང་ཁོག་སྟོད་ལ་སྙིང་དང་འབྲེལ་བའི་རྩ་དྲུག་ཡོད་དེ་གང་ཞེ་ན་བྲང་རུས་ཀྱི་གཡས་གཡོན་ནས་ནུ་མའི་མདུན་ཚོན་དོ་བཅལ་བའི་ས་ན་མར་སྙིང་གི་རྩ་ཕྲ་ཁབ། དེའི་ཐད་ཀྱི་གོས་ལ་མཐོང་ཆུང་ངམ་མཐོང་གར་ཁབ་བཙུགས་པ་དང་འདྲ་བ་གཉིས་གྱེན་ལ་འགྲེང་ངོ༌། །སྒྲོག་རུས་པའི་དཀྱིལ་ནས་ཐུར་དུ་ཚོན་གང་བཅལ་བ་ན་སྙིང་རྩ་དངུལ་གྱི་འབུ་རུ་ཞེས་གཟེར་བཏབ་པ་འདྲ་བ་མགོ་འབུར་ཙམ་གཉིས། ནུ་མའི་སྟེང་འོག་གཡས་གཡོན་སོགས་སྒོར་མར་ཚོན་རེ་བཅལ་བ་ན་བུ་རྩ་ཨ་ལོང་ལྟར་འཁོར་བ་གཉིས་ཡོད་ཅིང་དེ་ལྟར་བཤད་པ་ནི་སྙིང་རྩ་དྲུག་གོ། གློ་བ་མ་དང་བུའི་ཕྱིའི་རྩ་ཉི་ཤུ་རྩ་བཞི་པོ་དེ་རྣམས་རེ་རེ་ནས་གང་ཞེ་ན་གཡས་སུ་བཅུ་གཉིས་དང་གཡོན་དུ་བཅུ་གཉིས་ཡོད་དེ། གློ་མ་རྩིབ་ལས་བྱུང་བའི་ཚིགས་འགྲམས་གཉིས་ནི་ཚིགས་པའི་གཡས་གཡོན་གྱི་ཚོན་རེ་དང་ཕུན་རེའི་ས་ནས་སྟོད་སྨད་ཀུན་ཏུ་རྒྱུ་བ་ཡིན། དེ་ཚིགས་པ་བཞི་པའི་ཐད་ཀར་དོན་དམིགས་ཡིན་པས་གཉན་ལ་དེ་ནས་གཡས་གཡོན་སོ་སོ་ནས་ཡས་སུ་རེ་དང་ཕྱོགས་རེར་རེ་སྟེ་བཞིར་གྱེས་ཏེ་གཉིས་ནི་ཕྲག་པར་བཀལ་ནས་བྲང་དུ་འགྲིམས། གཉིས་ནི་ལྟག་པའི་ཆུ་ལེབ་འདབ་ནས་མགོ་ལ་འགྲོ་སྟེ་ལྟག་རྩ་ནག་པོའང་ཟེར། རྩ་དེ་ཚིགས་པ་བཅུ་གསུམ་པའི་ཐད་མཆིན་དྲི་ཡན་ཆད་གློ་བ་དབང་བས་གློ་རྩ་ཞེས་བརྗོད་པ་དང༌། དེ་མན་ཆད་མཁལ་མའི་རྩ་ཡིན་ཅིང་ཁྱད་པར་བཅུ་བཞི་པའི་ཐད་ཀར་ཚོན་རེ་ཕུན་རེའི་ས་ནས་མཁལ་མའི་རྩ་ནག་ཅེས་སུ་གྲགས་སོ། །དེ་ནས་ཕྱོགས་རེར་མས་སུ་རེ་དང་གཡས་གཡོན་དུ་རེ་སྟེ། བཞིར་གྱེས་ཏེ་གཉིས་ནི་དཔྱི་སྟེང་དུ་དོན་ལ་དཔྱིའི་ཁ་གཟར་མཁལ་རྩ་ན་གུ་ཞེས་བྱ། དེ་ནས་བརླ་སྒང་དུ་ཐོན་པར་མཁལ་རྩ་རུས་ཞེན་བྱ་བ་སྣེ་ས་ནས་ནང་ངོས་སུ་བརྒྱུད་ནས་མཚན་མ་དང་ལྒང་པར་འབྲེལ། ཡང་རྩ་གཉིས་ནི་བཅུ་བཞི་པའི་ཐད་ནས་ཐུར་དུ་གཅིག་བྱུང་མཇུག་ཐུང་བརྒྱུད་ནས་གནས། གཅིག་བརླའི་ཕྱི་སུལ་དུ་རྒྱུ་བར་མཁལ་རྩ་རྐང་འདེགས་ཞེས་བྱའོ། །གློ་མ་རྩིབ་ལས་བྱུང་བའི་ཚིགས་འགྲམས་གཉིས་ནི་ཚིགས་པ་བཞི་པའི་གཡས་གཡོན་ཚོན་རེར་གནས། གློ་མ་སྒང་ལས་བྱུང་བའི་ནང་རྒྱུག་གཉིས་ནི་ཚིགས་པ་དྲུག་པའི་ཐད་སོར་ལྔའི་ཐད་ཀྱི་ས་ན་གནས། གློ་མ་སྟག་མགོ་ལས་བྱུང་བའི་གྲོག་རྐེད་གཉིས་ནི་ཚིགས་པ་བརྒྱད་པའི་ཐད་སོར་བདུན་པ་ན་གནས། གློ་མ་ཟགས་སྣ་ལས་བྱུང་བའི་དགེ་དོར་གཉིས་ཚིགས་པ་བཅུ་པའི་ཆག་གང་ཞེས་སོར་བཞིའི་ས་ན་གནས་སོ། །གློ་མ་གཤམ་ལས་བྱུང་བའི་འགྲེང་བུ་གཉིས་ནི་ནུ་མ་གཉིས་ཀྱི་ཐད་དྲང་ནས་སྒྲོག་རུས་འོག་ཏུ་འགྲོ་ལ་དེ་ལྟར་བཤད་པའི་མ་རྩ་རྣམས་རང་རང་གི་ཚིགས་སར་གཉན་ནོ། །གློ་བུ་ཐུགས་ཁབ་ལས་བྱུང་བའི་རྩ་ཕྱིར་རྒྱུ་གཉིས་ནི་ནུ་མ་ནས་མཆན་ཁུང་ངོས་ཚོན་རེའི་ས་ནས་སྒྲོག་ཆར་འགྲོ་བ་ནི་སྐེ་སྟོང་ཕྱོགས་ཀྱི་སྒྲོག་རུས་འབྲེལ་མཚམས་སོ། །གློ་བའི་བུ་མཛོ་སྣ་ལས་བྱུང་བའི་བསྣོལ་མ་ཞེས་པ་གཉིས་ནི་ཕྱིར་རྒྱུག་གི་ས་སྟེ་ནུ་མཆན་ངོས་ཚོན་གང་བཅལ་བའི་རྩ་དེའི་ས་ནས་བྱུང་སྟེ་སྒྲོག་རུས་ཀྱི་ཆར་གཡས་པས་གཡོན་བསྣོལ་ཞིང་གཡོན་པ་གཡས་ཀྱི་སྒྲོག་ཆར་བསྣོལ་ལོ། །གློ་བུ་བྱ་སྒབ་ལས་བྱུང་བའི་གཟེར་མགོ་གཉིས་ནི་མཆན་འོག་ནས་ཕྱི་ནང་མདུན་རྒྱབ་ངོས་དང་གྱེན་ཐུར་དུ་ཆག་གང་སར་གནས་སོ། །གློ་བུ་དགྲ་ལྕེ་ལས་བྱུང་བའི་ཟང་མ་གཉིས་ནི་མཆན་ཁུང་འོག་ཕུགས་ནས་ཐོན་ཏེ་དྲང་པོར་ལྷེན་སྣར་འཕྲོད་པའི་རྩིབ་རིང་གི་སྟེང་དུ་འགྲོའོ། །གློ་བུ་རྟེ་མིག་ལས་བྱུང་བའི་སྔོན་བུ་གཉིས་ནི་སོག་པའི་མེ་ལོང་གཉིས་ཀྱི་དཀྱིལ་ཀྱི་འོག་ན་སྦྲུལ་འཁྱིལ་བ་ལྟར་གནས་སོ། །གློ་བ་མ་དང་བུ་གཉིས་སྒྲོག་པའི་ལུང་འཛིན་གྱི་ཁུག་པ་གཉིས་ནི་དཔུང་ཚིགས་ནས་མགོ་བོའི་ཕྱོགས་སུ་ཆག་གང་སྟེ་སོར་བཞི་བཅལ་ས་ནས་ཨུ་ཟུར་སྟེ་རུས་པ་ཉག་པོར་འོང་བ་དེའི་ཁར་འཕྲེད་ལ་བཀལ་ནས་གནས་སོ། །གློ་བའི་ཚང་ཚིང་ལས་བྱུང་བའི་གློ་རྩ་དུང་འབུད་གཉིས་ནི་དཔུང་པའི་ནང་ངོས་ཀྱི་རྩ་ནས་ཐུར་དུ་ཆག་གང་ས་ན་གནས་སོ། །མཆིན་དྲི་ནག་པོ་དང་མཆིན་པ་འབྲེལ་མཚམས་ནས་བྱུང་བའི་མཆིན་རྩ་ཤ་རུ་དང༌། གཡོན་མོན་རུ་རྣམ་པ་གཉིས་ནི་ལྷེན་སྣའི་འབྲེལ་མཚམས་ཀྱི་ཕུགས་གཉིས་ལས་བྱུང་སྟེ་གྱེན་དུ་སོང་བ་ནུ་མའི་དྲང་ཐད་ཀྱི་མདུན་དུ་ཚོན་དོའི་སར་གཉན་ཞིང༌། དེ་ནས་ཡར་ལ་ཆག་གང་བཅལ་བའི་ས་ནས་གཉིས་སུ་གྱེས་པ་རྩ་གཉིས་དཔུང་པ་དང་རྩ་གཉིས་རྣ་རྒྱབ་ཏུ་རྒྱུའོ། །མཆེར་རྩ་བྱ་རྐང་ནི་སོག་པ་མེ་ལོང་གཉིས་ཀྱི་དཀྱིལ་ནས་མཛུབ་གང་བཅལ་བའི་ས་སོག་པའི་གཞུག་ཟུར་དེ་ལ་རྟ་ཤ་ཞེས་བྱ་སྟེ་དེའི་གསེབ་ན་གྱེན་གསེགས་ལ་སོར་བཞི་ཙམ་ཞིག་གནས་པར་བཤད་དོ། །མཁྲིས་པའི་རྩ་གསེར་གྱི་ཆུ་མིག་ཅེས་བྱ་བ་ནི་གློ་བའི་ཚང་ཚིང་གི་གསེབ་ན་གནས་སོ། །མཁྲིས་རྩ་གསེར་གྱི་ཀ་བ་ནི་དཔུང་སོག་གི་བར་ན་གནས་ཏེ་རྩ་འདི་སྐྱོགས་རའི་ཚིགས་མཚམས་སུ་དོན་དུས་གསེར་གྱི་ཀ་བའི་གནད་ཅེས་པ་དེའོ། །ཕོ་བའི་རྩ་ལ་སྦྲུལ་གྱི་མིག་འདྲ་བ་དང་ཀ་བ་དང་བོང་རྨེད་དེ་གསུམ་ཡོད་པའི་སྦྲུལ་མིག་ནི། ལྷེན་སྣའི་རྩེ་ནས་གཡས་གཡོན་གཉིས་སུ་ཚོན་རེ་བཅལ་བའི་སར་དབྱིབས་སྦྲུལ་མིག་དང་འདྲ་བ་གཉིས། ཕོ་རྩ་ཀ་བ་གཉིས་ནི་ཕོ་དཀྱིལ་ཏེ་མེ་མཉམ་གྱི་གསང་ནས་གཡས་གཡོན་གཉིས་སུ་སོར་གསུམ་རེ་བཅལ་བའི་ས་ན་གནས་སོ། །ཕོ་རྩ་བོང་རྨེད་ནི་ལྟེ་བའི་ས་ནས་གྱེན་དུ་ཚོན་གང་བཅལ་བའི་ས་ན་འཕྲེད་ལ་གནས་པ་སྟེ་ཕོ་རྩ་གསུམ་མོ། །ལོང་རྩ་ནི་ལྟེ་བའི་ཟུར་ནས་གཡས་གཡོན་དུ་ཚོན་རེ་བཅལ་བ་ན་གནས་སོ། །རྒྱུ་མའི་རྩ་ནི་བཤད་མ་ཐག་པའི་ལོང་གི་རྩ་དེའི་མཇུག་ནས་སྣེ་ས་ཁུད་གཉིས་ན་འགྲིམས་སོ། །ཞར་བྱུང་རྒྱུ་ལོང་གི་ནང་རྩ་ནི་རང་རང་གི་འཁྱོགས་མཚམས་ནས་རྒྱུ་ཚིལ་དང་དྲ་བ་ལྟར་འབྲེལ་ལོ། །བསམ་སེའི་རྩ་གཉིས་ནི་དཔྱི་ནས་སྣེ་སར་རྒྱུའོ། །ལྒང་པའི་རྩ་ལ་ཆུ་རྩ་སྲོག་རྩ་སྲིད་རྩ་དང་གསུམ་ཡོད་ལ་དེ་ཡང་མཚན་མ་སྟེ་རླིག་པ་དང་བུད་མེད་མོ་མཚན་གྱི་དབྲག་གམ་བར་གྱི་འོག་སྒོ་ངོས་སུ་དབུས་ན་ཆུ་རྒྱུ་བས་ཆུ་རྩ་གནས་པ་དང་སྲོག་ཅེས་རླུང་རྒྱུ་ཞིང་སྲོག་གནས་པ་གཡས་དང་ཐིག་ལེ་དང་བུད་མེད་ལ་དམར་ཆ་རྒྱུ་བས་སྲིད་རྩ་གཡོན་དུ་གནས་སོ། །འདི་ལ་བཞེད་པ་མི་མཐུན་པ་མང་ཡང་རྒྱུད་ཀྱི་ཚིག་གོ་རིམས་ཀྱིས་ཀྱང་འཁྲུལ་པ་མེད་ཅིང༌། དེ་ལྟར་བཤད་པའི་རྩ་རྣམས་ཆད་པར་གྱུར་ན་ཕལ་ཆེར་འཆི་ཞིང༌། དེ་ཡང་ཕལ་ཆེར་གྱི་སྒྲས་སྨན་དཔྱད་ལེགས་ན་ཆོད་ཀྱང་མི་འཆི་བ་ཡང་ཡོད་པར་བལྟ་ཞིང་བཙན་བརྡུངས་ཞེས་བཅར་བའམ་ཐེམས་པའི་ཆོད་ཀྱང་ཉམས་པར་བྱེད་པའམ། བསྣད་ན་གྱེས་གཞི་གང་ཡིན་པ་དེ་ཉིད་དུ་རྩ་ཐིགས་སུ་འགྱུར་རོ། །

རྒྱ་མཐོངས་སམ་རྒྱ་སྐར་ཕྱེ་བ་ལྟ་བུའི་གསང་གི་གནས་ལུགས་བསྟན་པ་ནི་གསང་དེ་ལ་ཡང་རང་གསང་དང༌། མདའ་གསང་དང༌། ཕོག་གསང་དང༌། དབྱེ་བའི་གསང་དང་རྣམ་པ་བཞི་རུ་འདོད་པ་ལས། རང་བཞིན་གྱི་གསང་འདི་ལ་རྫོང་འཕྲང་དུ། ཁ་དང་འཕོངས་གཉིས་སུ་བཤད་པ་ལས། ཁ་ནི་གློ་སྦུབས་ཏེ་དབུགས་དང་ཟས་སྐོམ་གྱི་རྒྱུ་ལམ་ཡིན་པས་ཕོ་སྟོད་ཀྱི་རང་གསང་ཡིན་ལ། འཕོངས་ཏེ་རྐུབ་ནི་བཤང་བའི་རྒྱུ་ལམ་ཡིན་པས་རྒྱུ་ལོང་དང༌། མཚན་མ་ནི་གཅིན་གྱི་རྒྱུ་ལམ་ཡིན་པས་ལྒང་མཁལ་གྱི་རང་གསང་ཡིན་ནོ། །མདའ་ལམ་གྱི་གསང་ནི་སྟོད་གསང་ཕྱལ་མོ་སྟེ་ཕུག་རོན་གྱི་གསང་ལ་མདུན་རྒྱབ་ཏུ་ཐལ་མོར་ཅུར་གྱིས་འབྱིན་ཐུབ་མཆིན་དྲི་ཁུག་པའམ་ཁྲ་བོའི་བར་དེར་མཛུབ་རེ་ཐུབ་ཅིང༌། ཚིགས་པ་བརྒྱད་པ་ཡན་གྱི་སྒལ་འདབ་གཡས་གཡོན་དང༌། ནུ་རྡོག་གཉིས་ནས་མར་ཚོན་གང་གི་འོག་ཏུ་ནི། རྩ་སོར་བཞི་བཞི་སོང་ཡང་དོན་ལྔ་ལ་མི་སླེབ་ཅིང༌། མཆིན་དྲི་ཡན་སྟོད་དུ་གང་ཕོག་ཀྱང་སོར་གསུམ་གྱིས་དོན་ལྔར་མི་སླེབས་པ་དང༌། སྨད་དུ་གར་ཡང་སོར་གཉིས་ཀྱིས་སྣོད་ལ་མི་སླེབ་སྟེ་བར་ཐག་དེ་ཙམ་རེ་ཡོད་པ་ཡིན་པས་དོན་སྣོད་ལས་གཞན་ནི་མ་གཏོགས་ཤིང༌། གཞན་ཡང་ལུས་ཀྱི་སྡོད་ལུགས་དང་མཚོན་གྱིས་ཕོག་ལུགས་ཀྱིས་གསང་མེད་སར་ཕོག་ཀྱང་ཅུར་འབྱིན་ཐུབ་པ་ཞེས་གཅུས་སྟབས་ཀྱིས་གསང་དུ་འགྲོ་བ་ཡོད་ཅིང༌། གསང་དུ་ཕོག་ཀྱང་ལུས་གཅུས་སྟབས་ཀྱིས་དོན་སྣོད་ལ་སླེབ་པ་ཡོད་པས་ན་སྡོད་ལུགས་དང་ཕོག་ལུགས་བརྟག་པ་ཤིན་ཏུ་གཅེས་སོ། །མཚོན་ཕོག་པའི་གསང་ནི་ཐུར་མས་དབྱེ་བའི་གསང་རྣམས་སུ་མཚོན་ཕོག་པས་མཚོན་དེའི་ཕྱིར་རམ་རྗེས་སུ་ཁྲག་ཐོན་པས་རྣག་སོགས་ཀྱི་རྒྱུ་དོན་པས་སླར་གསང་དབྱེ་མི་དགོས་པའོ། །ནད་ཞུགས་པ་ཐུར་མས་དབྱེ་བའམ་འབྱེད་པར་བྱེད་པའི་གསང་ནི་བྱང་ཁོག་སྟོད་ལ་བྲང་གི་སྙིང་གསང་དྲུག གློ་མའི་མ་གསང་བཞི་དང༌། བུ་གསང་གཉིས་དང༌། མ་བུ་གཉིས་ཀའི་རྣག་སོགས་རྒྱུག་པའི་ཟུར་གསང་དང་རྣམ་པ་དྲུག་སྟེ། དེ་ལྟར་གསང་ས་བཅོ་བརྒྱད་ནི་རྒྱ་སྐར་འབྱེད་པ་དང་འདྲ་བར་ཤ་ལྤགས་ཀྱི་འོག་ཏུ་སྐར་བུག་ཐལ་ལེ་ཡོད་པའོ། །དེ་ལ་བྲང་གི་སྟེང་དུ་ཡོད་པའི་སྙིང་གསང་དྲུག་པོ་ནི། ནུ་མ་གཡས་གཡོན་དུ་ཕྲེད་ཐིག་འཐེན། དབུས་གཞུང་ཐིག་དང་འདོམ་པའི་རྒྱ་གྲམ་དེ་དཀར་ནག་མཚམས་ཡིན། དེ་ནས་གྱེན་དུ་ཚོན་གང་བཅལ་བ་དེ་ནས་གཡས་གཡོན་གཉིས་སུ་ཚོན་རེ་དང་ཕུན་རེ་སྟེ་སོར་ཕྱེད་བཅལ་བ་དཔལ་ཁབ་གསང་ས་ཡིན། དེ་ནས་གྱེན་སྟེང་དུ་ཚོན་གང་བཅལ་བའི་ས་ཐུགས་ཁབ་གསང༌། དེ་སྟེང་ཚོན་གང་བཅལ་བའི་ས་བྱ་རོག་མིག་སྟེ་སྙིང་གསང་དྲུག་གོ། རྒྱབ་ཀྱི་གློ་བའི་མ་གསང་རྣམ་པ་བཞི་ནི་ཚིགས་པ་བཞི་པའི་ཐད་དྲང་ནས་གཡས་གཡོན་དུ་སོར་བཞིའི་ས་ནི་གློ་བ་བྲུངས་ཁུད་རྣག་གི་འབབ་ས་ཡིན་ཅིང༌། ཚིགས་པ་བརྒྱད་ནས་དགུ་པའི་ཐད་ཀ་རུ་གཡས་གཡོན་མཛུབ་གང་རེ་ཐུར་གསེགས་སུ་བཅལ་པ་སོགས་པ་ནས་སླར་ཐུར་དུ་སོར་གཉིས་བཅལ་བའི་འོག་ཏུ་བབས་པ་རྒྱབ་གསང་རིང་མོ་ཞེས་གློ་ཡུལ་སྨད་ཀྱི་རྣག་འབབ་སའོ། །བུ་གསང་ནི་ནུ་མ་གཉིས་ནས་མཆན་ཁུང་ངོས་སོར་བཞི་བཅལ། དེ་ནས་ཐུར་དུ་སོར་བཞི་བཅལ་བ་དང༌། ནུ་མ་གཉིས་ནས་ཆག་གང་བཅལ་བ་ནི་བུའི་ཟུར་གསང་ངམ་མཆན་གསང་ཡིན་ནོ། །མ་བུ་གཉིས་ཀའི་རྣག་རྒྱུག་པའི་གསང་ནི་ཚིགས་པ་བཅུ་གཉིས་པ་དང་བཅུ་གསུམ་པའི་མཚམས་ནས་མདུན་ངོས་ཟུར་ལ་གཡས་གཡོན་དུ་ཆག་གང་ཞེས་སོར་བཞི་བཅལ་བ། མཁྱིད་གང་ཞེས་སོར་ལྔ་བཅལ་བ། མཛུབ་གང་ཞེས་སོར་དྲུག་བཅལ་བའི་ས་ཐུང་རིང་གི་ཁྱད་ཀྱི་དང་པོ་ཆག་གང༌། རྩིབ་མ་བཅུ་པའི་གོ་བར་ཐེམ་ཁ་དང་པོ། མཁྱིད་གང་ས་བཅུ་གཅིག་པའི་གོ་བར་ཐེམ་ཁ་བར་པ། མཛུབ་གང་ས་རྩིབ་མ་བཅུ་གཉིས་པའི་ས་ཐེམ་ཁ་ཐ་མ་སྟེ་བཅུ་ནས་བཅུ་གཉིས་བར་གོ་རིམ་བཞིན་དེ་ལྟར་བཤད་པའི་ཐེམ་ཁ་དང་པོ་བར་པ་ཐ་མ་གསུམ་ནི་གློ་བ་མ་བུ་གཉིས་ཀའི་རྣག་འབབ་ས་ཡིན་ནོ། །སྨད་ཀྱི་དབྱེ་གསང་ཚིགས་པ་བཅུ་བཞི་པ་ནས་གཡས་གཡོན་དུ་སོར་དྲུག་བཅལ་བ་མཁལ་མའི་རྣག་འབབ་གསང་གཉིས། ལྟེ་བ་ནས་སྣེ་སའི་དཀྱིལ་དུ་འཐེན། དཔྱི་ཟུར་ནས་མཚན་མའི་སྟེང་དུ་འཐེན་པ་རྒྱ་གྲམ་དུ་ཐིག་བཏབ་པའི་རྒྱ་གྲམ་གྱི་ས་ནི་ལྟོ་བའི་སྤྱིའི་གསང་ཡིན་ནོ། །འཕོང་གི་ཨ་ལོང་ཁ་ནས་རྒྱབ་ཏུ་སོར་བཞི་བཅལ་བའི་ས་ན་གཞང་གསང་ཞེས་བྱ་ནང་གི་རྣག་འབབ་སའོ། །འོན་ཀྱང་སྟོད་སྨད་ཀྱི་དབྱེ་གསང་འདིར་བསྟན་པ་མ་ཡིན་པའི་གཞན་དུ་ཡང་རྣག་གི་འབབ་ས་མ་ངེས་པར་ཡོད་པས་གར་བབས་རིགས་པས་དབྱེའོ། །

གཉིས་པ་ནད་ངོས་འཛིན་པ་དེ་ལ་ཡང་རྟགས་ལ་མི་གཅིག་པའི་རྣམ་པ་བདུན་དུ་ཡོད་དེ། གང་ཞེ་ན་དང་པོ་ཕོག་སའི་ཡུལ་གང་ཡིན་ལ་བརྟག་པ་དང༌། གཉིས་པ་མཚོན་གྱི་བགྲོད་པའི་ལམ་བརྟག་པ་དང༌། གསུམ་པ་ནང་དུ་བརྡོལ་དང་མ་བརྡོལ་བརྟག་པ་དང༌། བཞི་པ་ཁྲག་ངན་བབས་དང་མ་བབས་བརྟག་པ་དང༌། ལྔ་པ་དོན་སྣོད་ཟིན་དང་མ་ཟིན་བརྟག་པ་དང༌། དྲུག་པ་འཚོའམ་འཆི་བའི་ལ་ཤན་དབྱེ་བ་དང༌། བདུན་པ་དེ་དག་མདོར་བསྡུས་ཏེ་ཁ་དམར་གདགས་པར་བྱ་བ་ལས།

དང་པོ་ཕོག་ས་ཡུལ་ལ་བཟང་ངན་བརྟག་པ་ནི། ཚིགས་པའི་མཁར་དང་མཁར་མཚམས་གཞུག་རུས་གསུམ་གཉན་པ་ཡིན་ཏེ། རྒྱུངས་པར་མ་སླེབ་ཅིང་མདེའུ་མ་ལུས་ན་འཚོ་ལ། རྒྱུངས་པ་ཟིན་ནས་ལྟག་པ་དགྱེ་ལ་སྒྱིད་པ་འཁྲིལ་བ་དང་སྨད་ཞ་བའམ་འཕྱེས་ཤིང་དྲི་ཆུ་སྡོམ་ན་ཞག་བདུན་ན་འཆི། བྲང་རུས་གཉན་ཏེ་ལྷ་བ་བྱེར་ན་འབྲས་སུ་འགྲོ་ཞིང་བྱ་འདབ་དང་ལྷ་རུས་རྩེ་དང་དཔྱི་དང་སོག་པ་རྣམས་འབྲིང་ཡིན་ལ་སྒྲོག་རུས་དང་རྩིབ་མར་ཕོག་ན་ཉེན་ཆུང་ཞིང་ཟུག་གཟེར་ཆེ། ཕྱིའི་བཤུལ་ཤ་བཅད་ན་སྐྲངས་ཤིང་སྒུར་པོ་དང་ནང་བཤུལ་བཅད་ན་དགྱེ་བར་འགྲོ་ཞིང་བཞག་ཤ་དཀར་ནག་གཉིས་རྣག་གསོག་ལ་གཟེར་ཞིང་འབྱེར་བས་དེ་དག་རབ་ཏུ་གཉན་ལ། ཤ་གནད་ཕྱི་མ་ཞེས་དེ་ཕྱིན་འབྲིང་ངོ༌། །ནང་རྩ་ཀུན་དང་ཁྱད་པར་གློ་བུ་དང་སྙིང་གི་རྩ་གཉན་ཞིང་གློ་མ་དང་མཁལ་མའི་རྩ་འབྲིང་སྟེ་རྩ་གཞན་རྣམས་ཐ་མ་མི་གཉན་པའོ། །སྙིང་དང་གློ་བུ་དང་མཆིན་པ་དང་མཁལ་མ་དང་རྒྱུ་མའི་ཡུལ་རྣམས་ཕོག་པའི་སར་ངན་པར་བཤད་ལ། གློ་མ་དང་མཆེར་པ་དང་ཕོ་བ་དང་ལོང་དང་ལྒང་པའི་ཡུལ་རྣམས་འབྲིང་པོ་ཡིན་ཞིང༌། དོན་སྣོད་ཡུལ་མིན་པའི་གསང་སྟོང་པ་རྣམས་ཕོག་ས་བཟང་སྟེ་གཉན་དང་མི་གཉན་སོགས་ཕོག་ཡུལ་ལ་བརྟགས་པས་བཟང་ངན་ཤེས་ཤིང་དེའི་ཕྱིར་ན་དང་པོ་ཕོག་པའི་ས་བརྟག་པར་བྱ་བ་ཤིན་ཏུ་གཅེས་སོ། །

གཉིས་པ་མཚོན་གྱི་བགྲོད་པའི་ལམ་ལ་བརྟག་པ་ནི། ཕོག་པའི་ས་ལ་ངེས་པ་མེད་པ་གསང་སོགས་གར་ཕོག་ཀྱང་གནད་ལ་སྙེག་སྟེ་སླེབས་པའམ་ཕོག་པ་དང་གཉན་སར་ཕོག་ཀྱང་གནད་མེད་པའི་སར་འཛོམ་ཞིང་འཚེབས་པ་སྟེ་གནད་ལས་འཚེམས་པ་ཡོད་པས། རྒྱུ་མཚན་དེའི་ཕྱིར་ན་མཚོན་གྱི་བགྲོད་ལུགས་འཚེབས་མ་འཚེབས་ཤེས་པ་གཅེས་ཤིང༌། ཤ་གཤགས་པ་ལས་རུས་པ་ཕུག་པ་ཉེན་ཆེ་རུས་ཕུག་པ་ལས་རྩ་ཆོད་པ་ཉེན་ཆེ། དེ་བས་ཀྱང་དོན་སྣོད་ཟིན་པ་ཉེན་ཏེ་དེ་ལྟར་རིམ་པས་ཕྱི་མ་ཕྱི་མ་རྣམས་ཉེན་ཆེ་ཞིང༌། དེ་བཞི་ག་སྦྲགས་མར་ཕུག་པ་ནི་ངེས་པར་འཆི་བ་དང༌། གློ་བ་མ་ལ་སྟེང་གི་རྨ་འཚོ་ཞིང་འོག་གི་རྨ་ཐིགས་གསོག་པས་འཆི་ལ་དྲང་ཐད་ཀྱི་རྨ་ནི་གསོ་ཐབས་ལ་རག་ལས་པ་ཡིན་ཏེ་དེ་ཡང་རིམ་པས་འཚོ་བ་དང་པོ་དང༌། གཉིས་པ་འཆི་བ་དང༌། གསུམ་པ་གསོ་ཐབས་དང་མཚོན་ཚབས་ཆེ་ཆུང་གི་རྐྱེན་ལ་རག་ལས་པར་འགྱུར་བའོ། །གློ་སྟོད་མཚོན་ལམ་རིང་ན་རང་རང་གི་ནང་རྩ་ལ་སྙེག་ཅིང་དེ་དག་ཀྱང་མོད་དེ་འཕྲལ་ལ་ཁྲག་གིས་རང་འབྱོར་བྱུང་ན་འཚོ་བ་ཡིན་ཅིང༌། རྩ་ཁ་ཤོར་ན་ལུས་ཀུན་བུས་པ་ལྟར་སྐྲངས་པར་འགྱུར་ཞིང༌། དེ་ལྟར་བྱུང་ན་ཁྲག་གིས་བྱང་ཁོག་ཁེངས་ནས་འཆི་བར་འགྱུར་བས། དེ་ཕྱིར་རྩ་ཁ་འབུད་པའི་ཟས་གཡེར་ལྕམས་སོགས་དང་སྤྱོད་ལམ་དྲག་ཤུལ་མི་བྱ་བར་གཟབ་པ་དང༌། མཚོན་གྱི་ལམ་ཐུང་ན་རྩ་ཁ་མི་ཟིན་ཞིང་ཆུ་སེར་གྱི་ལྗིད་ནང་དུ་མི་ལྟུང་ཞེས་ཀྱང་མི་ལྷུང་བས་གསོ་བར་མཁས་ན་འཚོ་ཞིང༌། གློ་སྨད་མཚོན་ལམ་ཐུང་ཡང་ལྗིད་ལྷུང་ཞིང༌། ཆུ་སེར་གསོག་པར་འགྱུར་ལ། མཚོན་ལམ་རིང་ཡང་ནང་རྩ་ལ་ཟིན་པ་ཉུང་བས། དེའི་ཕྱིར་དོན་ལ་ཐིགས་གསོག་པས་གསོ་བར་དཀའ་ཞིང་སྦྱོང་བ་ཡིན་ནོ། །

གསུམ་པ་ནང་དུ་བརྟོལ་བ་དང་མ་བརྟོལ་བ་བརྟག་པ་ནི། ནང་བརྟོལ་བའི་ཚེ་གཏམ་སྨྲར་བཅུག་ན་ལབ་འཕྲོར་སྐད་ཀྱི་མཇུག་ཆད་ཅིང་འགྲོ་བའི་སྟངས་ཞན་པ་སྟེ། འགྲོ་ལུགས་ཤོར་བ་དང་ཁོང་པ་ལྕི་ཞིང་དབུགས་མི་བདེ་བ་དང་གློ་སོར་མང་བ་དང་ལངས་པས་མཚོན་ཁ་གཞོགས་གང་ན་བརྒྱབ་པ་དེ་ཕྱོགས་སུ་གོམ་པ་འཁྱོག་པ་དང་ཁ་ཟས་ཕོ་བས་མི་འདོད་པ་དང་ལུས་ཕྱིའི་ཟུག་ལ་ངེས་པ་མེད་ཅིང་ཁོང་པའི་ནང་དུ་ཟུག་ཆེ་ལ་སྐྲ་མཚམས་རྔུལ་བ་བཅས་རྟགས་དེ་དགུ་པོ་ཚང་ན་ནང་དུ་བརྟོལ་བ་ཡིན་ཞིང༌། གསང་སྟོང་པར་ཕོག་པ་དང་དོན་སྣོད་མ་ཟིན་ཞིང་ཁྲག་མ་ཤོར་ན་མདའ་ལམ་རིང་བར་གྱུར་ཀྱང་ཁོང་པའི་ནང་ཟུག་ཆུང་ལ་དབུགས་བདེ་བ་དང་བྱད་བཞིན་གྱི་མདངས་གསལ་ཞིང་འགྲོས་མ་ཉམས་པ་དང༌། ཚད་པ་མ་སྐྱེས་ཤིང་ཟས་ཞིམ་པའི་བྲོ་བ་ཚོར་བ་དང་སྐད་གདངས་དྲག་པ་དང་བཅས་པའི་རྟགས་དེ་ནི་ནང་དུ་བརྟོལ་བའི་དོན་སྣོད་མ་བརྟོལ་བ་ཞེས་བྱའོ། །རྩ་གཉན་ཆོད་ན་བྱད་བཞིན་ངོམས་ཞེས་ངོ་ནག་ཅིང་གདོང་པ་སྣུམ་བག་ཆེ་བ་དང༌། ལུས་ལྕི་ཞིང་སྐོམ་དད་ཆེ་ལ་དང་ག་འགག་པ་དང༌། གོ་ལོག་གི་ཉིན་མོ་གཉིད་དང་ཟུག་ཆེ་ལ་གློ་མང་སོར་བ་ནི་རྩ་ཐིགས་གསོག་པས་རྣམ་པར་མ་བརྟོལ་ཡང་བརྟོལ་བ་དང་འདྲའོ། །ཤ་གཉན་དང་རུས་གཉན་བཅད་དམ་བརྡུངས་ན་ཡང་ཟུག་གཟེར་ཆེ་བས་ནང་དུ་མ་བརྟོལ་བ་ཡང་བརྟོལ་བར་གོལ་ས་ཡོད་པས་ཞིབ་ཏུ་བརྟག་དགོས་ཤིང༌། ཕོ་བ་སྦོ་སྒྲེག་བྱེད་ཅིང་དྲི་ཆུ་སྲི་སྡོམ་དང་ལྡང་དུབ་བྱེད་པ་བྱུང་ན་བྱང་ཁོག་སྨད་ཀྱི་ནང་བརྟོལ་བའི་སྤྱི་རྟགས་ཡིན་ནོ། །

བཞི་པ་ཁྲག་ངན་བབས་པའི་རྟགས་བསྟན་པ་ནི། ཁོང་གླང་ཐབས་ལྟར་ན་ཞིང་མཆིན་དྲི་ཁུག་པ་དང་ལྷེན་འོག་གཟེར་བ་དང་ཙོག་པུར་སྡོད་མི་ཚུགས་ཅིང་སྔས་ལ་ཉལ་མི་ཤེས་པ་དང༌། ལུས་འདར་བ་དང་སྐྲ་འདབ་རྔུལ་ཞིང་སོ་ལ་དྲེག་པ་ཆགས་པ་དང༌། གྲང་བའི་ཚེ་ན་ཟུག་ཆེ་ལ་དྲོས་ན་བདེ་བར་ཚོར་བ་དང༌། ཞག་ཏུ་ལོན་ནས་ལྕེ་དང་མཆུ་དང་སོ་རྙིལ་གྱི་བཀྲག་མདངས་འཆོར་བ་དང༌། རྩ་གྲིམས་ལ་ཆུ་དམར་ཞིང་རོ་སྟོད་རྒུ་ལ་ཤེད་ཉམས་བྲི་བ་དང་བཅས་དེ་ལྟར་བཤད་པའི་རྟགས་བཅུ་བཞི་དང་ལྡན་ན་ཁྲག་ངན་འབབ་པར་ངེས། གོང་དུ་ས་བཅད་སྐབས་ཁྲག་ངན་བབས་མ་བབས་ཞེས་བསྟན་ཞིང་འདིར་བབས་རྟགས་ལས་ཤུགས་ཀྱིས་རྟོགས་རྩིས་ནས་མ་བྱུང་བས་མ་བབས་པ་ནི་དེ་ལས་གོ་ལྡོག་ཏུ་འབྱུང་བ་དཔྱོད་ལྡན་རྣམས་ཀྱིས་ཤུགས་ལས་རྟོགས་དགོས་སོ། །

ལྔ་པ་དོན་ལྔ་དང་སྣོད་དྲུག་ལ་ཟིན་པའི་རྟགས་བསྟན་པ་ནི། དོན་ལྔ་གང་ལ་ཟིན་ཀྱང་ཕོག་དུས་ཤེས་པ་ཟི་ཞིང་འཚུབ་པ་དང༌། དོན་གང་ཟིན་པ་དེའི་ཚིགས་གསང་སོ་སོའི་ཁ་བྱེ་ཞིང་མནན་ན་ན་བ་དང༌། དབུགས་ཐུང་ཞིང་དགྱེ་རྒུ་མི་ཤེས་པ་བུ་ཆུང་ལྟར་པང་དུ་འཆོས་དགོས་ཤིང༌། མོད་ལ་ཞེས་དེ་འཕྲལ་དུ་རྩ་ཆུའི་ཚ་བ་འུར་གྱིས་སྐྱེ་བ་དེ་དག་བྱུང་ན་དོན་ལ་ཟིན་པའི་སྤྱི་རྟགས་ཡིན་ཞིང༌། ཁྱད་པར་དུ་སྙིང་ལ་མཚོན་ཕོག་ན་བཏོན་པའི་དུས་དེར་འཆི་སྟེ་སྲོག་ཆེན་པོའི་རླུང་ཐོན། སྙིང་ཚིལ་ལ་ཕོག་ན་བརྒྱལ་འབོག་དང་དངངས་ཤིང་འདར་ལ་བཞིན་མདངས་ཉམས་འགྲོ་བས་དེ་འཕྲལ་དུ་ཆུ་གཏོར་རྣ་བར་མཆུ་གཏད་ལ་ཁུས་གདབ་ཅིང་བསྐུ་བྱུག་བྱ་བ་དང་རྨ་ཁར་བུད་མེད་ཀྱི་འོ་དྲོན་ཏིག་གོ། དེ་རྗེས་ཤེས་པ་དང་བར་གྲུངས་ནས་དྲན་པ་གསལ་ན་གསོ་བའི་གླགས་ཡོད་དོ། །སྙིང་རྩ་བཙན་ཐབས་ཆོད་ན་སྨྱོ་འདར་དང་དངངས་ཆུང་འབྱུང་ཞིང་རྩ་ཐིགས་ཤོར་བའི་ཚེ་ན་སྙིང་ལ་རྣག་ཆུ་གསོག་པ་དང༌། སྲོག་རྩ་ཆད་པ་དང་ཕུག་པ་ནི་བརྒྱབ་པའི་མོད་དེ་འཕྲལ་ལ་འཆི་ཞིང༌། བཙན་བརྡུངས་ནི་བཅར་བའམ་བར་དུ་ཐེམས་ནས་བསྣད་པ་དང་ཆམ་ཆོམ་དུ་འགྲོ་བས་ཟུག་གཟེར་ཆེ་ཞིང་འགྲེ་ལྡོག་བྱེད་དེ་ལག་པས་ས་འབྲད་པ་འབྱུང་ལ། ཚབས་ཆུང་ན་འཚོ་བའང་སྲིད་པ་ཙམ་མོ། །གློ་བ་ཕུག་ན་གློ་ལུ་མི་ཤེས་ལ་ཟ་ཟི་སྨྲ་བ་དང༌། དབུགས་ནི་ཉི་མས་ཚིག་པའི་ཁྱི་དང་འདྲ་བར་རྔམ་པ་བརྩེག་པ་དང༌། རྨ་ནང་ནས་དབུགས་འབྱུང་ཞིང་ཁྲག་ཀྱང་ལྦུ་བ་ཅན་དུ་སྐྱུག གློ་མ་སྒང་ལ་ཟིན་ན་ཞག་བདུན་ནམ་དགུ་ལ་འཆི་ཞིང་གློ་རྩིབ་ལ་ཟིན་ན་དགུའམ་བཅུ་གཅིག་ལ་འཆི། གློ་གཤམ་ལ་ཟིན་ན་ཞག་བཅུ་བདུན་ནམ་བཅུ་དགུའི་དུས་ན་འཆིའོ། །གློ་བུ་ལྔ་པོ་གང་ལ་ཕོག་ཀྱང་མོད་དེ་འཕྲལ་ལ་འཆི་བ་དང༌། ཇི་ལྟར་འགོར་ཡང་ཞག་གསུམ་དག་ལས་རིང་པོར་མི་སྡོད་པར་འཆི་ཞིང༌། གློ་རྩ་གང་ཆོད་ནའང་ལུད་པ་ཙན་དན་དམར་པོ་ལྟ་བུའམ་ཁྲག་འདྲེས་པར་ལུ་ལ་རྩའི་སྟེང་འདར་བའམ་ཁྲིད་ཅིང་གཟེར་ལ་ཚ་བ་སྐྱེ། གདོང་པའི་མདངས་སྣུམ་ཞིང་དབུགས་ཁ་མི་བདེ་ལ་གྲང་ཤུམ་བྱེད། རྩ་ལ་ཐིགས་ཤོར་གློ་ལ་རྣག་ཆུ་གསོག་པ་དང༌། ཁྱད་པར་ཚིགས་འགྲམས་ཀྱི་རྩ་ཆོད་ན་སྟོད་དུ་མཇིང་པ་རེངས་ལ། སྨད་དུ་མཁལ་རྐེད་ན་ཞིང་རྐང་པ་འཕྱེས་པ་སྟེ་བེམ་ཞིང་ཞ་བ་དང༌། ཁུག་པ་ལྡང་དུབ་བྱེད་ཅིང་སྔོན་བུ་སྐྱིགས་བུས་འདེབས་པ་དང༌། གཟེར་མགོ་སྐད་འཛེར་ཞིང་མགོ་དཔངས་དམའ་ལ་དུང་འབུད་ནི་སྐྲངས་པ་དང༌། བསྣོལ་མ་ཉལ་དཀའ་ལ་ཆར་བུ་ཞེས་ཕྱི་རྒྱུག་སྟེ་སོག་པའི་དབྲག་གཟེར་བ་དང༌། མཆིན་དྲི་དཀར་པོ་བཅད་པ་ཡིན་ན་སྐད་མི་ཕྱིན་པར་དབུགས་བསྡམ་ལ་འབུར་ཚུགས་སུ་བལྟ་ཞིང་ཡན་ལག་གཡོབ་པ་དང༌། ཟུག་ཆེ་ཞིང་སྒྲེག་པ་མང་ལ་ཟས་ཟོས་པའི་ཚེ་ན་ན་བ་འབྱུང་ཞིང་ཚབས་ཆུང་ན་མཁས་པས་མོད་དུ་གསོས་ན་འཚོའོ། །རྟགས་ཐམས་ཅད་ཚང་ན་ཞག་ལྔ་ལ་ནད་ལྡོག་ཅིང་བདུན་ན་འཆི་བ་དང༌། མཆིན་དྲི་དར་དཀར་གྱི་ཡོལ་བ་ལྟ་བུ་དེ་ཕུག་ན་སྟོད་ཀྱི་ཁྲག་སྨད་དུ་འཆོར་ཞིང༌། སྨད་རླུང་སྟོད་དུ་འཆོར་བས་མི་འཚོ་བར་འཕྲལ་དུ་འཆིའོ། །ནག་པོ་ལ་ཕོག་ན་མགོ་ལྕི་ལ་མིག་འཛུམ་ཞིང་ཁྲག་ནག་པོ་སྐྱུག་ཅིང་ཕུས་འདེབས་ལ་མིག་རྩ་རྒོད་དེ་གྲིམས་ལ་བར་སྣང་དུ་བལྟ་བ་དང༌། ཙོག་གེ་འདུག་པར་མི་ཚུགས་པ་དེ་ནི་ཞག་འགའི་དུས་ན་འཆིའོ། །སྨྲ་བར་འདོད་ཅིང་སྙན་མིང་ནས་འབོད་པའི་ཞེ་ས་མཁས་ལ་འགྲོ་འདུག་བྱེད་པ་དང༌། ཆང་འདོད་ཅིང་བླུད་ན་ཡི་གར་མི་འོང་བ་དེ་ནི་བཅར་བའམ་ཐེམས་པའི་ནག་པོ་བཙན་བརྡུངས་ཀྱི་རྟགས་དང་ལྡན་པ་ཡིན་པས་དེ་དག་གསོ་བར་ནུས་སོ། །མཆིན་པ་ནི་ཕྱིའི་རྩི་ཉམས་པར་གྱུར་པས་ཀྱང་འཆི་བ་ཡིན་ཏེ། ཚབས་ཆེ་བ་ཁྲག་ཏུ་འཁྲུ་སྐྱུགས་བྱེད་ཅིང་ཕོག་པའི་དུས་སུ་འཆི་ལ། བརྡབས་པའམ་བརྡུངས་ནའང་མིག་དམར་ལ་མདོག་སྔོ་ཞིང་འཁུན་བུ་འབྱུང་བ་དང༌། གདོང་མདངས་སྣུམ་ཞིང་འགུལ་བསྐྱོད་བྱས་ན་རྩ་རྣམས་རྒྱས་ཤིང་ལྡང་དུབ་བྱེད་པ་དེ་ཚབས་ཆུང་བར་གྱུར་ན་མོད་དུས་གསོ་གླགས་ཡོད་དོ། །མཆིན་རྩ་བཅར་ཐེམས་བཙན་བརྡུངས་སུ་བསྣད་པའམ་ཆོད་ན་མགོ་དང་དཔུང་པ་ན་ལ་ངོ་གདོང་སྣུམ་བག་དང་ལྡན་ཞིང་མིག་གི་སྤྲིན་པ་དམར་པོར་འགྲོ། །མཆེར་པའི་ཆ་ག་ནི་མཐའ་མ་མུ་སྟེ་དེར་ཕོག་ན་སྙིང་འདར་ལ་གྲང་ཤུམ་བྱེད་པ་དང༌། ཁོང་པ་སྦོ་ལ་གཅིན་རྟུག་གིས་ཕྱི་ས་འགགས་པ་སྟེ་ལྔ་ན་འཆིའོ། །བརྡབས་པ་དང་བརྡུངས་པ་དང་མཐིལ་དུ་ཕུག་ན་ཁོང་པ་སྦོ་ཞིང་འཁྲུ་བའམ་རྩ་ཆུའི་རྒྱུན་འགག་ལ་གཡལ་དང་སྦྲིད་པ་འོང་ཞིང་མཆུ་རྙིལ་སྐྱ་བ་དང༌། གདོང་པ་དང་མིག་སྤྲིན་ལ་ནག་ཐིག་འབྱུང་བ་ཡིན་ཏེ་དེ་ནི་མཁས་པས་འཚོའོ། མཁལ་མ་གཉིས་ལ། རྩི་ཉམས་པར་གྱུར་པས་ཀྱང་འཆི་ལ་མཁལ་མའི་ཐག་པ་ཆད་ནའང་རྐང་པ་འགུལ་བསྐྱོད་ཀྱི་སྡུད་མི་ཤེས་ཤིང་ཕུས་འདེབས་ལ་ལུས་བགྲང་ཞག་གཅིག་ལོན་ནས་འཆི་བ་དང༌། བརྡབས་པའམ་བརྡུངས་པ་དང་མཁལ་ཚིལ་ལ་ཟིན་ན་ལུས་པོ་ལྕི་ཞིང་རྐང་ལག་འགུལ་བསྐྱོད་ཀྱི་སྡུད་པ་དཀའ་ལ་ཆུ་བསྲི་ནས་མི་ཐོན་ཞིང་རྣ་བ་འོན་པ་དེ་ནི་རྟགས་བཅོས་ལ་མཁས་པས་འཚོ་བ་མང་བ་ཡིན་ནོ། །མཁལ་མའི་རྩ་ལ་སོང་བའི་ཚེ་ན་རྐང་པ་བཤལ་བ་དང༌། དྲི་ཆུ་མི་འོང་བར་སྡོམ་ཞིང་རྩ་རྒྱུད་ཁྲིད་ནས་གཟེར་བ་འབྱུང༌།

སྣོད་དྲུག་ཕུག་ན་ཕྱིའི་རྟགས་སུ་སྦོས་ནས་རྩིབ་མ་ནང་དུ་ཟུག་པ་དང་འཁྲུ་བ་འོང་ཞིང་ཁྱད་པར་ཕོ་བ་ཕུག་པ་རླུང་ཤོར་བས་མི་སྦོ་ལ་བཙན་ཐེམས་ཏེ་བཅར་ན་མི་མཉམ་ལོག་པས་སྦོ་བ་དང༌། ཕོ་བའི་ཐེར་ལ་ཕོག་ན་འཚོ་བ་ཡིན་ཏེ་གྲོད་པའི་རྫེམས་ལ་ཕོག་པ་འཆི་བས་དེའི་རྟགས་སུ་གླང་ཐབས་བཞིན་ན་ལ་དྲི་ཆུ་མི་འོང་བར་སྡོམ་པ་དང༌། ལུས་ཀྱི་སྟོབས་ཤོར་ཞིང་ཅི་ཟོས་ཀྱང་མི་ཆགས་པར་སྐྱུག་པ་དེ་ནི་འཚོ་བ་སྙམ་བྱེད་ཀྱང་འཆི་བ་དེ་ཡང་ཕོ་རྩ་སྦྲུལ་མིག་ལ་ཕོག་པ་ཞག་བཅུ་བཞི་དང༌། ཀ་བ་ལ་ཕོག་པ་ཉི་ཤུ་རྩ་གསུམ་དང༌། བོང་རྨེད་ལ་ཕོག་པ་སུམ་ཅུ་སོ་ལྔ་ལ་འཆི་བདག་གི་ལག་ཏུ་འགྲོ་བ་སྟེ་འཆིའོ། །མཁྲིས་པ་ཕུག་པར་གྱུར་ན་མཁྲིས་པ་འཁྲུ་ཞིང་སྐྱུག་པར་བྱེད་ཅིང་འཆི་ལ་བརྡབས་སམ་བརྡུངས་ནའང་མིག་ཆུ་དང་ཤ་མདངས་སེར་པོར་འགྲོ་བས་དེ་ཡང་མོད་དུས་ཏེ་འཕྲལ་དུ་མ་བཅོས་ན་ཞག་ལྔ་སོང་བའི་དུས་ན་འཆིའོ། །ཁྲག་ལོང་ལ་ལོང་གི་སྟོད་ལུ་གུ་མགོར་ཕོག་ན་གླང་ཐབས་ཀྱིས་ན་ལ་ཁྲག་རུལ་པ་འཁྲུ་ཞིང་སྐྱུག་པ་དེ་ནི་ཞག་པོ་དགུའི་དུས་ན་འཆིའོ། །སྲིན་ལོང་སྲིན་བུ་འཁྲུ་སྐྱུག་བྱེད་ཅིང་གླང་ཐབས་ཀྱི་ན་བ་འབྱུང་ལ། ལོང་གི་ཐེར་ལ་ཟིན་ན་སྦོ་ལྡེང་དང་དྲི་ཆུ་སྲི་བར་བྱེད་པ་དེ་ཉིད་གང་ལའང་མི་རྨོངས་པའི་མཁས་པས་གསོས་པར་གྱུར་ན་ཕལ་ཆེར་འཚོ་བར་འགྱུར་རོ། །རྒྱུ་མ་ཕུག་པར་གྱུར་ན་ལུས་པོ་ཙོག་གེ་འདུག་མི་ཚུགས་ལ་ཟུག་ཆེ་ཞིང་མཚན་མ་ལག་པས་ཉེད་ལ་ཚ་འབྲབ་བྱེད་ཅིང༌། རྒྱུ་མ་བུག་པ་དུ་ཡོད་ཀྱི་གྲངས་དེས་ནི་ཞག་རེ་ཐུབ་ལ། བུག་པ་མ་ཕུག་པར་ལུག་པ་ནི་བཅོས་པས་འཚོ་བ་ཡོད་དོ། །བརྡུངས་སམ་བཅད་པ་ཡིན་ན་ཁ་ཁ་ལ་ཚ་བ་སྐྱེ་བ་དང༌། རྒྱུ་མ་གཟེར་ལ་འཁྲུ་བར་འགྱུར་ཞིང་མིག་ཆུ་སེར་རོ། །གཉེ་མ་སྟེ་བཞག་ཕུག་ན་སྲིན་བུ་གྱེན་ཐུར་ཁ་དང་རྐུབ་ནས་འབྱུང་ཞིང༌། ཧས་འདེབས་པ་དང་ཐལ་མོ་སྡེབ་ན་ཞག་གཅིག་ནས་འཆིའོ། གཞང་སྟེ་འཕོངས་ལ་ཕོག་ན་དྲི་མ་ལྡུག་གམ་ཞེས་འཁྲུའམ་ཡང་ན་སྡོམ་ཞིང༌། དེ་ཡང་གཞང་གསང་ནག་པོ་སོར་བཞི་ཡན་ཆད་འཚོ་དཀའ་ཞིང་དེ་མན་དཀར་པོའི་ཐ་སྙད་དེ་འཚོ་བར་འགྱུར་རོ། །ལྒང་པར་བསྣད་པའམ་ཕུག་ན་དྲི་ཆུ་སྲིའམ་ལྡུགས་པ་དང་ཁྱད་པར་ལྒང་པའི་ཁ་ལ་སོང་ན་འཆི་བར་འགྱུར་བ་ཡིན་ཏེ་ཐེར་ལ་སོང་ན་འཚོའོ། །བསམ་སེར་སོང་བ་ན་ལུས་པོ་སྦྲིད་ཅིང་གན་རྐྱལ་དུ་འགྱེལ་བ་དང༌། འདྲེ་ལྡོག་བྱེད་ཚབས་ཆུང་བར་གྱུར་ན་འཚོ་བ་ཡོད་ཅིང༌། མཆེར་པ་དང་རྒྱུ་ལོང་དང་ལྒང་པ་དང་བསམ་སེ་ལ་སོགས་པའི་རྩ་རྣམས་ལ་ཟིན་ནའང་རང་རང་ལ་ཕོག་པའི་རྟགས་དང་ཁྱད་པར་མེད་པས་དེ་ལྟར་རྟོགས་པར་བྱའོ། །

དྲུག་པ་འཚོ་བ་དང་འཆི་བའི་ལ་ཤན་དབྱེ་བ་ནི་གང་ཞེ་ན་དོན་སྣོད་སོགས་གང་ལ་ཡང་བརྒྱབ་པའི་མོད་དེ་འཕྲལ་ནས་དྲན་པ་མི་ཟིན་པར་ཉམས་པ་དང་བརྒྱལ་འབོག་དང་དངང་འདར་བྱེད་ཅིང་ཁྲག་ཏུ་འཁྲུ་ཞིང་སྐྱུག་པ་ནི་འཆི་བ་དང༌། མཚོན་ཕོག་ནས་ཞག་གསུམ་དང་ལྔའི་བར་དག་ཏུ་ཅི་བྱས་ཀྱང་ཚ་བ་མི་ཆོགས་ཤིང་ཟུག་མི་འབྲི་བ་དང༌། ཇི་ལྟར་དུ་ལེགས་པར་བཅོས་ཀྱང་བདེ་བའི་སྐྱེད་མེད་ན་འཆི་བར་ངེས་ཤིང༌། ཤེད་ཟུངས་མེད་ཅིང་ཚ་བ་སྐྱེ་ལ་དང་ག་འགག་པ་དང༌། རྟག་ཏུ་འཁྲུ་ཞིང་སྐྱུག་པ་དང་དྲི་ཆུ་བསྲི་ནའང་འཆི་བ་དང༌། མིག་གི་མདངས་ཉམས་ཤིང་འཛུམ་དཀའ་ལ་གྱེན་དུ་བཟློག་པ་རྩའི་བྱ་གཏོང་ཡིན་ཞིང༌། ཁ་དང་སྣའི་དབུགས་གྲང་ཞིང་གདོང་པ་ལ་བག་རྔུལ་ཆགས་པ་རླུང་གི་བྱ་གཏོང་ཡིན་པ་དང༌། ལུས་ཀྱི་སྟོབས་ཤོར་ནས་སྟན་ཞེས་གདན་ལ་འབྱར་བ་ན་ཟུངས་ཀྱི་བྱ་གཏོང་ཡིན་ཏེ། དེ་ལྟ་བུའི་འཆི་བའི་བྱ་གཏོངགསུམ་བྱུང་བ་ན་འཆི་བར་ངེས་སོ། །འོན་ཀྱང་དོན་སྣོད་དུ་ཟིན་པའི་སོ་སོའི་འཆི་ལྟས་དང་འཆི་དུས་ནི་གོང་དུ་བསྟན་པ་ལྟར་རྟོགས་པར་བྱ་དགོས་ཤིང༌། དེ་ཡང་རྩ་རྒྱུད་མ་སྟོངས་པར་ཚ་བ་ཟུག་གཟེར་བར་ཐག་རིང་ཞིང་སྨན་དང་དཔྱད་བྱས་པ་ལ་བདེ་སྐྱེད་ཆེ་ན་ནི་འཚོ་བ་ཡིན་ནོ། །

བདུན་པ་མདོར་བསྡུས་ཁས་བླངས་པའམ་དམ་བཅས་པའི་མིང་ངམ་ཁ་དམར་འདི་ལྟར་དུ་གདགས་དགོས་ཏེ། ནང་དུ་བརྡོལ་ན་ཡང་ཁྲག་བབས་པ་བུང་ཆུང་ན་འཆི་བའི་ཉེན་ཆེ་སྟེ་བཅོས་སུ་ནི་ཡོད་དོ་ཞེས་པར་ཁ་དམར་གདགས་པ་དང་ཁྲག་བབས་ཆེ་བའམ་དོན་སྣོད་ཟིན་པར་གྱུར་པ་ལ་འཆི་བའི་བྱ་གཏོང་གསུམ་གྱིས་སླེབ་བམ་མ་སླེབ་བརྟག་དགོས་ནི། རྨས་ནས་ཞག་ཉེ་ན་གསུམ་དང་རིང་ན་ལྔའི་བར་དུ་ཤན་མི་ཕྱེད་པར་སྨྲ་ལ་རིང་མཐའ་ཞག་ལྔའི་བར་དུ་འཆི་བའི་བྱ་གཏོང་གསུམ་པོ་མ་བྱུང་ན་དེ་ལ་མཁས་པས་སྨན་དཔྱད་ཟས་སྤྱོད་ཀྱི་རྩལ་བཞི་སྤྲུགས་པས་གསོ་ཐུབ་ལ། བྱ་གཏོང་གསུམ་པོ་སླེབ་བྱུང་ན་འཆི་བར་ཐག་བཅད་པའི་ཁ་དམར་གདགས་པར་བྱ་ཞིང༌། དོན་སྣོད་མ་ཟིན་ཅིང་ཁྲག་ངན་མ་བབས་ན་ནང་དུ་བརྡོལ་བར་གྱུར་ཀྱང་འཚོ་བར་འགྱུར་ཞེས་ཁ་དམར་གདགས་པ་དང༌། རྩ་ཆེན་ཆོད་དམ་ཁྲག་བབས་འོང་ཆེ་བ་དང་གཉེན་པ་དོན་སྣོད་ཀྱི་སྟེང་དུ་མཚོན་ལམ་རིང་བ་ལ་ནི་འཆི་བདག་གི་བྱ་གཏོང་གསུམ་ལ་འོང་བའི་ལོང་མེད་པར་འཆི་ངེས་པའི་ལ་ཆེན་བཟླ་བར་ཁ་དམར་གདགས་པར་བྱ་ཞིང༌། དེ་བཞིན་དུ་ཕོག་པའི་ས་ཡུལ་གཉན་པ་དང་མི་གཉན་པ་དང༌། མཚོན་གྱི་བགྲོད་ལམ་རིང་ཐུང་འཚེབས་མ་འཚེབས་དང་ཞག་ཀེག་དང་འཆི་རྟགས་བྱ་གཏོང་དང༌། བཅོས་སྐྱེད་འབྱུང་ངམ་མ་བྱུང་སོགས་དང་སྦྱར་ལ་འཚོ་བ་དང་འཆི་བའི་ཁ་དམར་གདགས་པར་བྱ་ལ། གལ་ཏེ་འཚོའམ་འཆིའི་ཐེ་ཚོམ་ཟ་ན་ཤན་མི་ཕྱེད་པར་ཉིས་འགྲོའི་ཁ་དམར་སྨྲའོ། །

བཅོས་པའི་ཐབས་ལ་ཇི་ལྟར་ཞེ་ན་རྣམ་པ་གསུམ་ཡིན་ཏེ། ཟུག་རྔུའི་མཚོན་དང་སྦྱར་ལ་བཅོས་པ་དང༌། གང་ལ་ཕོག་སའི་གནས་དང་སྦྱར་ལ་བཅོས་པ་དང༌། སྟོད་སྨད་ཡུལ་དང་སྦྱར་ལ་བཅོས་པའོ། །

ཟུག་རྔུའི་མཚོན་དང་སྦྱར་ལ་བཅོས་པར་བྱ་བ་ནི། རྡོ་དབྱུག་གིས་བརྡུངས་པ་དང་གཡང་དུ་ལྷུང་བ་དང་ཐིབས་འོག་ཏུ་ཚུད་པ་སོགས་རྨ་མེད་པར་བྱང་ཁོག་སྟོད་སྨད་ཀྱི་ཕྱི་ནང་འགྲམས་པ་ནི་གཟེར་ཟུག་ཆེ་ཞིང་དགྱེ་བ་དང་རྒུ་བ་དཀའ་བ་དང༌། རྩ་དང་ཆུ་ལ་ཚ་བ་སྐྱེས་ན་སྨུག་ཟིལ་ཏེ་ཁྲག་རླངས་ཀྱི་ཟིལ་པ་འབྱུང་སྟེ་འོག་ཏུ་ཁྲག་ཚད་རྒྱས་པ་སྨན་གཏར་མ་ཆོམས་པས། ཚ་བའི་རླངས་འཁྱིམས་ཁ་གཡམ་ཟིལ་པ་འདྲ། ཞེས་པ་ལྟར། དེ་ལ་ཐང་དང་གཏར་ག་དང་ཕྱེ་མ་དང་དུགས་ལ་སོགས་པས་གང་ལ་གང་འཚམ་པ་དེ་དང་དེའི་བཅོས་ཀྱིས་འཚམ་ཚིགས་ཟིན་པའི་ངོས་ནས་ཚ་རླངས་བསད་དགོས་སོགས་དེ་དག་གི་སྦྱོར་བ་རྣམས་ནི་གོང་གི་འགྲམས་བཅོས་ཀྱི་ལེའུར་བཤད་པ་ལྟར་ཤེས་པར་གྱིས་ཤིག་ཅེས་གདམས་པ་དང༌།

གྲིའམ་མདུང་གིས་གཤགས་པའམ་བཅད་པ་དང་ཕུག་པའི་རྨ་ཆེ་བ་ལ་དང་པོ་ཨ་ས་སྟེ་ཟན་དྲོན་བདུགདེ་རྗེས་སྦང་མའི་ཆས་སུ་གཞུག་ཅིང༌། དེ་འོག་ཧྲེམ་པ་སྟེ་གྱོང་རེངས་ན་མཁན་པ་དང་འབམ་པོའི་ཞུན་ཏེ་བཙོས་ནས་འདག་པ་ཙམ་བྱུག་པར་བྱ་བ་དང༌། རྣག་བྱུང་ན་བག་ཕྱེ་ཆུ་རྩ་དུ་བ་སྤྱིན་སོགས་ཀྱི་འབྱར་བྱ་ཞིང༌། བྱེར་ན་དེབ་བཏང་ལ་སྐྱོན་སེལ་བའི་ཚེ་རྨ་རྩིས་གསོ་བ་སོགས་གོང་དུ་རྨ་སྤྱི་གསོ་བའིསྐབས་ལྟར་བྱའོ། །མདའ་ཡིས་ཕོག་པ་ལ་ཟུག་རྔུ་སྟེ་མདེའུ་ལས་པ་དང་མ་ལས་པ་གཉིས་ལས་ཟུག་རྔུ་མ་ལས་ན་རྨ་ཁར་ཨ་ས་སྟེ་ཟན་དྲོན་གྱིས་བདུག་པར་བྱ་བ་དེས་ཁྲག་རོ་འདོན་ཅིང་རླུང་བྱེར་དང་རྨ་རེད་པ་འདུལ། ཤ་གནད་ལ་ཟིན་ན་མ་གཏོགས་ཆས་མེད་ཀྱི་རྨ་ཡིན་པར་བཞག་ན་རྨ་སྐམས་ཏེ་དེས་རྩ་འབྱོར་ཞིང་ཆུ་སེར་ནང་དུ་མི་གསོག་གོ། ཟུག་རྔུ་ལས་ན་ཟུག་རྔུ་དེ་སྡོད་དང་མི་སྡོད་དབྱིབས་བལྟས་ལ་ཟུག་རྔུ་སྡོད་རྟགས་ཟུག་ཆུང་ལ་ལྡང་ཉལ་བདེ་ན་ཟུག་རྔུ་མི་འབྱུང་བར་དེ་གར་བཞག་སྟེ་མལ་ས་བཅའ་ཞིང་གོས་བཀོན་ནས་གང་འདོད་པ་ལྟར་ཉལ་ལ་སྡོད་ཅེས་སྡོད་པ་དང་མནན་ཐབས་བྱ་བ་ནི་ཨ་རུ་རའི་ཐང་བཏང་འབྲུ་མར་དང་ཤ་མར་མང་དུ་སྟེར་ཞིང་ཞུགས་སྟེང་དུ་མེ་གདབ་པ་སོགས་སྟོད་ལ་མནན་ཐབས་བྱ་བ་ཡིན་ལ། གལ་ཏེ་ཟུག་རྔུ་དེ་སྡོད་དུ་མི་འདོད་ན་ཕྱིར་དབྱུང་བར་བྱ་དགོས་ཏེ། དེ་ལ་ཟུག་རྔུ་དེ་སྟོར་བ་མ་རྙེད་ན་བཙལ་བ་དང་ཕྱིར་དབྱུང་བ་གཉིས་ལས་སྟོར་བའི་ས་ལ་ཕྱི་ནང་རྣམ་པ་གཉིས་ཡོད་དེ། དང་པོ་ཕྱི་ལ་ཤའི་སུལ་དང་རུས་པར་མདེའུ་སྟོར་ན། དེའི་རྟགས་ནི་ཡན་ལག་གི་སྐབས་དག་དང་ཁྱད་པར་མེད། གཉིས་པ་ནང་དུ་དོན་སྣོད་སོ་སོར་མདེའུ་སྟོར་ན་ཕྱི་རྟགས་དང་ནང་རྟགས་དང་གསང་རྟགས་གསུམ་གྱིས་བཙལ་དགོས་ཏེ། དང་པོ་ཕྱིའི་རྟགས་སུ་སྙིང་དང་སྲོག་རྩའི་བར་དུ་མདེའུ་ལུས་པར་གྱུར་ན་གཟེར་བའི་དམིགས་མང་ཞིང་རྒྱབ་ངོས་ཀྱིས་ཉལ་མི་ཤེས་ཤིང་བྱ་རྨྱང་སྟེ་རྐང་ལག་རྐྱོང་བཤད་བྱེད་འདོད་ལ་ཁ་བུབ་ཏུ་ཉལ་ན་བདེ་བར་ཚོར་བ་དང༌། གློ་མའི་སུལ་ན་མདེའུ་ཡོད་ཚེ་དབུགས་མི་བདེ་བ་དང༌། སྦྲིད་པ་མང་ལ་འཆག་པ་སྟེ་ཕར་ཙམ་ཚུར་ཙམ་བྱེད་འདོད་ཅིང་མཆན་འོག་གཟེར་ལ་ལོགས་གཉིས་ཀྱིས་ཉལ་བ་མི་ཤེས་ཤིང་ཙོག་པུ་སྟེ་ཙོག་གེར་བདེ་བ་དང༌། སྐེ་རྩ་འགྲེང་བ་ནི་རྩེ་ཆུང་གཉིས་ཤིང་ལྟར་ཤེད་ཆེ་ཞིང་ལག་པ་བརྐྱང་བསྐུམ་དཀའ་བའོ། །གློ་བའི་བུའི་སུལ་ལ་མདེའུ་ཡོད་པ་ལུད་པ་དམར་ཞིང་རང་གི་ལྟེ་བ་མི་མངོན་པ་ཞེས་མི་མཐོང་བ་སྒུར་བྱས་ན་གཟེར་བ་དང་སྔས་དམས་ན་ཉལ་བ་དཀའ་ཞིང་དཀར་ནག་མཚམས་སུ་ནའོ། །སྲོག་རྩར་མདེའུ་གཏོར་ན་སྐས་ལ་འཛེག་མི་ཤེས་པ་དང༌། མཆིན་དྲི་དཀར་ནག་ལ་མདེའུ་ཡོད་ན་ལུས་ལྕི་ཞིང་ངོ་སྣུམ་ལ་འཁྲུ་བ་དང༌། ཙོག་པུར་བསྡད་པའི་ཚེ་ན་མཆིན་པར་རེངས་པའི་ཁེངས་པ་སྙམ་བྱེད་ཅིང་ཀོ་ལེར་ཞེས་ཁོལ་བུར་བཞེད་ཀྱང་འདི་སྐབས་གློ་བུད་ཧད་ཀྱིས་ལང་ན། མཆིན་པ་དཔྱང་ཐག་ལ་བཏགས་ནས་མར་བཏང་སྙམ་བྱེད། མཆིན་པའི་སྟེང་དུ་མདེའུ་ཡོད་རྟགས་སུ་མཆིན་པ་གླང་ཐབས་སུ་ན་བ་དང༌། སྒུར་འགྲོས་བྱེད་པ་དང་པུས་མོ་དང་བྲང་གཉིས་རེག་པར་འཆའ་བ་དང༌། ལུས་བཅའ་གཅུ་མི་ཤེས་པའོ། །མཆེར་པ་ལ་མདེའུ་ཡོད་ན་དབུགས་ཐུང་ལ་ཁོང་པ་སྦོ་བ་དང༌། ཕོ་བ་དང་མཆིན་པའི་བར་ན་མདེའུ་ཡོད་ཚེ་སྐོམ་འཐུངས་ན་ན་བ་དང༌། ཕོ་མཆིན་ལག་པས་མཉེ་བར་མི་བཟོད་ཅིང་གླང་ཐབས་ལྡང་བའོ། །ཕོ་བ་ལ་མདེའུ་ཡོད་ན་མི་སྦོ་ཞིང་ཁ་ཟས་སྐྱུག་པ་དང༌། བྲང་གི་ཞོལ་ལ་མདེའུ་ཡོད་པ་ན་སྦོ་ལ། མཁལ་མར་མདེའུ་ཡོད་པ་ན་ཆུ་སྲི་ཞིང་གླང་ཐབས་ན་བ་དང༌། རྐང་པ་འཁུམས་ནས་མདེའུ་ཡོད་ངོས་ཕབ་ནས་ཉལ་མི་ཤེས། རྒྱུ་མ་ལ་མདེའུ་ཡོད་ཚེ་ཟས་སྐོམ་བཏང་ན་ན་ཞིང་རྒྱུ་མའི་ཐད་མཉེ་བར་མི་བཟོད་པ་སྟེ་མི་ཚུགས་ཤིང་ཐེམ་པ་བརྒལ་ལམ་འགོམ་མི་ཤེས་པ་དང་གོམ་པའི་ཤུགས་ཆུང་ཞིང་དྲི་ཆུ་སྡོམ་པ་དང་ཟུག་གཟེར་ཆེ་ཞིང་ལྡང་དུབ་བྱེད་ན་ཡོད་དོ། །ལོང་ལ་མདེའུ་ཡོད་པའི་ཚེ་བསླངས་ན་ཟོས་ཐུང་བྱས་དུས་སུ་བདེའོ། ནང་གི་རྟགས་བརྟགས་པ་ནི་ཁྱིམ་བྱ་ནག་པོའི་སྒོ་ང་དང་ཁྲག་དང༌། རྒྱ་མཚལ་དང་ཆང་ཆུ་འོ་མ་སོགས་སྦྱར་བ་དོགས་སར་བྱུགས་ལ་ཡུན་རིང་བཞག་པས་དེའི་ནང་དུ་སྨྱུག་མ་ཡོད་ན་བ་སྤུ་འཚུབ་ཅིང་མདེའུ་ཡོད་ན་བ་སྤུ་ཉལ་ལ་རྭ་ཤིང་ཡོད་ན་བ་སྤུ་འགྲེང་བ་ཡིན། སྣའི་རྩེ་དང་བྲང་གཞུང་དཀར་ནག་མཚམས་དང་མཐེབ་སྙིང་སྟེ་མཐེ་བོང་བཞིའི་ནེའུ་ལེ་སྤྲ་བ་རེའི་མེ་ཕེབས་པ་དང་སྨྲ་མི་ཤེས་པ་ལྟར་བྱེད་པ་དང་ཀོ་ལེར་ན་བ་འབྱུང་ངོ༌། །གསང་བའི་རྟགས་ནི་ཁྱི་དཀར་པོ་དང་ཕག་པ་ནག་པོ་དང་བྱ་རོག་ཤ་དང་སྲིན་བྱ་ཞེས་འུག་པ་ལྟ་བུ་ཆུང་བ་དེའི་ཤ་རྣམས་ཆ་མཉམ་ཁྱོར་གང་དང་ཆང་སྦྱར་བ་ལྟོ་སྟོང་ལ་བཏང་བས་འདི་ན་མདེའུ་ཡོད་དོ་སྙམ་པའི་དོགས་སར་དར་དཀར་དང་ཤོག་བུ་བཀབ་པར་ལྕགས་ཀྱི་གཡའ་སྲན་མའི་ཁ་རྒྱ་ཙམ་བྱུང་ན་ཡོད་ཅིང༌། ཡང་ན་རུས་སྦལ་གྱི་ཤ་དང་ཕག་རྒོད་དང་ཁྱིམ་བྱ་དང་བྱི་བ་ཕོ་མོའི་ཤ་རྣམས་ཆ་མཉམ་ཁྱོར་གང་ཆང་དང་སྦྱར་ལ་ཐོ་རངས་ཁྱོར་བ་རེ་ན་མ་ཞེས་ལན་ལྔ་བཏང་ལ་ན་མ་བཞི་ནས་རྡོ་ཁབ་ལེན་གྱི་ཕྱེ་མ་དང་ར་ཐུག་གི་ཆུ་སྦྱར་པ་མདེའུ་དོགས་སར་བྱུགདེ་སྟེང་ཤ་ལ་དར་དཀར་རམ་ཤོག་བུ་བཀབ་ལ་བཞག་ནང་པར་བལྟས་པས་ལྕགས་གཡའ་ཕྱིར་འབྱུང་ན་ཡོད། ཡང་ན་རྡོ་ཧ་ཤིག་དང་དུང་ཐལ་དང་སྟག་གི་རྩིབ་རུས་དང༌། བྱ་རོག་གི་བྲུན་རྣམས་ཆུར་སྦྱངས་ཏེ་ཁོང་དུ་བཏང་བས། མདེའུ་དོགས་སར་ལྕགས་གཡའ་འབྱུང་བ་དང་ཀོ་ལེར་འགུལ་ན་ཡོད་དོ། །

དེ་ལྟར་བརྟགས་ནས་ངེས་ཤེས་འདྲོངས་ན་མདེའུ་འདོན་པའི་ཐབས་ལ་སྨན་གྱིས་འདོན་པ་དང་དཔྱད་ཀྱིས་འདོན་པ་གཉིས་ཡིན་ཏེ། གནད་ལ་མེད་ཅིང་མཚོན་ལམ་ཐུང་ལ་གར་ཡོད་ངོས་ཟིན་ན། མདེ་ལག་སྤྲད་དེ་སྐམ་པས་ཕྱུངས་ཏེ་དེ་ཕྱིན་ཡན་ལག་གསོ་བའི་ལེའུར་བཤད་པ་ལྟ་བུར་དབྱུང་བར་བྱ་ཞིང་མཚོན་ལམ་གཉན་ཞིང་གཏིང་རིང་ལ་མདེ་ལག་མ་ཕྲོད་པ་བྱུང་ན་དང་པོར་སྨན་གྱིས་ཕྱིར་དབྱུང་དགོས་ཏེ། བྱ་མ་བྱིའི་ཤ་དང༌། བྱ་རོག་གི་ཤ་དང༌། ཁབ་ལེན་ནི་སྨུག་པོ་འགུགས་བྱེད་དང༌། ཕག་རྒོད་ཀྱི་མཆེ་བ་དང་ཉ་ཤ་སོགས་ཆང་དང་སྦྱར་བ་བཏང་བས་རྩའམ་སུལ་དུ་འབྱུང་ངོ༌། །བྱ་ནག་ཤ་གསར་ཞེས་པ་ལ་ཏིལ་རིལ་ཡི་གེ་ཉམས་པ་མ་རྟོགས་པར་ཏིལ་དང་སྒོ་ངའི་ནང་སོགས་ལ་གང་དུ་ཡང་མ་གྲགས་པའི་ལོ་རྒྱུས་དང་བྱ་ནག་སྐྱུང་ཁར་ངོས་བཟུང་ལ་དེའི་ཤ་རིལ་པོ་སྣུམ་ལ་བཙོས་པས་སོགས་བརྗོད་རིགས་མང་ཡང་བྱ་ནག་ཅེས་རི་བྱ་སེ་མོ་དང་ཐེ་ཚོམ་ཙམ་སྣང་ཡང་ནུས་པའི་དབང་བྱ་མོ་ནག་མོའི་ཤ་གསར་པ་སྦུགས་སམ་རིལ་པོའི་ལྟོ་བ་ཕྱུངས་པའི་ནང་དུ་སོ་བ་ཕུལ་གང་ཁྲམ་ཁྲུམ་དུ་བརྡུངས་པ་དང༌། ལྡོང་རོས་དམར་པོ་དང་བཅའ་སྒ་དང་ཨ་རུ་ར་རྣམས་སྲང་ཕྱེད་བཏགས་པ་བླུགས་ལ་ཁ་བཙེམས་ཏེ་ཆུ་ནང་དུ་འཚོས་པར་བཙོས་ལ་སྐམས་ནས་སླར་ཡང་བསྲེགས་པའི་ཐལ་བ་དང༌། ཉའི་ཤ་སྦྱར་ཏེ་བཏང་ན་མདེའུ་ཕྱིར་ལ་འབྱུང་བར་ངེས་སོ། །གི་ཝཾ་ཆ་བཞི་རྩངས་པའི་ཤ་དང་ཁྲག་ཆ་གཅིག་ད་བྱིད་ཆ་གཉིས་དང་རྒྱ་རུ་ཆ་གཅིག་རྣམས་ཀ་ར་དང་སྦྱར་བ་བཏང་བས་རྨ་ནས་མདེའུ་འབྱིན་ཞིང༌། ཡང་ན་སྤྱིར་ལྕགས་རང་ལ་ནུས་པ་ཁྱད་པར་མ་མཆིས་ཀྱང་འདིར་ཕྱིར་འདོན་པའི་སྨན་ལ་སོང་བའི་རྟེན་འབྲེལ་ཁྱད་ཀྱིས་ས་འོག་ནས་འབྲུ་རམ་པ་སོགས་ཕྱིར་འབྱིན་པའི་ལས་བྱེད་པས་རྨོན་ཞེས་རྨོས་ཀྱི་ལྕགས་བྱང་མ་རྩེ་བརྡར་བའི་ལྕགས་ཕྱེ་བྱེ་སྒོང་གང༌། དེ་བཞིན་དུ་སྒོ་ལྕགས་ཀྱི་ནང་ནས་གཟེ་སྒྲོ་ཕྱིར་འབྱིན་པའི་ལས་བྱེད་ཅིང་འབྱེད་པའི་ལྡེ་མིག་ས་དྲུས་ནས་བཞག་པས་བཙའ་རུ་སོང་བའི་བཙའ་དང་སྦྱར་བ་ཆང་བྲེ་ཕྱེད་ལ་བསྡུས་པ་ཁཎྜ་བྱས་ཏེ་སྦ་བྱིའུ་ཨོག་དཀར་གྱི་ཤ་དང་སྦྱར་བ་ཁོང་དུ་བཏང་བས་རྨའམ་གསང་ལམ་ནས་ཕྱིར་འབྱུང་བྱེད་ཅིང༌། ཕྱི་ནས་ཁབ་ལེན་དང་སྦྲུལ་ཚིལ་དང་མི་ཀླད་སྦྱར་བའི་རེང་བུ་རྨ་ཁ་རུ་བཅུག་པས་ཕྱིར་ལ་འདྲེན། བྱ་མ་བྱི་དང་ཕག་པའི་ཤ་ལྷུ་ཞེས་ཚལ་པ་རེ་ཆུ་བྲེ་གང་བྱས་ལ་བུམ་པར་བཙོས་པའི་རླངས་པས་རྨའི་ཁར་བདུགས་པས་ཀྱང་ཕྱིར་འབྱིན་བྱེད།

ཕོག་སའི་གནས་གང་ཡིན་དེ་དང་སྦྱར་ལ་འཚམ་པར་བཅོས་པ་ནི། ཤ་གནད་ལ་འཇིབས་ལུམས་ཞུན་ནན་འབྱར་གྱིས་བཅོས་སོགས་ཀྱི་ངེས་ཚིག་ནི་ཡན་ལག་གསོ་ཚུལ་དུ་བཤད་པ་ལྟར་ངེས་པར་བྱས། རྨ་གསར་ལ་བཅོས་སུ་དང་པོ་ཨ་ས་བ་སྟེ་ཟན་དྲོན་གྱིས་བདུག་ཅིང༌། དེ་ནས་སྦང་མའི་འཇིབས་སུ་གཞུག་ཅེས་འཇིབས་སུ་འཇུག་པར་བྱ་བ་དང༌། སྐྲངས་ན་བསིལ་བའི་སྔོ་འབམ་པོ་པུ་ཤེལ་རྩེ་དང་ཞོ་བཙགས་སྦྱར་བའི་ལུམས་དང་མཁན་པ་དང་སྦང་མ་ཚ་ཕབས་ཀྱི་དྲོད་ལུམས་གང་འོས་རིག་པས་སྦྱོར་དགོས་ཤིང༌། སྐྲངས་དམར་ལ་ཚ་བ་ཆེ་ན་རྨ་རང་དང་གང་ཉེའི་རྩ་ལ་གཏར་བ་ཤིས་པ་དང༌། ཏིག་ཏ་དང་ཧོང་ལེན་དང་ཀྱི་ལྕེ་དཀར་པོ་པར་པ་ཏ་དང་ཆུ་རྩ་དང་བྲག་སྤོས་རྣམས་ཞོ་དང་སྦྱར་བ་ནན་གྱིས་གོང་བཤད་ལྟར་མནན་པ་དང༌། གྲང་སྐྲངས་ལ་སྦང་གར་དང་སྒ་དང་ཕབས་དང་པི་པི་ལིང་དང་གོ་སྙོད་དང་གཡེར་མ་དང་ལྕ་འབྲས་མར་ཚིལ་རྣམས་བསྐོལ་བ་བྱུགས་ལ་དེའི་སྟེང་དུ་ཧེལ་གེ་སྟེ་པགས་པའི་འཇག་གིས་ཞེས་རས་མས་དཀྲིས་ནས་འཇོག་པ་དང༌། ཤ་གནད་བྱེར་ཞིང་སྐྲངས་པའི་རིགས་གང་ལ་ཡང་ལུག་གི་ཀླད་པ་དང་ཉེའུ་སྟེ་སྦང་གླུམ་དང་ནས་ཕྱེ་དང་རྐང་མར་དང་སྒ་གཡེར་སོགས་སྤོད་སྣ་ཆང་ལ་སྦྱར་བ་བཅོས་པའི་ཞུན་དུ་གཞུག སྐྲངས་པ་གསོ་བ་ལ་མནན་ན་གསོབ་ཅིང་གཟེར་བ་ལ་ཞོ་དང་སྦང་གར་ཏེ་སྦང་གླུམ་དང་ཚིགས་མ་ཞེས་ཡོས་འཚིག་དང་བག་ཕྱེ་དང་སྤྱིན་ཁྱིམ་བྱའི་སྒོ་ང་དང་དུད་པ་རྣམས་སྦྱར་བ་བྱུགས་ལ་རི་བོང་གི་སྤུ་དེབ་བཏང་ཞིང་བྱེར་བའི་ཚེ་ཕྱིང་དེབ་བཏང་ལ་གཅིག་གཞུག་གཅིག་མནན་གྱི་བསེ་ཁྲབ་འཆིངས་ཞིབ་པ་འོག་ཏུ་སྟོན་རྒྱུ་ལྟར་འབྱར་གྱིས་བསྡམ་པ་དང༌། རུས་གནད་ལ་འཇིབ་རྩི་དང་སྨན་བྲུད་མེ་ལ་སོགས་པས་བཅོས་དགོས་ཏེ། ལྷ་བ་ཅན་གྱི་རུས་པ་རྨ་ཁ་ཆེ་བ་ལ་གུར་ཀུམ་དང་ཤེལ་ཏ་སྟེ་ནགས་མའི་ཐང་ཆུ་དང༌། ཨ་བྱག་དང༌། དོམ་མཁྲིས་རྣམས་སྦྱར་བའི་རེང་བུ་རྨར་བཏང་ལ་ལུག་གི་རྐང་མགོ་བརྡུངས་པ་ཞོ་དང་སྦྱར་བའི་འཇིབས་སུ་གཞུག་པར་བྱས་པ་དེས་ལྷ་བ་མི་འབྱེར་ཞིང་ཆུ་སེར་འདྲེན་ནོ། །རྨའི་ཁ་ཆུང་ན་སྟེང་དུ་མེས་ཚོས་པར་བསྲེགས་པས་ཐུབ་པ་ཡིན་ལ། སྒྲོག་རུས་དང་རྩིབ་རུས་ཆག་པ་ཡང་བསྲེགས་པས་ཐུབ་ཅིང་ཆག་པ་ཚབས་ཆེ་ན་སྐྱ་སྦྱོར་རྗེན་ཕྱེ་གར་པོ་ལ་སོགས་པའམ་ཡན་ལག་ལེའུར་བཤད་པ་ལྟར་དང་ཕྱིང་དེབ་བཏང་ལ་བཅིང་ངོ༌། །རུས་པའི་རྨ་རྒན་ཏེ་རྙིང་པ་ལ་སོང་ན་གསེང་རམ་སྤྲ་བས་བསྲེག་པ་སོགས་གང་རུང་བྱ་ཞིང༌། ལྷ་བ་འབྱེར་བ་ན་ཀྱོང་བུས་བྲད་པ་དང་རྨ་སྨན་གདབ་པ་སོགས་གོང་དུ་བསྟན་པའི་མགོ་བོ་ཇི་བཞིན་དུ་བཅོས་དགོས་སོ། །གཞུག་རུས་པ་ཆག་ན་མི་བསྲེག་ཅིང་གོང་བཤད་ཀྱི་བདུད་རྩི་ལྔས་བདུག་པ་དང༌། ཡང་ན་གླ་རིལ་ལམ་སྤའུ་སྟེ་ས་ཕག་བསྲོས་པས་བདུག་པ་དང་བྱིན་གཞུག་དང་ལོང་རྩ་གཉིས་ལ་ཅི་རིགས་པར་གཏར་ཞིང༌། དེའི་རྗེས་ལ་ཕྱི་རྒྱུད་ལྟར་གྱི་རྩ་སྦྱོང་བཏང་ནས་ཆུ་ཚན་བྱ་བ་བསྔགས་པ་ཡིན་ཞིང༌། རྐེད་པ་ཆག་ན་གོང་བཤད་ཀྱི་སྐྱ་སྦྱོར་བྱས་སྟེང་ཕྱིང་དེབ་བཏང་ལ་མི་འགུལ་བར་གན་རྐྱལ་དུ་ཉལ་ལ་ཟས་བསིལ་བཅུད་བསྟེན་ཅིང་ཨ་བྱག་དང་རྩ་ཨ་བ་གང་རུང་ཅིག་སྲང་གཉིས་ནི་གསེར་ཞོ་བརྒྱད་ལ་གསེར་སྲང་རེ་བྱས་པའི་ཞོ་བཅུ་དྲུག་ཡིན་ལ། དེ་ཆ་བཞིར་བགོས་ལ་ཆ་གཅིག་པ་སྦྲང་དང་སྦྱར། ཆ་གཉིས་པ་བ་མར་དང་སྦྱར། ཆ་གསུམ་པ་འོ་མར་སྦྱར། ཆ་བཞི་པ་ནི་བུ་རམ་ལ་དཀར་ནག་གཉིས་ཡོད་པའི་འདུར་པོ་ལ་ནག་པོ་དང་བུར་སག་ལ་དཀར་པོ་ཞེས་པའི་བུ་རམ་དཀར་པོ་དང་སྦྱར་ཏེ་བྱིན་ལ། ཀུན་ལ་ན་མ་ཞེས་ལན་དང་པོ་སྦྲང་དང་སྦྱར། དེ་རྗེས་མར་འོ་མ་དང༌། ཐ་མ་བུ་རམ་དཀར་པོ་དང་སྦྱར་བ་ལན་གསུམ། གསུམ་རིམ་པས་སྤེལ་ལ་བཏང་བས་རྐེད་པ་ཆག་པ་དང་བཤུལ་ཤ་ཆད་པ་དང་རྨ་ཆེན་པོའི་རིགས་ཀྱི་རྣག་དང་ཁྲག་རྣམས་གསར་རྙིང་མེད་པར་སྐེམ་མོ། །རྩ་གནད་ལ་མེ་བཙའ་དང་གཏར་ག་དང་སྨན་གྱིས་བཅོས་དགོས་ཏེ། དང་པོ་མེ་ལ་རྩ་ཆད་པ་མཐུད་པ་དང༌། ཁྲག་ཤོར་བ་བཅད་པ་དང༌། གསང་ཁ་བསྡམ་པ་དང༌། ཨ་ན་ཚུགས་ཏེ་གཟེར་དམིགས་དང་བཞིའོ། །དང་པོ་ནང་ནས་རྩ་ཆད་རྣམས་ལ་མེས་མཐུད་པ་ནི་འདི་ལྟ་སྟེ། རྨ་ཁ་ཆེ་ན་རྩ་རྒྱུད་གོང་འོག་གཉིས་བསྲེག་པ་དང༌། ཆུང་ན་རྨའི་ཁ་དེ་ཉིད་རང་བསྲེག་པར་བྱ་ཞིང༌། འཁྱུས་འཕྲེང་དང་གང་གཟེར་ཨ་ན་ཚུགས་སུ་སྟེ་དམིགས་དེ་གའི་སྟེང་དུ་བསྲེག་ཅིང༌། ནང་རྩ་ཆད་པ་རྣམས་ལ་སྤྱི་གཙུག་དང་ལྟག་པའི་སྡུད་སྒོ་དང་རྐང་མཐིལ་གཉིས་མཐེ་བོང་སྤུ་སྐྱེས་གཉིས་ལག་པའི་སྲིན་ལག་གཉིས་ཀྱི་སྙིང་ནེའུ་ལེའི་སྟེང་སོག་པའི་དཀྱིལ་གཉིས་ཚིགས་པ་དྲུག་པ་བདུན་པ་རྣམས་གསེར་གྱིས་བསྲེག་པར་བྱ་ཞིང༌། མི་དོམ་རྒོད་ཉ་སོགས་ཀྱི་མཁྲིས་སྣ་གུར་ཀུམ་བཅས་ཆུ་གྲང་ལ་སྦྱར་བ་ཁོང་དུ་གཏང་བ་འདི་ལ་མགྱོགས་མེ་ཞེས་གྲགས་པའི་རྒྱུ་མཚན་ནི་ཁྲག་ཐིགས་སྐེམ་པ་ཤིན་ཏུ་མགྱོགས་པའི་བརྡ་ཆད་དེ་རྩ་ཐིགས་བསྡམ་པ་དང༌། མཁན་པ་དང༌། ཞུ་མཁན་དང༌། རྒྱ་སྐྱེགས་དང༌། བཙོད་ཁུ་རྣམས་བསྡུས་པར་གུར་ཀུམ་དང་དོམ་མཁྲིས་གཉིས་བཏབ་པ་བཏང་བས་རྩ་ཆད་མཐུད་ཅིང༌། གུར་ཀུམ་དང༌། མཚལ་དཀར་དང༌། དོམ་མཁྲིས་དང༌། ལི་ག་དུར་དང༌། གི་ཝཾ་དང༌། ཤིང་ཚ་དང༌། གསེར་གྱི་བྱེ་མ་དང༌། རེ་སྐོན་པ་དང༌། སྔོ་མཚེའི་ཐལ་བ་དང༌། རྨ་བྱ་དང་གཟུགས་མོའི་སྒྲོ་གཞོབ་དང༌། སྨྱུག་མའི་ཕྱིའི་རྩི་མེ་ལ་བསྲོས་ན་ཚི་ཡོད་པ་དེ་རྣམས་ར་ཁྲག་དང་བཅས་ལ་མེ་ལ་བསྲོས་པའི་ནང་དུ་སྤྲུ་འབུ་བསྡུས་པ་རྨ་དང་ཁོང་པ་གཉིས་ཀར་བཏང་བས་ཁད་སྤུ་ཞེས་རྩ་ཆད་པའི་ཕན་ཚུན་དུ་སྤུའི་རྣམ་པ་ཟང་ཟིང་ཡོད་པ་རང་གནས་སུ་གཞུག་པ་དང༌། རྩ་གང་ཆད་དེའི་དོན་སྣོད་གང་ཡིན་རྩ་ལ་གཏར་དགོས་ཀྱང་ཐོག་མར་དབྱེ་ཐང་བཏང་བས་ངན་ཁྲག་རྩ་རུ་དྲངས་ཏེ་ཡང་ཡང་དུ་གཏར་རོ། །རྩ་ཚད་ཆུ་སེར་ཕྱེ་མའི་སྨན་གྱིས་གསད་པར་བྱ་བ་ནི། གུར་ཀུམ་དང༌། དོམ་མཁྲིས་དང༌། མེ་ཏོག་ལེ་བརྒན་རྩི་ནི་བལ་པོ་གུར་ཀུམ་གྱིས་ཚབ་བྱེད་པ་དང༌། སྔོ་རྒྱབ་དམར་སོགས་ལ་བྱེད་པ་ནི་རྣམ་པར་འཁྱམས་ཏེ་ངོ་བོ་ནི་རྐྱང་སེལ་ཁ་སྐོང་དུ་བཤད་པ་དང༌། ལི་ཤི་དང༌། ཤིང་མངར་དང༌། མཚལ་དཀར་དང༌། དར་ཡ་ཀན་དང་ཀ་ར་རྣམས་སྦྱར་ལ་ལྟོ་སྟོང་དུ་བཏང་བར་བྱ་ཞིང༌། བྱེ་བྲག་ཏུ་བཅོས་པ་ནི་གློ་རྩ་ལ་ཨ་བྱག་གཟེར་འཇོམས་དང༌། ཤེལ་ཏ་སྟེ་ནགས་མའི་ཐང་ཆུ་དང༌། སྤྱི་ཞུར་དང༌། རྒྱ་སྐྱེགས་དང༌། མི་མཁྲིས་རྣམས་གོང་གི་སྟེང་དུ་བསྣན་ལ་བཏང༌། སྙིང་རྩ་ཆད་པ་ལ་ཙན་དན་དཀར་དམར། སྙིང་མཁལ་གླ་གོར་ཏེ་ཞོ་ཤ་གསུམ་དང༌། མཆིན་རྩ་ལ་བྲག་ཞུན་དང༌། མཁྲིས་ཆེན་ཏེ་མི་མཁྲིས་དང༌། གླ་རྩི་བསྣན་པ་དང༌། མཁལ་རྩ་ལ་སུག་སྨེལ་དང༌། རུ་རྟ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་བསྣན་པ་དང༌། རྒྱུ་རྩ་ལ་གསེར་གྱི་མེ་ཏོག་དང༌། དུག་མོ་ཉུང་དང༌། བོང་ང་དཀར་པོ་རྣམས་གོང་ལ་བསྣན་པས་རྩ་ཚད་སེལ་བར་བྱེད་དོ། །རྩ་ཡི་རྒྱལ་པོ་ལྟ་བུའི་སྲོག་རྩ་བཅོས་པ་ནི། སྲོག་རྩའི་མར་སྣ་ཡིན་པས་ལྟེ་འོག་སོར་བཞི་པ་དང༌། སྣེ་ཁུགས་ཀྱི་འཕར་རྩ་མིག་དམར་དང༌། ཨ་སོ་དང༌། སྒྲོག་རུས་གཤོངས་ནི་སྲོག་རྩའི་ཡལ་ག་སྟེ་དེའི་འཕར་རྩ་དང་ཚིགས་པ་དྲུག་པ་རྣམས་སྲོག་རླུང་གི་རྩ་ཡིན་པས་བསྲེག་ཅིང༌། ལོང་རྩ་བརླ་ནང་གི་རྩ་ཆེན་སྣོད་ཀ་རྩེ་ཆུང་སོགས་གཏར་ལ། ལི་ཤི་དང་ཀ་ར་བཅས་འོ་མ་དང་སྦྱར་ལ་བཏང་བ་དང༌། ག་བུར་ཅུ་གང་ཙན་དན་དཀར་པོ་བཅས་རྒྱལ་བློན་གསུམ་པ་ཡང་ཡང་བསྟུད་ལ་བཏང་བར་བྱ་ཞིང༌། རྩའི་ནད་རྙིང་པ་ནི་གོང་བཤད་ཀྱི་བདུད་རྩི་ལྔས་བདུག་ཅིང༌། རྒྱུད་ཕྱི་མ་ལྟར་གྱི་རྩ་སྦྱོང་དང་ཆུའི་ལུམས་བྱས་ལ་ནད་ཀྱི་ལྷག་མ་ལུས་པ་གདོན་ནོ། །

བྱང་ཁོག་སྟོད་དང་སྨད་གཉིས་ཡུལ་དང་སྦྱར་ལ་བཅོས་པ་ནི། བྱང་ཁོག་སྟོད་དེ་ལ་བཅོས་པའི་ཚུལ་རྣམ་པ་གཉིས་ཡོད་དེ། དེ་ཡང་བགྲོད་ས་ལམ་དང་སྦྱར་ཏེ་མ་ནོར་བར་བཅོས་པ་དང༌། ཉེས་བྱེད་ཞག་གྲངས་ཀྱི་དུས་དང་སྦྱར་ལ་བཅོས་དགོས་པའོ། །

དང་པོ་བགྲོད་ས་ལམ་དང་སྦྱར་ལ་བཅོས་པ་ནི་ནང་དུ་བརྡོལ་བ་དང༌། ཁྲག་བབས་དང་དོན་ལ་ཟིན་པའི་བཅོས་ཐབས་གསུམ་ཡོད་དེ།

དང་པོ་ནང་དུ་བརྡོལ་ན་རྩའི་ཁྲག་མ་ཤོར་ཡང་མཚོན་གྱི་ཕྱིར་ཁྲག་བབས་པའི་ཞལ་བ་ཅིག་འབྱུང་བའི་ཕྱིར་ན་དེ་ལ་དང་པོ་མགྱོགས་མེའི་སྦྱོར་བས་ཁྲག་ཐིགས་བསྐམ་དགོས་པས་དེའི་སྨན་ནི། གུར་ཀུམ་དང་རྒྱ་སྐྱེགས་དང་མཁྲིས་སྣ་ཚོགས་ཚད་ཆུ་གྲང་ལ་སྦངས་ནས་གཏོང་བའི་མགྱོགས་མེ་བྱ་ཞིང་དྲོད་དུ་འགྱུར་བའི་ཆས་བསྟེན་ཆེས་ན་ཁྲག་ཚད་སྐྱེད་པར་བྱེད་པས་ན་རྨ་ཁ་མི་སྐམ་པར་བྱ་ཕྱིར་སྔོའམ་སྦང་མའི་ཆས་སྟེང་ཐེར་སྲབ་བཅིང་བར་བྱ། ཚད་པ་ཕྲན་བུ་སྐྱེ་བར་མངོན་ན་གཏར་ག་དང་ཕྱེ་མ་རིག་པས་གང་འོས་སྦྱར་ལ། ཟས་དང་སྤྱོད་ལམ་གཉིས་པོ་བསིལ་ཞིང་དྲག་ཤུལ་དུ་འགྱུར་རིགས་སྤངས་པས་འཚོའོ། །ནང་བརྡོལ་བའི་རྩ་ཆད་ནས་ཁྲག་ངན་ཁོང་དུ་ཤོར་བ་ཡིན་ན་མེ་དང་སྨན་གྱིས་རྩ་བཅོས་སྐབས་ལྟར་རྩ་ཆད་པ་ལ་ཁད་སྤུ་གཞུག་པ་དང༌། གུར་ཀུམ་དང་ཕུར་མོང་དཀར་པོའི་ཐལ་བ་དང་མཁྲིས་སྣ་ཆུ་གྲང་དང་སྦྱར་བ་ཁོང་དུ་གཏང་བའི་མགྱོགས་མེ་བསྟེན་ཞིང༌། ཁྲག་འཁྱགས་པའི་ཟུག་གཟེར་དུགས་དང་ཐང་དང་ཁུགས་གསུམ་གྱིས་བཅག་དགོས་པའི་དུགས་ནི། སྦང་གར་དང༌། གཡེར་མ་དང༌། ཚྭ་དང༌། ཕབས་དང༌། མར་ནག་ཕྱེ་རྣམས་ཚོས་པར་བཅོས་པའི་ཟན་དྲོན་སླ་མོའི་ཨ་སས་བདུགས་པས་ཁྲག་ཕྱིར་འདྲེན་ལ་ཟུག་གཟེར་གཅོག་ཅིང༌། ཆུ་གཏིང་གི་རྡེའུ་བརྔོས་ལ་སིངས་པོའི་ཁ་ཕྲུ་བཏབ་ནས་སྒྱེའུར་གཏུམས་ལ་ནད་ཀྱིས་གང་གཟེར་བའི་སྟེང་དུ་གླན་ནོ། །ཡང་ན་རྟ་སྦངས་སེར་ཁ་མ་ནི་དབྱར་གྱི་རྟ་སྦངས་ཆར་ཉིས་ཁྱེར་བ་དེ་ལ་ཆང་གིས་ཁ་ཕྲུ་གདབ་སླ་ངར་བསྲོ། ཧེལ་གེས་དྲིལ་ཤ་ལ་ར་བལ་གླན་པའི་དུགས་ཀྱིས་བདུག་ཅིང༌། དེ་དག་མ་འཛོམ་ན་ཡོས་ཀྱི་དུགས་བྱས་ཀྱང་བཏུབ་བོ། །གླ་བ་ཤིང་ནི་རྐྱང་སེལ་དུ་གསལ་བ་དེའི་སྙིང་པོའམ་རྐང་མར་ཆ་གཉིས་བསེ་རུ་ཆ་གཉིས་འོ་མ་ཕུལ་ཕྱེད་ཆུ་ཕུལ་ཕྱེད་ལ་གདུས་པའི་ཁུ་བར་དོམ་མཁྲིས་དང་ཀ་ར་བཏབ་ལ་བཏང་བས་ཁྲག་འཇུ་ཞིང་ཚ་བ་མི་སྐྱེ་བར་ཟུག་གཟེར་གཅོག་གོ། ཡང་དེ་དག་མ་འཛོམ་ན་འོ་མ་བསྐོལ་བའི་ཁ་ལ་དོམ་མཁྲིས་བཏབ་ལ་བཏང་བས་ཁྲག་འཁྱགས་འཇུ་ཞིང་སྐེམ་མོ། །ཡང་ན་ཨ་རུ་ར་དང་སྒེ་གཤེར་ཞེས་སྒ་སྐྱ་དང་རྒྱམ་ཚྭ་དང་རྒྱ་སྐྱེགས་རྣམས་ཆུ་ལ་གདུས་པའི་ཁུ་བར་དོམ་མཁྲིས་བཏབ་ལ་བཏང་བས་འཇུ་སྐེམ་གོང་བཞིན་བྱེད་པ་ཡིན་ནོ། །སྟོད་སྨད་གང་དུ་ཡང་འཚབས་མེད་པ་དང་རྨ་ཁ་ཆེ་བ་དང་ནང་རྩ་མ་ཆོད་ཅིང་གསང་དུ་ཕོག་པ་རྣམས་ལ་ཁྲག་ཁུག་མར་རམ་རྨ་རུ་འདྲེན་པ་ཤིས་ཏེ། དཀུའི་ཐད་དེ་དཔྱིའི་ཁ་གཟར་དང་ལྟེ་ཟུར་འོག་ཙམ་གྱི་བར་སྟོང་གཡས་གཡོན་གཉིས་དང་ལྷེན་སྣེའི་འོག་གསུམ་དུ་དྲུ་བུ་ནད་པ་རང་གི་སྙིམ་པ་ཁ་སྦྱར་ཙམ་རེ་བཅུག་སྟེ་པུས་མོ་བྲང་ལ་སྦྱར་ཏེ་བཅས་ལ་ལག་པས་དྲུ་བུ་བཟུང་ནས་ཤམ་བུ་ཞེས་རས་སམ་ཐེར་སྣམ་སོགས་ཀྱིས་དམ་དུ་དཀྲིས་ལ་ཁུགས་ཤིང་རིང་ཐུང་ལུས་ཤོང་ཙམ་ལ་ཕྲ་སྦོམ་ལག་ངར་ཙམ་པ་བཞི་རེའུ་མིག་ཏུ་བསྣོལ་བའི་སྟེང་དུ་རྨ་ཁ་རེའུ་མིག་གི་ནང་དུ་ཐུར་ལ་བསྟན་ཅིང༌། རྨ་ཁ་ཁ་ཆུང་ནས་ཁྲག་ཐོན་ཆུང་ན་རྨ་ཁ་ཐུར་མས་ཆེ་བར་གསེང་ཞིང་དབུགས་བསྡམས་པས་རྨ་ཁ་ནས་ཁྲག་ཅི་ཐོན་བྱ་ཞིང༌། ཁྲག་ལ་ལྦུ་བ་བྱུང་ན་ཁྲག་ཟད་རླུང་དུས་སླེབ་པ་ཡིན་པས་ཁུགས་འཕྲོ་བཅད་ཅིང༌། འདི་དང་ལྡན་ན་ཡོན་ཏན་ནི་ཟུག་འབྲི་ཞིང་རྨ་གསོ་སླ་བ་སོགས་བརྗོད་ཀྱིས་མི་ལང་བར་ཡོད་ཅིང༌། གལ་ཏེ་ཁྲག་རྨ་ཁར་མ་ཐོན་ན་ཁྲག་བཤལ་གྱིས་ཐུར་དུ་སྦྱང་བ་ནི། རྒྱ་ཚྭ་དང༌། རུ་རྟ་དང༌། ཨ་རུ་རའི་མཆུ་དང༌། ལང་ཐང་ཙེ་རྣམས་ཕྱེ་མ་བྱས་ལ་དུར་བྱིད་དང་ལྕུམ་རྩ་བསྐོལ་བའི་ཐང་དུ་བཏབ་ལ་བཏང་བ་དང༌། ཡང་ན་རྒྱ་ཚྭ་དང༌། དོམ་མཁྲིས་དང༌། བོང་ང་དཀར་པོ་དང༌། མངལ་ཁྲག་དང༌། ཁྲོན་བུ་རྣམས་དྲི་ཆུར་སྦྱར་ལ་བཏང༌། ཁྲག་ཚད་ནི་ཁྲག་གསོད་པའི་ཐང་དང་ཕྱེ་མས་གསོད་དགོས་པ་གཉིས་ལས། ཐང་སྦྱོར་ལ་གུར་ཀུམ་དང༌། དོམ་མཁྲིས་དང༌། དར་ཡ་ཀན་དང༌། རྒྱ་སྐྱེགས་དང༌། བཙོད་དང༌། རྒུ་དྲུས་དང༌། བ་ཤ་ཀ་དང༌། རེ་སྐོན་དང༌། ཧོང་ལེན་དང༌། ཏིག་ཏ་དང༌། བོང་ང་དཀར་པོ་དང༌། ཨ་རུ་ར་རྣམས་བསྡུས་པའི་ཁུ་བ་དྲོ་འཇམ་དུ་བཏང༌། མ་ནུ་དང༌། སླེ་ཏྲེས་དང༌། ག་དུར་དང༌། དུག་མོ་ཉུང་རྣམས་བསྡུས་པའི་ཁུ་བ་དྲོ་འཇམ་བཏང་ན་ཁྲག་གཟེར་གཅོག་པའི་མཆོག་ཏུ་འགྱུར་ཞིང༌། རྒྱ་སྐྱེགས་དང༌། སྐྱུ་རུ་ར་དང༌། བ་ཤ་ཀ་རྣམས་བསྡུས་པའི་ཁུ་བར་དོམ་མཁྲིས་ཀྱི་ཁ་ཚར་བཏབ་ལ་བཏང་བས་ཁྲག་ངན་གྱི་ཚ་བ་རོལ་དུ་གསོད་པའི་མཆོག་གོ། ཕྱེ་མས་བསད་པ་ཁྲག་དུས་ཀྱིས་སྐེམ་དང་འདྲ་སྟེ་འོག་ཏུ་བསྟན་པ་ལྟར་རྟོགས་དགོས་ཤིང༌། ཁྲག་གི་རྒྱ་མཚོ་ལྟར་འཁྱིལ་བ་དེ་རྩེ་ཆུང་རུ་ཐུང་ལོང་རྩ་ལ་སོགས་སྟོད་སྨད་གང་ཉེའི་རྩའི་ཡུལ་དུ་གཏར་གྱིས་དྲངས་བ་དང༌། སྤྱོད་ལམ་ལ་གཟབ་ཅིང་ཁ་ཟས་ཀྱང་བསིལ་གྱིས་བཅོས་པར་བྱའོ། །ནང་བརྡོལ་དོན་ལ་ཟིན་པ། མོད་དེ་འཕྲལ་ལ་མ་ཤི་ན། དང་པོར་དོན་ལ་ཐིགས་མི་འོང་བར་མགྱོགས་མེས་བསྡམ་པར་བྱ་དགོས་ཏེ། དེ་ལ་མི་དང་དོམ་དང་ཉ་སོགས་ཀྱི་མཁྲིས་སྣ་གུར་ཀུམ་དང༌། རྩྭ་ཨ་བ་དང༌། ཨ་བྱག་དང་ལི་གྲི་རྣམས་ཐང་ངམ་ཆུ་ལ་བཏབ་པ་ཁོང་དུ་བཏང་བའི་མགྱོགས་མེ་བསྟེན་ཞིང༌། ཨ་རུ་གསེར་མདོག་དང༌། དོམ་མཁྲིས་དང༌། དར་ཡ་ཀན་དང༌། བྲེ་གུ་གསེར་ཐིག་དང༌། རྟའི་མཆེར་པ་སྐམ་པོ་དང༌། ཤ་རུའི་ཐལ་བ་དང༌། སྦྲང་སྒོར་ཚར་བའི་ཕྱེ་མ་རྣམས་གོང་གི་མགྱོགས་མེས་ཕུལ་ལ་བཏང་ཞིང༌། དེ་མ་འཛོམ་ན་དོམ་མཁྲིས་དང༌། ལི་གྲི་དང༌། མགྲོན་བུའི་ཐལ་བ་དང་ཀ་ར་རྣམས་གོང་གི་མགྱོགས་མེས་དབུལ་བར་བྱ་ཞིང༌། དེ་ཡང་དོན་ལ་ཟུག་རྔུ་མ་ལུས་ཤིང་རྩ་ཆོད་པའི་དོན་སྙིང་གི་རྨ་ལ་ཁྲག་འབྱོར་གོང་བཤད་ལྟར་བྱེད་པ་ཡིན་པས་དོན་ཟིན་ནས་གཟེར་གྱིས་དགྱེ་རྒུ་མི་ཤེས་པར་པང་དུ་བུ་ཆུང་ལྟར་འཆོས་དགོས་ཤིང༌། དོན་གཟེར་གཅོག་པ་ལ་བཟང་ཁྲག་གཏར་གྱིས་འདོན་པ་དཔྱད་ཀྱི་མཆོག་ཡིན་པས་ཁྲག་ཤེད་སྨོད་དགོས་ཏེ། དེ་ཡང་གློ་བུ་དང་སྙིང་ལ་རྩ་ཆེན་ཡས་ནས་མར་རིམ་གྱིས་བབས་ཞེས་རྩེ་ཆུང་སྣོད་ཀ་དྲུག་འགོ་སོགས་གཏར་ཞིང༌། གློ་བ་མ་ལ་རྩ་ཕྲན་ཕྲན་བུ་སྒང་རྩ་སོགས་མས་ནས་ཡར་འཛེག་ཏུ་གཏར་བ་དང༌། དོན་གྱི་ཚད་པ་རྒྱས་པ་བསིལ་བའི་སྨན་གྱི་ཕྱེ་མས་བསད་དགོས་ཏེ། གློ་མ་ལ་ག་བུར་དང་བཟང་པོ་ཅུ་གུར་ཛཱ་ལི་སུག་ཀ་དྲུག་དང༌། ཙན་དན་དཀར་དམར་གཉིས། ཤིང་མངར་དང༌། རྒུན་འབྲུམ་དང༌། སྲོ་ལོ་དང༌། སྤང་རྒྱན་དཀར་པོ་དང༌། བསེ་རུ་དཀར་པོ། གྭ་དོར་ཞེས་ཤ་བའི་རྭ་འབུར་ཙམ་ཐོན་པ་དེ་དང་ཀ་ར་རྣམས་སྦྱར་ལ་བཏང་བ་དང༌། གློ་བུ་ལ་ག་བུར་དང༌། ཅུ་གང་དང༌། ཛཱ་ཏི་དང༌། ལི་ཤི་དང༌། ཨུཏྤལ་དང༌། ཤིང་ཚ་དང༌། གནྡྷ་པ་ཏྲ་སྟེ་སྔོ་སྤྲ་བའི་སྡོང་པོ་འདྲ་བ་དེ་དང༌། པདྨ་གེ་སར་དང༌། ཧོང་ལེན་དང༌། མོན་ཆ་ར་དངོས་སམ་ཚབ་བེ་ནག་གི་འབྲས་བུ་དང༌། ཆུ་སྲིན་སྡེར་མོ་དང༌། ཨ་རུ་ར་དང༌། ཀ་ར་རྣམས་སྦྱར་ལ་བཏང་བ་དང༌། སྙིང་ལ་ཛཱ་ཏི་དང༌། ལི་ཤི་དང༌། ཨ་རུ་ར་དང༌། མཁལ་སྙིང་གླ་གོར་ཏེ་ཞོ་ཤ་རྣམ་པ་གསུམ་ཆུ་གྲང་མོས་ཕུལ་ལ་བཏང་བ་དང༌། སྙིང་གིས་མི་དྲན་ཞིང་འབོག་ན་བྱ་རྒོད་ཀྱི་སྙིང་དང༌། ལི་ཤི་དང་ཞོ་ཤ་གསུམ་དང་ཏི་མུ་ས་ཞེས་བྱ་རྐང་པ་བསྡུས་པའི་ཐང་བཏང་ལ་ཚིགས་པ་བདུན་པ་དང༌། དཀར་ནག་མཚམས་དང༌། སྒྱིད་ཁུང་སྒབ་རྩ་ནག་པོ། མཐེ་བོང་རྒྱབ་ཀྱི་སྤུ་སྐྱེས་རྣམས་བསྲེག་པར་བྱ་ཞིང༌། འདི་ལ་ཟས་དང་སྤྱོད་ལམ་གང་ཅི་ཁྲག་གི་སྐབས་ལྟར་གཙང་སྦྲའི་སྒོ་ནས་བསྟེན་པར་བྱ་དགོས་པ་ཡིན་ནོ། །

ཉེས་བྱེད་དུས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི་དེ་ལ་བཅོས་ཚུལ་མདོར་བསྟན་པ་དང་བཅོས་ཐབས་གཉིས་ལས། དང་པོའི་ཞག་བདུན་ནི་ཞུགས་པ་ཁྲག་གི་དུས་ཡིན་ཏེ། སྐབས་དེར་བྲམ་ཟེ་ལྟ་བུར་གཙང་སྦྲ་གཙོ་བོར་བཏོན་པའི་སྒོ་ནས་བཅོས་པ་དང༌། བར་དུ་ཞག་བདུན་ནང་རྒྱས་པ་ཆུ་སེར་གྱི་དུས་སུ་དགེ་སློང་ལྟ་བུར་སྤྱོད་ལམ་ཞིབ་མོའི་སྒོ་ནས་བཅོས་པ་དང༌། ཐ་མའི་ཞག་བདུན་ནང་སྨིན་པ་རྣག་གི་དུས་སུ་རྒྱལ་པོ་ལྟ་བུར་ཟས་ཀྱི་སྒོ་ནས་བཅོས་པའོ། །

དེ་ནང་ནས་དང་པོ་ཁྲག་དུས་བྲམ་ཟེ་ལྟ་བུར་བཅོས་པ་དེ་ལའང་ཟུག་གཟེར་བཅག་པ་དང༌། རྩ་ཁ་བསྡམ་པ་དང་ཁྲག་ཚད་རོལ་དུ་བསད་པ་དང༌། ཉེས་བྱེད་རྩར་དྲངས་བ་དང༌། ཕྱི་ཚད་ཆུས་བཅག་དགོས་པའོ། །དང་པོ་གཟེར་བ་ལ་ཁྲག་གཟེར་དང༌། རྩ་གཟེར་དང༌། དོན་གཟེར་དང་གསུམ་གྱིས་གཟེར་གང་བྱུང་དང་ཁྲག་རྩ་དང་དོན་ལྔ་པོ་གང་བྱུང་གི་རྩ་གོང་དུ་བཤད་པ་ལྟར་ཁྲག་གཟེར་དུགས་དང་རྩ་གཟེར་མེ་བཙའ་དང༌། དོན་གཟེར་གཏར་གྱིས་བཅག་པ་གཅེས་སོ། །རྩ་ཁ་བསྡམ་པ་ལ་སྤྲ་བ་དང་མགྱོགས་མེ་གཉིས་ཡོད་པ་ལས། མགྱོགས་མེ་ནི་དར་དཀར་པོ་དྲི་མ་མེད་པའི་གཙང་མ་རུ་གུར་ཀུམ་དང་མི་དང་དོམ་གྱི་མཁྲིས་པ་ཨ་བྱག་རྣམས་ཕུར་བ་སྟེ་དར་ཁུད་དུ་གཏུམས་པར་སྨྱུག་མ་མཐོ་གང་བཙུགས་ལ་རས་སྐུད་ཀྱིས་བཀྱིགས་པ་གཡའ་གངས་དང་རྫ་ཆུ་གཙང་མ་ལ་སྨན་དེ་མདོག་འགྱུར་བར་བངས་སུ་གཞུག་པའི་ཁུ་བ་ཁོང་དུ་ལན་དྲུག་བདུན་གང་རིགས་བཏང་བས་རྩ་ཁ་སྡོམ་པ་དང༌། ཁྲག་ཚད་གསོད་ལ་དོན་གྱི་རྨ་འབྱོར་ཞིང་ཆུ་སེར་སྐེམ་པར་འགྱུར་བས་ན་མགྱོགས་མེའི་སྦྱོར་བ་འདི་ཉིད་ཞག་བཅུ་བཞི་ཡན་ཆད་སྐོམ་དུ་བསྟེན་ནོ། །ནང་བརྡོལ་བའི་རྩ་ཆོད་ཅིང་དོན་ཟིན་ཁྲག་བབས་པས་ན་ཁྲག་འཕེལ་ཞིང་མཁྲིས་པ་འཁྲུག་ལ་ཚ་བ་རྒྱས་པར་འགྱུར་ཏེ། དེའི་རྟགས་སུ་ཆུ་དམར་ལ་རྩ་གྲིམས་ཤིང་གདོང་པ་སྣུམ་པ་དང་རྔམ་པ་ཐུང་ལ་ནུབ་མོ་གཉིད་མི་ཕེབས་པར་ཉིན་པར་གཉིད་མི་ཐུབ་ཅིང༌། ཁ་དང་ལྕེ་དང་མཆུ་རྣམས་སྐམས་ཤིང་སོ་ལ་དྲེག་ནག་ཆགས་པ་དང༌། ཟས་ལ་མི་དགའ་ཞིང་སྐོམ་དད་ཤིན་ཏུ་ཆེ་བ་དང༌། ཙོག་པུར་མི་ཟུག་ལ་སྔས་དམས་ན་ཉལ་མི་ཤེས་པ་དང༌། ཐལ་གོང་པ་ཞེས་ཕྲག་པ་དང་སོག་དབྲག་སྦོ་ཞིང་ཟུག་གིས་གཟེར་བ་དང༌། ཁྲག་གི་ཚད་པ་རྒྱས་པ་ལ་ཟས་དང་སྤྱོད་ལམ་དང་ཕྱེ་མའི་སྨན་གསུམ་གྱིས་དཔྱད་དགོས་ཏེ། ཟས་དང་སྐོམ་ལ་ཆག་ཚེ་དང་བ་ར་མཛོ་ལ་སོགས་པའི་ཞོ་དང༌། དར་བ་གསར་པ་དང༌། མར་དཀར་དང་ཆུ་བསིལ་བསྟེན་པར་བྱ་ཞིང༌། ལན་ཚྭ་དང༌། ཤ་ཆང་དང༌། དྲོད་བཅུད་ཀྱི་རིགས་དུག་དང་འདྲ་བས་སྤང་ཞིང༌། སྤྱོད་ལམ་ནི་བསིལ་བའི་སར་སོས་དལ་ཏེ་དལ་པོ་ལས་དྲག་ཤུལ་གྱི་རིགས་སྤང་ངོ༌། །ཕྱེ་མ་ནི་ག་བུར་དང༌། ཙན་དན་དཀར་པོ་དང༌། ཅུ་གང་དང༌། གུར་ཀུམ་དང༌། ལི་ཤི་རྣམས་ཀྱིས་ཁྲག་རླངས་སུ་ཐོན་པ་གསོད་པ་དང༌། མི་དང༌། དོམ་དང༌། ཉ་དང༌། ཕག་པ་དང༌། ཁྱི་ནག་དང༌། གཡག་རོག་རྣམས་ཀྱི་མཁྲིས་པ་དང༌། ཟབ་ཆེན་ཏེ་གོས་ཆེན་ཚོས་སྣ་འཛོམ་པ་རྒྱབ་ལྷུག་བཏགས་སུ་ཡོད་པ་ཟ་འོག་གམ་ཟབ་ཆེན་ཟེར་བ་དེ་དང༌། འགྲོན་བུའི་ཐལ་བ་རྣམས་བཏང་བས་རྩའི་ཁ་སྡོམ་པ་དང༌། བསེ་རུ་དཀར་པོ་དང༌། གྭ་དོར་གཉིས་ཞེས་ཤ་བ་དང༌། ཁ་ཤའི་རྭ་འབུར་ཙམ་ཐོན་པ་དང༌། བ་ཤ་ཀ་དང༌། གཙོད་ཁྲག་དང༌། རེ་སྐོན་པ་དང༌། ལི་གྲི་བཅས་ཀྱིས་ཁྲག་ངན་སྐེམ་པའི་སྨན་རྟ་ཀ་ར་དང་སྦྱར་བ་དགོང་ཞོགས་གུང་གཉིས་བཞི་ཡར་དང༌། གུང་གཉིས་སྲོད་ཐོར་ཉི་ནུབ་སྟེ་དྲུག་ཡར་བཏང་ཞིང༌། ཡང་ན་དགུ་སྦྱོར་གྱི་ཕྱེ་མ་ལྟག་པ་སྤྲད་དེ་གཏོང་དགོས་པ་ནི། ག་བུར་དང༌། ཅུ་གང་དང༌། གུར་ཀུམ་དང༌། ཨུཏྤལ་དང༌། མཚལ་དང༌། གླ་རྩི་དང༌། སུག་སྨེལ་དང༌། སྟོང་སྣག་སྟེ་ལྕ་དཀར་དང༌། བ་ལེ་ཀ་རྣམས་ཀ་ར་དཀར་པོ་དང་སྦྱར་ཏེ་ནང་པར་ལྟོ་ལྟོང་ལ་སྔ་བར་བཏང་བ་དང༌། བསེ་རུ་དང༌། གོང་བཤད་ཤ་བའི་ག་དོར་དང༌། ཙན་དན་དང༌། ཨ་ག་རུ་དང༌། ཛཱ་ཏི་དང༌། འགྲོན་བུའི་ཐལ་བ་དང༌། ཨ་རུ་ར་དང༌། ལི་གྲི་དང༌། རྒྱ་རུ་དང༌། ཀ་ར་རྣམས་སྲོད་ཁྱེར་ཞེས་སྲོད་དུས་བཏང་ལ་ལྟག་པ་དེ་བཞིན་དུ་སྤྲད་པས་ཡོན་ཏན་གོང་དང་མཚུངས་སོ། །ཡང་ན་བདུན་སྦྱོར་གྱི་ཕྱེ་མ་ལྟག་པ་སྤྲད་དགོས་ཏེ། གོང་བཤད་ཀྱི་གྭ་དོར་རྭ་གཡས་པ་མཛོ་མོ་དཀར་མོའི་ཞོར་ཞག་པོ་གསུམ་སྦངས་ལ་དེ་རྗེས་ཚེར་མའི་མེ་ལ་བཙོ། དེ་ནས་མིའི་ཞོར་ཞག་པོ་གསུམ་སྦངས་ལ་བཙོ་དེ་ནས་གཙོད་ཀྱི་ཞོར་ཞག་པོ་གསུམ་སྦངས་ལ་བཙོ་བ་དེ་ཉིད་གྲིབ་སྐམས་རྒྱལ་པོ་ལྟ་བུར་བྱས་ཏེ་དེ་དང་ག་བུར་བསིལ་ཅུ་གུར་ལི་གསུམ་དང༌། ཛཱ་ཏི་ཕ་ལ་དང༌། ཧོང་ལེན་ཀ་ར་རྣམས་སྦྱར་ལ་ནང་པར་བཏང་ཞིང༌། རྒྱ་རུ་དང༌། ཙན་དན་དཀར་པོ་དང༌། པདྨ་གེ་སར་དང༌། ཨུཏྤལ་དང༌། ཛཱ་ཏི་དང༌། ཀ་ར་རྣམས་དགོང་མོ་བཏང་ངོ༌། །ཉེས་པར་བྱེད་པའི་ངན་ཁྲག་རྩ་རུ་དྲངས་བ་ལ་ནི་སྨིན་པ་དང་དབྱེ་བར་བྱ་བ་མི་དགོས་ཏེ་གང་ཞེ་ན། བྱ་ལོང་མེད་པས་སྔ་དྲོ་དགོང་ཀ་བསྟུད་ཀྱིན་གཏར་ནས་ཁྲག་ཤེད་སྨད་དགོས་ཏེ། སྨིན་དུས་བསྒུག་གིན་བསྡད་ན་སྟག་བྱུང་བའི་གདོང་དུ་མདའ་སོགས་མ་རྒྱབ་པར་ས་གཏོར་གྱིན་བསྡད་ན་ཚུར་གསོད་པ་དང་འདྲ་བས་ན་རྩེ་ཆུང་དང་དཔུང་རྩ་གཉིས་ཆུ་སེར་རླངས་གཅོག་གི་རྩ་ཡིན་ཞིང༌། དེ་བཞིན་དྲུག་འགོ་རུ་ཐུང་གཟེར་བ་ཟུག་གཅོག་རྩ་དང༌། སྣོད་ཀ་དང་མཁྲིས་རྩ་གཤའ་རིངས་དང་ག་འབྱེད་པའི་རྩ་དང༌། སྒང་རྩ་དང་མཆིན་མཁྲིས་འདོམ་རྩ་ཆུ་སེར་རྩད་གཅོད་ཀྱི་རྩ་དང༌། རྒྱབ་ཀྱི་སྒང་དང་སོག་དབྲག་ན་བར་སྒང་རྩ་དྲུག་འགོ་དང་ནུ་མ་དང་མཆན་འོག་བྲང་བཅས་གཟེར་བར་རུ་ཐུང་དང་སྣོད་ཀར་དྲངས་བ་སོགས། ཡས་བབས་དང་མས་འཛེག་གོང་དུ་བཤད་པ་ལྟར་ཚ་བའི་སྟོབས་དང་སྦྱར་བའི་ཁྲག་ལ་རྣག་མཁྲིས་ལྕགས་གཡའ་ལྟ་བུ་ཆགས་ན་གཏར་གྱིས་འདྲོངས་པས་གཏར་སྐྱེད་ཆེ་ན་མང་དུ་གཏར་ལ་ཉུང་དུ་དབྱུང༌། དེ་བཞིན་དམར་ནག་གཞའ་རིས་བྱུང་ན་མི་འདྲོངས་པས་ནད་པའི་ཟོ་དང་སྦྱར་གཏར་བ་དང༌། ཁྲག་མི་ཆགས་ཤིང་ཆུ་རུ་འགྲོ་ན་གཏར་ཚོད་བཟུང་དགོས་ཏེ། གང་ཞེ་ན་རྩར་མི་འདྲོངས་པ་ལ་བུངས་ཆེས་གཏར་བས་ཚོད་བཟུང་དགོས། གཏར་ཚོད་མ་ཟིན་ན་རྗེས་ལ་རྣག་གི་དུས་ལུས་ཟུངས་ཟད་ནས་རྣག་དབྱུང་ཐབས་མི་འོང་སྟེ། དཔེར་ན་མདའ་ཟད་ནས་དགྲ་བྱུང་བ་དང་འདྲ་བས་དེ་ལྟར་དུ་རྟོགས་དགོས་ཏེ་བྱ་རྒྱུ་ཟད་ཉེན་ཆེའོ། །ཕྱིའི་ཚ་བའི་རླངས་ཆུས་བཅག་པར་བྱ་བ་ནི། ཞག་ལྔ་ལོན་ནས་སྐར་མ་ཚོགས་དུས་ཀྱི་ཆུ་གྲང་མོས་ཉི་དྲོས་ཆུ་ལྕག་བརྡེག་པའི་འཕྲུལ་འཁོར་བསྐོར་བས་སྐེམ་པ་སླ་བ་དང༌། ཚ་བ་ཕྱིར་བྱེར་བ་རང་སར་སྐེམས་ཤིང་ཚ་བའི་རླངས་གཅོག་ལ་དེ་ལྟར་དུ་བཅོས་པས་ཚ་བའི་ནད་སྟོབས་བྲི་ནས་བདེ་སྐྱེད་ཆེ་ན་མྱུར་དུ་འཚོ་བར་འགྱུར་རོ། །གོང་དུ་བཤད་པ་དེ་ལ་སྐྱེད་མེད་ཅིང་ཞག་བདུན་འདས་པ་དང༌།

བར་དུ་རྒྱས་པ་ཆུ་སེར་གྱི་དུས་ཞེས་བྱ་བར་འགྱུར་བ་དེ་ལའང་རྒྱུ་དང་རིགས་དང་རྟགས་དང༌། སྐམ་ཐབས་བཞིའི་དང་པོ་ཆུ་སེར་དེའི་རྒྱུ་ལའང་བྱ་ཆད་དང༌། བྱ་ཤོར་དང༌། ཐིགས་སྡོད་དང༌། སྨུག་ཟིལ་ཏེ་རྣམ་པ་བཞི་ལས་གྱུར་པ་ཡིན་ཏེ། བྱ་ཆད་མཚོན་གྱི་ཕྱིར་ན་ཁྲག་ཤོར་བ་དང་ནང་དུ་ཁྲག་བབས་པ་ཡིན་ཏེ། དེ་ལྟར་གྱིས་མ་འདྲོངས་ཤིང་སྨན་གྱིས་མ་འཆུན་པ་ནི། བྱ་གཏོང་མཁན་གྱིས་བྱ་མ་བྱུང་བའི་སྐྱོན་བྱས་པ་ལྟ་བུ་དང༌། བྱ་ཤོར་ནི་ཕྱི་རྩ་གཉེན་པོ་ཆོད་པ་ཡིན་ཏེ། དུས་སུ་མེས་རྩ་འཕྲང་མ་སྡོམ་པ་བཅོས་ཀྱི་སྔོན་ལ་བྱ་ཤོར་བ་གཉིས། སྔར་ཤོར་ཡང་ཕྱིར་མི་སྐྱེ་བས་གྲང་བབས་ཀྱི་རྒྱུའོ། །ཐིགས་སྡོད་ལའང་རྩ་ཐིགས་དང༌། དོན་ཐིགས་དང་མདེ་ཐིགས་དང་གསུམ་བཤད་པ་ལས། ནད་རྩའི་ཐིགས་ལ་ཁ་ཤོར་དང་དུ་བ་གཉིས་ཀྱི་རྩ་བྲན་ཁ་ཤོར་སོག་སྦུགས་ནས་ཆུ་འཛག་པ་དང་འདྲ་བ་དང༌། རྩ་ཆེན་བཙན་བརྡུངས་ཀྱི་ཁྲག་དང་ཆུ་སེར་དུ་འདུས་ཏེ་ཡོད་པ་དེ་གཉིས་ལ་སྨན་གྱིས་ཁད་སྤུ་མ་ཚུད་པ་དང༌། དོན་ཐིགས་དོན་རྨ་དང་པོར་ཁྲག་འབྱོར་མ་བྱུང་བ་ལས་རྨ་རུས་ཁྲག་དང་ཆུ་སེར་འདུས་པས་ཐིགས་པ་དང༌། མདེའུ་ཐིགས་མདེའུ་ལུས་ན་སྡོད་པའི་མལ་ས་མ་རྙེད་པས་འགྱར་འགྱུར་མི་གནས་པའི་སྐྱོན་གྱིས་ཁྲག་དང་ཆུ་སེར་འདུས་ཏེ་འཐིགསྨུག་ཟིལ་ནི་ཁྲག་ཚད་རྒྱས་པ་སྨན་དང་གཏར་གྱིས་མ་ཆོམས་པས་ཚ་བ་རླངས་སུ་འཁྱིམས་པའི་ཁ་གཡམ་ཟིལ་པ་འདྲ་བ་དེ་རྣམས་འཕྲལ་ལ་སྐྱེ་བས་ཚ་བབས་ཀྱི་རྒྱུ་རུ་འགྱུར་རོ། །

རྒྱུ་དེས་བསྐྱེད་པའི་ཆུ་སེར་གྱི་རིགས་ལ་ཚ་བབས་དང་གྲང་བབས་དང༌། ཁྲག་བབས་པ་དང་ཆུ་སེར་རྐྱང་པ་སྟེ་བཞིའོ། །དང་པོ་ཚ་བབས་ཀྱི་རྟགས་ནི་རྩ་ཆུ་ཚ་ལ་གདོང་པ་སྣུམ་པ་དང༌། ཁ་ཟས་མི་འདོད་ཅིང་སྐམ་ལ་དུངས་པའི་སྙེགས་པ་དང་ཁ་དང་ལྕེ་སྐམ་ལ་ལུས་ཚ་བྱ་འབྲུམ་ཞེས་བྱ་སྤུ་བཏོགས་པའི་ཤུལ་འདྲ་བའམ་ཡུངས་ཀར་གཏོར་བ་ལྟ་བུའི་འབྲུམ་ཕྲན་འོང་ཞིང་གློ་མང་ལྡང་བར་བྱེད་པ་དང༌། དབུགས་སྣ་ཐུང་ལ་ཉིན་གཉིད་མི་ཐུབ་པར་ཆོགས་ཤིང་ནུབ་མོ་གཉིད་ཡར་ནས་མི་འོང་བ་དང་ན་ཟུག་ཆེ་ཞིང་ཟ་ཟི་མང་ལ་ཚིགས་པའི་གསང་བྱེ་བ་དང༌། གློ་མང་ལ་ལུད་པའི་གསེབ་ཏུ་རྣག་འབྲུམ་ཡུངས་ཀར་གཏོར་བ་ལྟ་བུ་འབྱུང་བ་དེ་ནི་བསྐམས་པས་མི་སྐེམས་པས་རྒྱ་བཤལ་དུས་སུ་གསང་སྒོར་དབྱུང་བ་སྟེ་གསང་དབྱེ་དགོས་པ་གར་བབས་རིག་པས་སྦྱར་བའོ། །གྲང་བབས་ལ་རྩ་ཆུ་འཇམ་ལ་གདོང་པའི་མདངས་དཀར་བ་དང༌། དང་ག་བདེ་ལ་ལྕེ་རློན་ཞིང་སྐོམ་དད་ཆུང་བ་དང༌། ཤའི་དྲོད་ཆུང་ཞིང་འདར་བ་དང༌། གྲང་ཤུམ་མེད་ལ་དབུགས་བདེ་ཞིང་ཉིན་མོ་གཉིད་ཆུང་ལ་ནུབ་མོ་གཉིད་ཕེབས་པ་དང༌། ཟུག་ཆུང་ཞིང་བླ་འཆོལ་མི་སྨྲ་བ་དང༌། ཚིགས་གསང་མ་བྱེ་བ་དང༌། གློ་ཉུང་ཞིང་ལུད་པ་གཙང་ལ་ལུས་པོ་ཡང་བདེ་ལ་གསང་ས་དབྱེ་མི་དགོས་པར་བསྐམ་པས་སྐོམས་ལ། གང་ཡང་ཚབས་ཆུང་བ་ཆུ་སེར་གྱི་དུས་ཀྱང་ཁྲག་དང་བཅས་པར་ཡོད་པ་དེའི་ཕྱིར་ན་གཏར་གྱིས་འདྲོངས་ཤིང་སྐེམ་པ་སླའོ། །ཁྲག་གི་བབས་ཆེ་བའི་དོན་ལ་ཟིན་པའི་ཚབས་ཅན་དེ་ཁྲག་དུས་ནས་ཆུ་སེར་དང་ཕྱིང་དྲིལ་ཞེས་ཁྲག་དང་ཆུ་སེར་ལྷན་ཅིག་ཏུ་མ་བཅོས་ན། ཞག་བདུན་འདས་ནས་ཁྲག་དེ་ཆུ་སེར་རྐྱང་པར་འགྱུར་བས་ནད་དེ་ཉིད་གཏར་གྱིས་རྩར་མི་འདྲོངས་ཤིང་སྐེམ་པ་ཡང་དཀའ་བས་དེའི་ཕྱིར་ཚབས་ཆུང་ན་ཁྲག་དུས་དང་ཆུ་སེར་དུས་དང་རྣག་དུས་གསུམ་སོ་སོར་བཅོས་ཤིང་ཚབས་ཆེ་ན། ཁྲག་དུས་ནས་ཆུ་སེར་དང་ཕྱིང་དྲིལ་ཞེས་ཁྲག་དང་ཆུ་སེར་ལྷན་ཅིག་ཏུ་བཅོས་དགོས་སོ། །

ཆུ་སེར་སྐེམ་པའི་ཐབས་དེ་ལ་ཡང་ཟས་དང་སྤྱོད་ལམ། དེ་ནས་སྨན། དེ་ནས་དཔྱད་ཀྱི་སྒོ་ནས་བཅོས་པ་དང་བཞིའི་ཟས་ནི་སྔར་བྲམ་ཟེའི་དུས་ཀྱི་སྟེང་དག་ཏུ་གནའ་བ་དང་དགོ་བ་དང་བ་ལང་གི་ཤ་གསར་པ་བསྣན་ལ་བཏང་ཞིང་ཟུངས་ཞེན་ན་མངར་ཀ་ར་བུར་སྦྲང་གསུམ་གྱི་ལྡེ་གུས་ལུས་ཟུངས་གསོའོ། །སྤྱོད་ལམ་ལྡང་བ་དང་ཉལ་བ་དང་དྲག་ཤུལ་ཆེན་པོའི་ལས་དང༌། སྐད་ཆེ་བར་སྨྲ་བ་དང༌། གློ་དྲག་ཏུ་ལུ་བ་དང༌། དྲི་མ་འཚིར་བ་སོགས་ཐོག་མར་ཟས་དེ་ནས་རྩ་ཁ་འབུད་པའི་དྲག་ཤུལ་གྱི་རིགས་རྒྱལ་པོའི་ཁྲིམས་ལྟར་མི་འདའ་བར་བསྲུང་བའོ། །

སྨན་གྱིས་སྐེམ་པའི་བཅོས་པ་དེ་ལའང་སྤྱི་དང་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་སྤྱི་ལའང་ཕྱེ་མ་དང༌། ལྡེ་གུ་དང༌། སྨན་མར་དང་གསུམ་ལས་དེ་ཡང་ཁྲག་དང་བཅས་པའི་དུས་སུ་བསྟེན་དགོས་པ་ཕྱེ་མ་དང༌། སྟེ་ཞེས་པ་འོག་མ་འདྲེན་ཚིག་གོ། ཆུ་སེར་རྐྱང་པའི་དུས་སུ་བསྟེན་དགོས་པ་ལྡེ་གུས་སྐེམ་པ་དང༌། རྣག་ཏུ་ཁུགས་ནས་བསྟེན་དགོས་པ་སྨན་མར་བཅས་རིམ་པས་ཤིས་པར་གསུངས་པའི་དང་པོ་ཕྱེ་མའི་སྦྱོར་བ་ལ་མི་འདྲ་བ་རྣམ་པ་གསུམ་ཡིན་ཏེ། དེ་ལ་ཉི་མ་ལྔའི་ཕྱེ་མ་སྦྱར་བ་ནི་བསེ་རུ་དཀར་པོ་དང༌། གོང་བཤད་ལྟར་ཤ་བ་དང༌། ཁ་ཤའི་གྭ་དོར་རྣམ་པ་གཉིས་ཏེ་རྭའི་ཉི་མ་དང༌། ཙན་དན་དཀར་དམར་གཉིས་ཤིང་གི་ཉི་མ་དང༌། ཨ་རུ་ར་གསེར་མདོག་དང༌། ཅུ་གང་དང༌། གུར་ཀུམ་དང༌། ཛཱ་ཏི་དང༌། གུ་གུལ་དཀར་པོ་དང༌། ཐལ་ཀ་རྡོ་རྗེ་དང༌། སོ་མ་ར་ཛ་དང་བཅས་རྩིའི་ཉི་མ་དང༌། ལི་གྲི་དང་རྡོ་མཁྲིས་གཉིས་རྡོའི་ཉི་མ་དང༌། ཟ་འོག་འགྲོན་བུ། ཕུར་མོའི་ཐལ་བ་བཅས་ཐལ་བའི་ཉི་མ་སྟེ་ཉི་མ་ལྔ་པོ་ཞིབ་ཏུ་བཏགས་པ་ཀ་ར་དཀར་པོ་དང་སྦྱར་བ་སེང་ལྡེང་དང༌། ཤི་ལ་ཛཱ་ཏུ་སྟེ་བ་ཆུར་བཞེད་པའང་ཡོད་ཀྱང༌། ཟླ་ཟེར་ལས། བྲག་ཞུན་ནི་ཤི་ལ་ཛཱ་ཏུའོ་ཞེས་པ་ལྟར། བྲག་ཞུན་བསིངས་པའི་དྭངས་མས་དབུལ་ལ་བཏང་བས་ཉི་མ་ལྔས་རྒྱ་མཚོ་སྐེམས་པ་ནི་བསྐལ་པ་འཇིག་དུས་ད་ལྟའི་ཉི་མ་ལྔ་འགྱུར་གྱི་ཚ་བ་ཤར་བས་རྒྱ་མཚོ་སྐེམས་པའི་དཔེ་ལྟར་དུ་ཁྲག་དང་ཆུ་སེར་དང་རྣག་གི་རྒྱ་མཚོ་སྐེམས་སོ། །རྒྱལ་བློན་དམག་དཔུང་དང་བཅས་པའི་ཕྱེ་མ་ནི་མུ་ཟི་སའི་རྒྱལ་རིགས་གསེར་དང་འདྲ་བ་ཁྱོར་བ་ཕྱེད་དང༌། བཙོ་སྦྱངས་བཀྲུ་གསུམ་བྱས་པའི་དངུལ་ཆུ་དུག་ཕྲལ་ཞོ་གཅིག་དང༌། སྟར་བུ་ཞོ་གསུམ་བློན་པོ་ལྟ་བུ་སྟེ་དེ་གསུམ་རྡོ་གཞོང་དྲོད་ཕབ་པར་སྔ་དྲོ་གཅིག་འདྲེས་པར་མཉེས་ལ་དམག་གམ་དམངས་ལྟ་བུ་རྭ་བསེ་རུ་དཀར་པོ་དང༌། གོང་བཤད་ལྟར་ཤ་བ་དང་ཁ་ཤའི་གྭ་དོར་གཉིས་དང༌། རྒྱ་རུ། ཤིང་ཙན་དན་དཀར་པོ་དང༌། ཨ་ག་རུ་རྩི་གུར་ཀུམ་དང༌། ཅུ་གང༌། ཐང་ཏིག་ཏ་དང་བ་ལེ་ཀམཁྲིས་པ་མི་དང༌། དོམ་དང༌། ཁྱི་གསུམ་གྱི་མཁྲིས་པ། སྔོ་ཧོང་ལེན་དང༌། བ་ཤ་ཀཐལ་བ་དུར་ནང་གི་ཐོད་པ་དང༌། དུང་དང༌། འགྲོན་བུའི་ཐལ་བ་རྣམས་ཀྱི་དཔུང་དང་བཅས་པ་ཀ་ར་དང་སྦྱར་ཏེ་བའི་ཆུས་སྤྲུ་རྩ་བསྡུས་པའི་ཁུ་བས་ཕུལ་ལ་བཏང་བས་རྣག་ཁྲག་ཆུ་སེར་ཞག་རེས་ཀྱང་སྐེམ་པར་ནུས་སོ། །རྩལ་ཆེན་རྣམས་གཅིག་ཏུ་བསྡུས་པའི་ཕྱེ་མ་སྦྱར་བ་ནི། གཙོ་བོ་པ་ཊ་ཧྲི་ལ་གསེར་དང་འདྲ་བ་ཞེས་མུ་ཟི་སེར་པོ་དེ་ས་དང་ཕྲལ་ལ་ལྕགས་ཀྱི་སྣོད་དུ་མེའི་སྙིང་པོ་སོལ་མེས་བཞུ་བ། ཨ་རུ་ར་ཆུ་ལ་སྦངས་ཁུར་བླུགས་ལ་གདུས་པ་དང་གྲང་མོ་གཉིས་མེ་དྲོད་སྟོབས་ཆེ་བར་གྲང་མོ་དང་ཆུང་ན་བསྡུས་པ་རིག་པས་སྦྱར་བ། གཙོ་བོ་མུ་ཟི་དུལ་མ་ཁྱོར་གང་སའི་རྩལ་ཆེན་དང༌། བསེ་རུ་དཀར་པོ་དང་ནི་གོང་བཤད་ཀྱི་ཤ་བ་དང་ཁ་ཤའི་གྭ་དོར་གཉིས་ཏེ་རྭའི་རྩལ་ཆེན། ཙན་དན་དཀར་དམར་གཉིས་དང་ཨ་ག་རུ་བཅས་ཤིང་གི་རྩལ་ཆེན། ག་བུར་ཅུ་གང་གུར་ཀུམ་སྟེ་རྩིའི་རྩལ་ཆེན། དོམ་མཁྲིས་དང་མི་དང་ཉ་མཁྲིས་གསུམ་མཁྲིས་པའི་རྩལ་ཆེན། གྲི་ཁར་བསད་པའི་མི་རུས་ཀྱི་ཐལ་བ་དང༌། འགྲོན་བུའི་ཐལ་བ་དང༌། ཤ་རུའི་ཐལ་བ་དང༌། དུང་ཐལ་དང་བཅས་རུས་པའི་རྩལ་ཆེན། ཏ་ཙ་སྟེ་གསེར་རྡོ་ནི་རྡོའི་རྩལ་ཆེན་ཕྱག་དྲེག་མའི་དགོངས་དོན་ལྟར་ཡིན་ཀྱང༌། འདི་ལ་རྟོག་དཔྱོད་དང་ལྡན་པ་དག་ན་རེ། གོང་དུ་སྐྱ་རྦབ་སྐབས་སུ་ཏ་ཙ་ཞེས་འུ་སུ་ཡིན་པར་བཤད་པ་དང༌། འདི་དང་མིག་ལེར་གསེར་རྡོ་ལ་ངོས་བཟུང་བ་འདི་གཉིས་འགལ་ལོ་ཞེ་ན་མི་འགལ་ཏེ། ཏ་ཙ་ཞེས་པ་གསེར་རྡོ་དང་འུ་སུ་གཉིས་ཀར་གྱི་སྤྱི་མིང་ལ་འཇུག་པ་བརྡ་སྤྲོད་དྲུག་པ་དང་ལེགས་སྦྱར་སོགས་སུ་རིམ་བཞིན་བཤད་ཅིང༌། འདིར་ནི་རོ་ནུས་བྱེད་ལས་དབང་གིས་སྐབས་ཐོབ་དམིགས་བསལ་ཡིན་ཏེ། ཅིའི་ཕྱིར་ན་བཤད་རྒྱུད་དུ། གསེར་རྡོ་དངུལ་རྡོས་ཆུ་སེར་འདྲེན་པར་བྱེད། །ཅེས་དང༌། འུ་སུས་ཕོ་བའི་བད་ཀན་ཚ་བ་སེལ། །ཞེས་གསུངས་པ་དང༌། གོང་འོག་ཏུ་ཅུང་ཞིག་ནད་གཞིའི་དབང་གིས་བསྒྱུར་ཁ་ཡོད་པ་རྣམས་ལའང་རྒྱུ་མཚན་འཆད་རྒྱུ་ཡོད་ཀྱང་ཡི་གེས་ངལ་བས་སྙིང་པོར་བསྡུས་ཏེ་བཀོད་པར་སོམ་ཉི་མི་བྱ་ཞིང་ར་མཉེ་ཉེ་ཤིང་རྩ་བའི་རྩལ་ཆེན། ཨ་རུ་ར་འབྲས་བུའི་རྩལ་ཆེན། རྩྭ་ཨ་བ་དང༌། ཨ་བྱག་དང༌། རེ་སྐོན་ཏེ་སྔོའི་རྩལ་ཆེན། ཕུར་མོ་དང་ཟ་འོག་ཐལ་བ་ཐལ་བའི་རྩལ་ཆེན་རྣམས་ཀ་ར་དང་སྦྱར་བ་སེང་ལྡེང་གི་ཁུ་བས་དབུལ་བ་ནི། མུ་ཟི་ཕྱེ་ལྟར་འགམ་པའི་སྦྱོར་བ་སྟེ་འདིས་ནི་ཁྲག་དང་ཆུ་སེར་རྒྱ་མཚོ་ཙམ་དུ་འཁྱིལ་ཡང་སྐེམ་པར་བྱེད་ནུས་པ་ཡིན་ཞིང༌། ས་རླན་ཅན་གྱི་སྟེང་དང་མེ་དང་ཉི་མ་སྤང་བར་བྱ་ཞིང་ཕོ་བས་མི་འཇུ་བར་ཧྲེམ་ན་སྨན་འཕྲོ་བཅད་ལ་ཆུ་བསྐོལ་བཏུང་ཞིང༌། སྨན་སོགས་ཕོ་བར་འགོར་རམ་མྱུར་དུ་འབྱམས་ན་གླང་གི་རྨིག་པ་སེ་ཧྲོག་བསྲེགས་པ་དང༌། གོ་སྙོད་དང་པི་པི་ལིང་གི་གདུས་ཐང་བཏང་ངོ༌། །དེ་ནས་ལྡེ་གུའི་སྦྱོར་བས་སྐེམ་པའི་ཐབས་བསྟན་པ་ནི། བའམ་མཛོ་མོའི་མར་གསར་པ་བཞུ་བའི་ལྦུ་བ་དང་ཞབས་ཀྱི་སྙིགས་མ་ཕྱུངས་པ་དང༌། སྦྲང་རྩི་བཟང་པོ་ཆུ་བཅད་ནས་བསྲེས་པ་ལ་གོང་གི་རྩལ་ཆེན་འདུས་པའི་ཕྱེ་མ་དེ་བཏབ་ལ་དཀྲུགས་པ་དེ་དག་ནི་མུ་ཟི་རྐང་ལྟར་བལྡག་པའི་སྦྱོར་བ་ཡིན་ཏེ། ཟུངས་ངན་པའི་ལུས་ཀྱི་སྟོབས་སྐྱེ་ཞིང་རྣག་དང་ཆུ་སེར་སྐེམ་པ་དང༌། འབྲི་མར་གསར་པ་བསྐོལ་བའི་ཁའི་ལྦུ་བ་དང་ཞབས་ཀྱི་སྙིགས་མ་ཕྱུངས་པ་ལ་མུ་ཟི་ཞིབ་ཏུ་བཏགས་པ་བཏབ་ནས་དཀྲུག་ཅིང་བསྐོལ་ལ་སེར་ལྗང་སེན་མོ་ལ་བྲིས་པས་དམར་ནག་ཏུ་མདོག་འགྱུར་བས་དེ་ལྟར་བྱུང་ན་ངད་ཡལ་ལ་གོང་གི་རྩལ་ཆེན་བསྡུས་པའི་ཕྱེ་མ་བཏབ་ལ་ལེགས་པར་དཀྲུགས་ནས་བཏང་བ་ནི། མུ་ཟི་ཁྲག་ལྟར་བཏུང་ཞེས་པ་རྣག་ཁྲག་སྐེམ་པའི་མཆོག་དང༌། མུ་ཟི་མར་ནག་དང་སྦྱར་ལ་དཀྲུག་ཅིང་མེ་ལ་གདུས་ནས། ཏིང་ཁྲོལ་གྱི་ཚད་ནི་མུ་ཟི་མར་ནག་སྦྱར་བ་མེ་ཆུང་ལ་དལ་བུས་གདུས་པ་ཆུ་ཐག་ཆོད་ཅིང་འདྲེས་པར་དཀྲུགས་པས་སྣོད་ཀྱི་གཏིང་མཐོང་བ་གར་སླ་ཞོ་ཙམ་དུ་ཕྱིན་ནས། ངད་ཡལ་བ་ལ་རྩལ་ཆེན་བསྡུས་པའི་ཕྱེ་མ་བཏབ་ལ་བཏང་བ་མུ་ཟི་ཤ་ལྟར་ཟ་བ་ཡིན་པས། ཞག་པོ་རེ་ལའང་རྣག་ཆུ་ཕུལ་རེ་སྐེམ་ནུས་སོ། །སེང་ལྡེང་བྲེ་གང་ཆང་དུ་ཞག་ལྔ་སྦངས་པའི་ཁུ་བ་ལ་ར་མཉེ་ཕུལ་གང༌། ཉེ་ཤིང་ཞོ་གཅིག་བསྡུས་ལ་གར་སླ་ལུག་ཞོ་ཙམ་པར་སྦྲང་རྩི་ཆུ་བཅད་པ་བསྲེས་ཏེ་འདྲེས་པ་ལ་མུ་ཟི་རྒྱལ་པོ་ཁྱོར་ཕྱེད་བསེ་རུ་རྒྱ་རུ་དང་ཤ་བའི་གྭ་དོར་གསུམ་ནང་བློན། མི་དང༌། དོམ་དང༌། ཉ་དང༌། ཕག་དང༌། བྱ་རྒོད་དང༌། འཕྱི་བ་དང༌། སྤྲེལ་དང༌། ཁྱི་མཁྲིས་ཏེ་བརྒྱད་པར་བློན། ཙན་དན་དཀར་པོ་དང་ཨ་ག་རུ་ཕྱི་བློན། བ་ལེ་ཀ་དམག་མི་དང་ཆུ་སེར་སྨན་སྤོས་ཐལ་སོ་གསུམ་དང༌། པདྨ་དང་ནཱ་ག་གེ་སར་གཉིས་དང་གུར་ཀུམ་རྣམས་ཐུན་བཟང་རེ་རེ་སྦྱར་ལ་བཏང་ཞིང༌། དེ་དག་ཀུན་གྱིས་ཀྱང་སྐེམ་པར་མ་གྱུར་པ་སླར་རྣག་ཏུ་གྱུར་ནས་སྨན་མར་དག་གིས་སྐམ་དགོས་པའི་སྦྱོར་བ་ནི་འོག་གི་རྣག་གི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱ་ཞིང༌། ཁྱད་པར་སོ་སོར་གདམས་པ་ནི་བྱིས་པ་བད་ཀན་གྱི་རང་བཞིན་ཅན་རུས་ཐལ་དང་སིག་སྣའི་སྦྱོར་བ་ཞེས་བྱ་བས་སྐམ་པ་ནི་གྲི་རུས་དང་དུར་ཐོད་གཉིས་གོང་བཤད་ལྟར་དང༌། ཤ་རུ་སོལ་མེར་དཀར་པོར་སོང་བར་བསྲེགས་པ་དང༌། འགྲོན་བུ་དང༌། སྒ་པི་ཕོ་སྟེ་ཚ་བ་གསུམ་དང༌། ཕུར་མོང༌། ཡོག་མོ། ཟ་འོག་གོས་ཆེན་རྣམས་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བར་བྱས་ཏེ། ཆུ་སེར་གྱི་སྨན་སྤོས་ཐལ་སོ་གསུམ་དང་ཀ་ར་རྣམས་སྦྱར་བ་ཆུ་བསྐོལ་གྱིས་དབུལ་བར་བྱ་བ་དང༌། ལང་ཚོ་དར་མ་མཁྲིས་པའི་རང་བཞིན་ཅན་གྱི་མི་དག་ལ་རིན་ཆེན་རྩི་སྨན་གྱི་སྦྱོར་བ་དག་གིས་སྐེམ་པ་ནི་ཟངས་ཐལ་དང༌། བྱུ་རུ་དང༌། མུ་ཏིག་དང༌། མཚལ་དཀར་བཞི། ག་བུར། བསིལ་ཅུ་གུར་ལི་གསུམ། ཙན་དན་དཀར་དམར་དང༌། མཁྲིས་པའི་སྣ་དང་ཀ་ར་རྣམས་སྦྱར་བ་གངས་ཀྱི་ཆུས་དབུལ་བར་བྱ་བ་དང༌། རྒས་པ་དང་རླུང་ཤས་ཆེ་བའི་མིའི་རིགས་ལ་རྭ་སྣའི་སྦྱོར་བ་དག་གིས་སྐེམ་པའི་ཐབས་ནི་བསེ་རུ་དཀར་ནག་དང༌། རྒྱ་རུ། ཤ་བ་དང༌། ཁ་ཤའི་རྭ་འབུར་ཙམ་ཐོན་པ་སྟེ་གྭ་དོར་གཉིས་དང༌། གནའ་བ་དང༌། དགོ་བ་དང༌། གཙོད་དང༌། རྒོད་ཅེས་བྱ་བ་བྱང་འབྲོང་དང༌། གཡུང་ནི་མིས་བདག་བྱེད་ཀྱི་གཡག་དང༌། བ་མེན་གྱི་རྭ་དང༌། གླང་རུ་དང༌། ར་ལུག་ཐུག་པོའི་རྭ་ལ་སོགས་རྭ་རིགས་ཚོགས་ཚད་རྣམས་ཐལ་ཚན་གྱི་མེ་ལ་སེར་ཙམ་བསྲེགས་པ་དང༌། ཅུ་གུར་ལི་ཛཱ་སུག་ཀ་ཀོ་ལ་སྟེ་བཟང་དྲུག་དང༌། མི་དང༌། དོམ་དང༌། ཉ་མཁྲིས་ཀ་ར་རྣམས་སྦྱར་བ་གཏོང༌། དཔྱད་ཀྱིས་བཅོས་པ་ལ་གཏར་བ་དང་སྦྱར་བ་གཉིས་ལས་དེ་ཡང་གཏར་ཉུང་སྐྱོན་གྱིས་ཆུ་སེར་ཚ་བ་རྩད་མི་ཆོད་ཅིང༌། གཏར་དྲགས་སྐྱོན་གྱིས་ཟུངས་འཛད་ལ་དེའི་ཕྱིར་ན་རིགས་ལ་དྲིས་ཞེས་ནད་གཞིའི་རིགས་ལ་གཏར་བའི་མདོག་སོགས་གོང་དུ་བཤད་པ་ལྟར་འཚམ་པར་བཅོས་དགོས་པ་དེ་ལྟར་སྨན་དང་གཏར་གའི་བཅོས་ཀྱིས་ཚ་བ་མ་བྲི་ན་ཆུ་སེར་གྱི་རྩ་བ་མཁྲིས་པ། མཁྲིས་པའི་རྩ་བ་ཁྲག་ཡིན་པས་ན་དེའི་གཉེན་པོ་སྦྱོར་བ་ཡིན་པས་དུར་བྱིད། ཚ་ལ་པུ་ཙེ་ཤེལ་ཏེ་ཧོང་ལེན་བཅས་ཀྱིས་སྦྱང་བ་དང༌། དེ་ལྟར་དུ་བཅོས་པས་ཚ་བའི་ནད་སྟོབས་བྲི་ཞིང་ཆུ་སེར་བསགས་པའི་རྟགས་ནུབ་ན་བཅོས་ཐུབ་པ་ཡིན་ལ། དེ་ལ་སྐྱེད་མེད་ཅིང་ཞག་བཅུ་བཞི་ཕར་འདས་པ་ནི་རྣག་གི་དུས་སུ་འགྱུར་རོ། །

ཐ་མ་སྨིན་པར་གྱུར་ནས་རྣག་གི་དུས་ཞེས་བྱ་བ། དེ་ལ་ཇི་ལྟར་བརྟག་པའི་ཐབས་དང་བཅོས་པར་བྱ་བའི་ཐབས་གཉིས་ཀྱི་དང་པོ་བརྟག་པའི་ཐབས་ལའང་རྣམ་པ་གསུམ་ཡོད་དེ་ཕྱི་རྟགས་དང་ནང་རྟགས་དང་གསང་རྟགས་སོ། །དེ་དག་གང་ཞེ་ན།

ཕྱིའི་རྟགས་ཀྱིས་རྣག་ཡོད་མེད་ལ་ཤན་དབྱེ་བ་དང༌། ནང་གི་རྟགས་ཀྱིས་རྣག་གནས་དམིགས་གསུམ་སོ་སོར་ངོས་བཟུང་བ་དང༌། གསང་བའི་རྟགས་ཀྱིས་འདྲ་མིན་གྱི་ནོར་ས་སྟེ་དོགས་པ་བསལ་བའོ། །དང་པོ་རྣག་ཡོད་མེད་ཀྱི་ལ་ཤན་དབྱེ་བ་ནི། རོ་སྟོད་རྒུ་ལ་གཉའ་ཆག་ཅིང་མགོ་གུག་མིག་སྤྲིན་སེར་བ་དང༌། ལུས་གཅུ་བའི་ཚེ་གར་ཡོད་ངོས་ཀྱི་དཔུང་པ་བཤལ་ལ། རྩ་དང་ཆུ་གཉིས་ཀའི་ཚ་བ་སངས་མི་སྲིད་ཅིང་མགོ་ན་ཞིང་གདོང་པ་རྔུལ་ལ་ལུས་སྤྱིར་ལྕི་བ་དང༌། གློ་ཆུང་ཡང་དུ་འོང་ཞིང་གློ་བ་དང་སྙིང་འདེག་ཅེས་འཕར་བ་དང༌། སྐད་ཀྱི་གདངས་ཆག་པ་སྟེ་ཞེན་ལ་སྐབས་སུ་བག་རེ་འཁྲུ་བ་དང༌། ཤ་མདོག་སྔོ་ལ་ལྕེ་དང་སོ་རྙིལ་སེན་མོ་རྣམས་དཀར་བ་དེ་སོགས་རྟགས་བཅུ་བཞི་པོ་ཚང་ན་རྣག་ཡོད་པར་ངེས་སོ། །རྣག་གི་གནས་གསུམ་གློ་སྦུབས་དང་གློ་བའི་ཚང་ཚིང་དང་གསང་དུ་བབས་པ་བཅས་གར་ཡོད་དམིགས་བཟུང་བ་ནི་བྱད་བཞིན་ངམ་གནག་ཅིང་རོ་སྟོད་བརྒྱངས་ཤིང་སྐབས་སུ་ཟུག་གིས་གཟེར་བ་དང༌། གཉིད་ཆེ་ཞིང་ཟ་ཟི་མང་ལ་མིག་ལྕིབས་དང་རྐང་བོལ་སྐྲངས་པ་དང༌། ཁ་ལ་རྣག་དྲི་ང་བ་རང་གཞན་གཉིས་ཀས་ཚོར་བ་དང་སྐབས་སུ་ལུད་པའི་གསེབ་ཏུ་རྣག་གི་འབྲུམ་པ་འབྱུང་བ་དེ་རྣམས་ནི་གློ་སྦུབས་ཀྱི་ནང་ན་རྣག་ཡོད་པར་ངེས་པ་ཡིན་ནོ། །གློ་རྩ་གང་ལ་ཡོད་པ་དེ་སྐབས་སུ་གཟེར་བ་དང༌། སྐབས་སུ་ཕྲུམ་སེར་ཏེ་གྲང་ཤུམ་འོང་ཞིང་ཞེ་འཁུན་བྱེད་ཅིང་རྣག་གང་ཡོད་ངོས་ལ་བྱ་འབྲུམ་སྟེ་བྱ་སྤུ་བཏོགས་ཤུལ་ལྟ་བུའམ་ཡུངས་ཀར་གཏོར་བ་འདྲ་བའི་འབྲུམ་ཆུང་ཏམ་གྱིས་འོང་ཞིང་སྟེང་དུ་བཏོན་པ་ན་ཁྱད་པར་ཅན་དུ་ཟུག་དང་གཟེར་ཆེ་ཞིང་གློ་སྤུབས་ཀྱི་གསང་དུ་བབས་པའི་རྟགས་གཞན་རྣམས་མེད་ན་ནི་གློ་བའི་ཚང་ཚིང་གི་བར་དུ་སྐྱི་ཕུར་ཞེས་གཏུམས་ནས་རྣག་ཡོད་ངེས་པ་ཡིན་ནོ། །གསང་ལ་བརྟག་པ་དེ་ལའང་བེམ་ཏོལ་དང་བ་སྤུའི་བརྟག་པ་དང༌། ཐིག་གིས་བརྟག་པ་དང༌། སྤྲུགས་པའི་སྐད་ལ་བརྟག་པ། མེ་ཏོག་ལ་བརྟག་པ། སད་མདའ་ལ་བརྟག་པ་སྟེ་མི་འགྱུར་རྟགས་དྲུག་ཚང་ན་ཕྱིར་བབས་རྣག་གི་དབྱེ་གསང་ན་རྣག་ཡོད་ངེས་པ་ཡིན་ཏེ། དང་པོ་བེམ་ཏོལ་ཞེས་སོར་མོས་དོགས་པ་ཡོད་ས་ཀུན་ལ་སྙོམས་པར་བརྡེག་ཅིང༌། གཡས་གཡོན་དང༌། མདུན་རྒྱབ་དང༌། སྟོད་སྨད་ཀུན་འདྲ་བར་སྣང་མིན་བསྟུན་ལ། སྟོང་སྐད་བྱུང་ན་རྣག་སོགས་མེད་ཅིང་གཅོར་སྐད་བྱུང་ན་ཆུ་སེར་ཡོད་པ་དང༌། འདར་བའི་སྐད་བྱུང་ན་རྣག་ཏུ་སྨིན་པ་ཡིན་ནོ། །དེ་ནས་གཉིས་པ་བ་སྤུའི་སྒོ་ནས་བརྟག་པ་ནི། སྐར་མར་བཏང་བའི་ཆུ་གྲང་མོས་ཉི་མ་ཁ་དྲོས་ཀྱི་དུས་ལ་ཁ་ནས་ཕྲུས་བྲན་པའི་རྗེས་ལ་ཆང་གིས་ཀྱང་ཁ་ནས་ཕྲུས་བཏབ་ལ་གོས་མི་བསྐོན་པར་དར་ཅིག་བཞག་སྟེ། ཉི་མའི་ཟེར་ལ་བལྟས་པས་བ་སྤུ་གཟིངས་ན་རྣག་མེད་ཅིང་ཆུ་སེར་ཡོད་ན་བ་སྤུ་འཚུབ་པ་དང༌། བའི་ལྕེས་བལྡགས་པའི་རྗེས་ལྟར་བ་སྤུ་རྣམས་ཉལ་ན་རྣག་ཡོད་པའོ། །དེ་ནས་གསུམ་པ་གཞལ་བ་ཐིག་ལ་བརྟན་པོ་བརྟག་དགོས་ཏེ། དེ་ཡང་ལུས་སྐྱིལ་ཀྲུང་དྲང་པོར་བསྲངས་ལ་མདུན་དང་རྒྱབ་གཉིས་ཀྱི་གཞུང་དུ་ཚངས་ཐིག་དང༌། དཔུང་འཛུམ་གཉིས་ནས་མདུན་སྐེ་སྟོང་དང་རྒྱབ་ཚིགས་པ་དང་པོའི་སྟེང་གནམ་ཐིག་གཉིས་འགྲུས་པ་སྟེ་ཡ་ཡོ་མེད་པར་གདབ། དེ་ནས་མདུན་ཚངས་ཐིག་ནས་རྒྱབ་ཚངས་ཐིག་བར་བྱེད་དུ་བཅད་པའི་ཟུར་ཐིག་དྲང་པོར་ཡས་སྣེ་མཆན་འོག་ཟུར་དང་མས་སྣེ་རྩིབ་ཐུང་གི་བར་གཡས་གཡོན་གཉིས་སུ་གདབ། དེ་རྗེས་ཟུར་ཐིག་གཉིས་དང་གཞུང་ཐིག་གཉིས་ཀྱི་བར་བཞི་པོ་ཕྱེད་གཤགས་སུ་བཏང་བའི་ཕྱེད་མར་རེ་དང་ལན་གཉིས་ཞེས་པས་སླར་ཡང་ཕྱེད་མར་ལན་རེ་གདབ་པས་ཁྱོན་རྒྱབ་མདུན་ལ་ཐིག་བདུན་རེ་སྟེ་བཅུ་བཟི་ཟུར་ཐིག་གཉིས་བཅས་འགྲེན་ཐིག་བཅུ་དྲུག་འབྱུང༌། དེ་ནས་རྒྱབ་ཚིགས་པ་བཅུ་གསུམ་པ་ནས་མདུན་ལྟེ་བར་གཡས་གཡོན་དུ་འཐེན་པའི་འཕྲེད་ཐིག་འོག་མ་གདབ། དེ་ནས་གནམ་ཐིག་བར་གསུམ་ཆར་བཏང་བའི་སྟེང་དུ་འཕྲེད་ཐིག་ལན་གཉིས་གདབ། ཕྱེད་མར་བཙལ་ཞེས་པས་སླར་ཐིག་བར་གསུམ་པོའི་ཕྱེད་དུ་ཐིག་རེ་བཏབ་པས་འཕྲེད་ཐིག་བདུན་འབྱུང་བ་ལ་འགྲེན་ཞེས་པ་གྱེན་དུ་ཐིག་བཅུ་དྲུག་དང༌། འཕྲེད་ལ་ཐིག་རྣམ་བདུན་གྱིས་བྱ་རྗེས་ཞེས་པ་སྤྱིར་འདུལ་བའི་གོས་ཀྱི་སྐབས། ཡུལ་མ་ག་དྷའི་ཞིང་གི་རྣང་སྒལ་ལ་དཔེ་བྱས་ནས་ཆོས་གོས་འདྲ་ཚུལ་གསུངས་པའི་སྐབས་དེའི་རྣང་སྒལ་གྱི་སྟེང་དུ་བྱ་རྗེས་བྱུང་བའི་མཚོན་བྱེད་ཡིན་གསུངས་པའི་བོད་དུ་འདུལ་བ་འཛིན་པ་རྣམས་ཀྱི་ཕྱག་སྲོལ་ལ་ཚེམ་བུ་འདི་བཞིན་དང༌། དཀྱིལ་འཁོར་གྱི་ཐིག་རྩ་ཤྲངྔྷ་ཀ་ར་ཝ་རྨ་ལུགས་སུ་ཚངས་ཐིག་སོགས་ཐིག་ཆེན་བརྒྱད་དང་ཆ་ཆེན་བཅུ་དྲུག་ཐམས་ཅད་བྱ་རྗེས་ཀྱི་སྟེང་དུ་རྒྱག་པར་གསུངས་པ་དང༌། ཕྲེང་བ་སོགས་སུ། ཤར་སོགས་ཕྱོགས་ཀྱི་དཀྱིལ་འཁོར་སྟེང༌། །སྲད་བུ་བཟུང་ནས་མལ་བཞིས། །ཉ་ཡིས་མགོ་ནས་མཇུག་མའི་མཐར། །ཚངས་ཐིག་དང་ནི་ཟུར་ཐིག་གདབ། །ཅེས་པ་ལྟར་ཉའི་མགོ་མཇུག་དང་བྱ་རྗེས་སོགས་ཐིག་རྩ་ཕལ་ཆེར་དུ་མིང་བཏགས་པ་བཟོ་དབྱིབས་སྐོར་ཐིག་གིས་བཙལ་ན་དབྱིབས་འདི་འདྲ་བ་དང༌། འཕྲེད་ཐིག་གིས་བཙལ་ན་དབྱིབས་འདི་འདྲ་གཉིས་ཀ་འོང་འདུག་པ་དེ་ཐིག་མི་འཆོལ་བའི་ཕྱིར་བྱ་རྗེས་རྒྱ་གྲམ་གྱི་རྣམ་པའི་ཐིག་མི་འདྲ་བས་བཏབ་པ་ཕྲད་མཚམས་རྒྱུད་ནས་བཤད་པའི་འཕྲེད་ཐིག་གཞུང་ཐིག་རྣམས་འདེབས་པ་འདྲོངས་པའི་ཆེད་ཁོ་ན་ཡིན་པས་བྱ་རྗེས་ནས་བྱ་རྗེས་ཀྱི་ཐིག་གི་བར་གྲུ་བཞིའི་རྣམ་པ་ཅན་གང་དང་གང་དུ་ཞེས་པའི་དོན་ཚིག་བསྡུས་པ་གར་ཞེས་དཔེར་ན་གར་སོང༌། གར་ཡོད། གར་མཐོང༌། གར་འདུག་ཅེས་པ་ལྟ་བུའི་དོན་རྒྱ་ཁྱོན་གར་རྣག་ཡོད་པའི་ཉམས་ཀྱི་སད་མདའ་བེམ་ཏོལ་རྒྱབ་ན་འདར་སྐད་ཡོད་པ། བ་སྤུ་བས་བལྡགས་པའི་རྗེས་ལྟ་བུར་ཉལ་བ། སྤྲུགས་ན་ཅུག་ཅུག་ཟེར་བའི་སྒྲ་འོང་བ། ལག་མཐིལ་བསྟད་ན་ཐོལ་ཐོལ་ཁྱིལ་ཁྱིལ་བེའུ་འགུལ་བ་འདྲ་ཡོད་པ། དུས་ངེས་མེད་དམ་རྒྱུན་དུ་གཟེར་བ། ཤ་མདངས་གཞན་ལས་བཟང་བའམ། སེར་ག་དང་དྲེག་ཆུང་ཆགས་པ་ལྟ་བུའི་རྟགས་ཕལ་ཆེར་རམ་རེ་གཉིས་ཡོད་ན་གར་བྱུང་བའི་ཐིག་གིས་ཁོངས་དེ་ན་རྣག་ཡོད་པའི་རྟགས་ཡིན། དེ་ཡང་གསང་ས་གཙང་ངོས་དེ་ཚད་དང་དཔེ་རུ་མཚོན་པར་བྱའོ། །དེ་ནས་བཞི་པ་སྤྲུགས་པའི་སྐད་ཀྱིས་རྣག་བརྟག་པ་ནི། མི་དང་ཁྱི་དང་ཆུ་སོགས་ཀྱི་སྒྲ་སྐད་མེད་པའི་ཤིན་ཏུ་འགོལ་བའི་སར་ཁད་མཉམ་པའི་སྟན་བཏིང་ལ་སྐྱིལ་མོ་ཀྲུང་དུ་འདུག་ལ་སྐེའི་རྒྱན་སོགས་ཕོག་ལ་སྐྲ་བརྫེས་ལག་པ་སྤྱི་བོར་བསྣོལ་བར་སྨན་པས་དཔུང་མགོ་གཉིས་ནས་དལ་བུས་བཟུང་བ་ཇེ་དྲག་ཅེས་རིམ་པས་ཆེར་བཏང་ནས་དཀྲོག་ཅིང་མཇུག་ཏུ་ལན་མ་གསུམ་དྲག་ཏུ་ཞེས་ཤེད་ཆེ་བར་སྤྲུགས་ལ་ཉན་ཞིང་ཁྲོག་ཁྲོག་ཟེར་བའི་སྐད་བྱུང་ན་རླུང་ཡིན་ཞིང༌། ཤང་ཤང་ཟེར་ན་ཆུ་སེར་ཡོད་པ་དང༌། རྙོག་རྙོག་ཟེར་ན་རྒྱ་ཤལ་དང༌། ཅུག་ཅུག་ཟེར་ན་རྣག་ཏུ་ངེས་དགོས་པ་དང༌། དེ་ཡང་སྟོད་དུ་སྒྲ་བྱུང་ན་རྣག་མང་ལ་སྨད་དུ་བྱུང་ན་ཉུང་བར་རྟོགས་པ། དེས་ཀྱང་མ་རྟོགས་ན་ལོགས་ལ་བསྙལ་བར་བྱས་ཏེ། ལག་པ་འོག་མ་སྔས་ལ་བཅུག་གོང་མ་དཔྱི་སྟེང་དུ་བཀབ། དཔྱི་མགོ་དང་དཔུང་པ་ནས་བཟུང་སྟེ་གོང་ལྟར་སྤྲུག་སྤྲུག་བྱས་ནས་སྤྲུགས་པས་སྐད་ཀྱིས་ཀྱང་རྣག་ཡོད་མེད་ངེས་པ་སྟེར་ལ་གསང་དུ་ལག་མཐིལ་གཏད་ཅིང་བཀབ་པས་ཐོལ་ཐོལ་ཁྱིལ་ཁྱིལ་བེའུ་འགུལ་བ་འདྲ་ནའང་རྣག་ཡོད་དོ། །དེ་ནས་ལྔ་པ་གསང་སར་མེ་ཏོག་ལ་བརྟག་པ་ནི། དུས་སྔ་ཕྱི་མེད་པར་རྒྱུན་དུ་གསང་དུ་གཟེར་བ་དང༌། ཤའི་མདངས་ནི་གཞན་པས་རྣག་ཡོད་པ་དེ་ན་བཟང་བ་དང༌། རྩིབ་མའི་བར་ཡང་ལ་བརྩེ་ཞིང་སྦོས་ལ་གསོབ་པ་དང་རྫི་བར་ཞེས་མནན་ན་མི་བཟོད་ཅིང་སེར་ག་གས་པ་དང་དྲེག་ཆུང་ཆགས་པ་དེ་ནི་གསང་སར་རྣག་གི་མེ་ཏོག་ཤར་བའི་རྟགས་ཡིན་ནོ། །དྲུག་པ་དེ་ལྟར་བྱས་ཀྱང་ཐེ་ཚོམ་ཟ་ན་སད་མདའ་བཏང་བ་ལ། བྱི་བའི་བྲུན་བརྔོས་པའི་ཕྱེ། བུད་མེད་ཀྱི་ནུ་ཞོ་དང་སྦྱར་ལ་བསྐུ་ཞིང༌། བྱི་བའི་པགས་པ་རློན་པ་གླན་པས་གསང་སར་བ་སྤུ་ཉལ་ལམ་འཁྱིལ་ལམ་ཟུག་ཆེ་བའམ་སྐྱ་ལོག་པའམ་བྱ་རྗེས་སམ་བྲི་མིག་གམ་སེར་ག་གས་པ་འོང་བ་སོགས་རྣག་གིས་ང་འདིར་ཡོད་ཅེས་ཚུར་ལ་སྨྲ། ཡང་ན་ཤ་ཁྲག་ཚ་ནི་ཤ་བ་བོང་བུའི་ཕོ་མདུད་བྱ་མ་བྱི་དང་སོ་བའི་བྱའི་ཤབྱ་མཚའ་ལུའི་ཟེ་ཁྲགམངལ་ཁྲགརྒྱ་ཚྭ་དང་ཤུག་ཚེར་རྣམས་བ་ཆུ་ཕུལ་ཕྱེད་ལ་སྦྱར་བ་བ་ལུའི་མེ་ལ་གདུ་ཞིང་ཁྱོར་བ་གང་ཁྱེའུ་སུས་ཞེས་ནང་པར་ཐོ་རངས་ཕོ་བའི་བད་ཀན་བེ་སྣབས་བྱང་ཞིང་ཟས་མ་ཟོས་པའི་དྲོད་ཆེ་བའི་དུས་གདུས་པ་བཏང་ལ་སྲོ་ལོ་དཀར་པོ་ཆང་དུ་བཙོས་པ་རླངས་པ་བདུགས་པས་ཞག་གསུམ་སོང་བའི་ནང་པར་གསང་དུ་རྣག་གིས་གོང་ལྟར་འདིར་ཡོད་ཅེས་སྨྲ་བར་འགྱུར་ཞིང་ཁྱད་པར་ཡོལ་བས་བར་དུ་བཅད་པ་ལྟ་བུ་དང༌། ཡང་ན་ཡོལ་བ་སྟེ་མཆིན་དྲི་དཀར་སྟེང་དང་བར་རྣག་སྐྱི་ཕུར་ཞེས་གཏུམས་པ་རྟོགས་པར་ངེས་སོ། །དེ་ལྟར་མི་འགྱུར་ངེས་པའི་རྣག་ཡོད་པའི་རྟགས་དྲུག་ཚང་ན། ཐེ་ཚོམ་བྱ་མི་དགོས་པར་བཙགས་ཐུར་རྒྱབ་པས་ཆོག་ཅིང༌། དེ་ཡང་མདོག་དམར་ལ་ཕྱི་སྐྲངས་ཤིང་བ་སྤུ་འབྱི་བ་དང༌། སེ་བའི་སྡོང་པོ་རྒན་པོའི་པགས་པ་ལྟ་བུར་འགས་པ་ཤ་སྐྱི་སེར་ག་ཤིག་གེ་བ་དང༌། རྣག་དབྱུང་བའི་དུས་ལས་ཡོལ་ན་ནང་ཁྲོལ་རྣམས་རྣག་གི་ནང་དུ་ནུབ་ནས་རུལ་མྱགས་སུ་འགྱུར་ཞིང་གསང་དབྱེ་བ་ཕྱིས་ན་དེ་སྲོག་འདོར་ངེས་སོ། །གསང་བའི་རྟགས་ཀྱི་རྣག་ཡིན་འདྲ་ཡང་མེད་པ་དང་མིན་འདྲ་ཡང་ཡོད་པའི་ནོར་ས་བསལ་བ་ནི། ཡོད་པ་འདྲ་ཡང་མེད་པ་དང་མེད་པ་འདྲ་ཡང་ཡོད་པ་གཉིས་ལས། དེ་ལ་རྣམ་པ་རུ་ཡོད་ཡོད་འདྲ་ལ་དོན་དུ་མེད་པ་ནི་རྩིབ་མའི་ལོགས་སུ་ཁྲག་ཤ་དྲེག་པར་ཆགས་པས་རྩིབ་མའི་བར་ཡང་དུ་གཟེར་ལ་སྦྲིད་པ་དང་དྲོད་ཆེ་ཞིང་འདར་བའི་སྐད་འབྱུང་བས་ན་རྣག་ཡོད་པ་འདྲ་མོར་གྱུར་ཀྱང་རྣག་རྟགས་གཞན་གང་ཡང་མེད་ན་དེ་ལ་གཏར་ཕྲན་ཞེས་རྩ་ཕྲན་གཏར་ལ་ཆུ་ཚགས་ཀྱིས་གཅུན་ལ། དེས་འཆུན་ནས་གོང་གི་རྟགས་རྣམས་ནུབ་ན་རྣག་མེད་དོ། །གློ་སྙིང་མེད་པའི་བྱང་ཁོག་གི་ཁྱམས་སུ་རླུང་ཤོར་བ་ལ་དཀྲོལ་ན་ཀྲོག་ཀྲོག་ཟེར་ཚེ་བཅུད་ཟས་དུགས་སོགས་རླུང་བཅོས་བྱས་ནས་བལྟ་ལ། དེ་ལྟར་ཡོད་ཡོད་འདྲ་བ་དེ་ཡང་རྩ་སྟོང་ཞིང་ཆུ་མདོག་སྔོ་བ་དང༌། གློ་བ་དང་སྙིང་འདར་ལ་མིག་དཀར་ཞིང་རྣ་བ་འུར་བ་དང༌། གདོང་པ་སྐྱ་ལ་འཁྲོག་པའི་སྐད་ལ་འཕེལ་འབྲི་འོང་བ་དེ་ལ་ཤ་ཆང་སྨུགས་པ་སྟེ་ནན་དུ་བྱིན་པས་རྟགས་དེ་རྣམས་ཆད་ན་རྣག་མེད་དོ། །གཉིས་པ་རྣག་མེད་མེད་འདྲ་མོར་ཡོད་པ་ནི། གྲང་བའི་རྣག་རྐུན་བུ་ཉུང་ཞིང་ཡུན་རིང་དུ་ལོན་པས་ན་ཤ་སྐམ་ཞིང་རྣག་ཡོད་ངོས་ཕྲ་བས་མེད་པ་འདྲ་བ་དང༌། ཡོལ་བས་བཅད་པ་ལྟ་བུ་དང༌། སྐྱི་ཕུར་ཞེས་གཏུམས་པ་ནི་རྣག་དཀྲོགས་ཀྱང་སྐད་མི་སྟེར་བས་ན་རྣམ་པ་མེད་པ་འདྲ་འང་རྟགས་གཞན་ཚང་ན་ཡོད་པར་ངེས་པས་ན་དེ་ཕྱིར་འདྲ་བ་དངོས་དང་མིན་པའི་གོལ་ས་བཅད་པ་འདི་ལ་ཤིན་ཏུ་ནས་གཅེས་པར་འཛིན་དགོས་སོ། །

དེ་ལྟར་བཤད་པ་ལྟར་གྱིས་ངོས་ཟིན་ནས་བཅོས་ཐབས་སུ་སྨན་དང༌། དཔྱད་དང༌། ཟས་དང་སྤྱོད་ལམ་བཞིས། གློ་བའི་རྣག་གྱེན་དུ་དྲངས་ཤིང་བཅོ་བ་དང་སྐྱི་ཕུར་ནས་ཡོད་པས་རྣག་གི་རྒྱ་ལྟ་བུ་དབྲལ་བ་དང༌། གསང་དུ་བབས་པ་དེ་ཉིད་བསུས་ལ་ཕྱིར་ལ་དབྱུང་བའོ། །

དང་པོ་ནི་གློ་བའི་སྦུབས་སུ་རྣག་ཞུགས་པར་གྱུར་ན། དང་པོ་རྣག་གི་སྐྱུགས་ཀྱིས་གྱེན་དུ་དྲངས་བ་དང༌། དེ་རྗེས་གློ་བ་བསྣད་པ་སྨན་དང་ཟས་ཀྱིས་གསོ་བར་བྱ་བ་གཉིས་ལས། དང་པོ་གྱེན་དུ་དྲངས་བ་སྟར་བུ་རུ་རྟ་སྐྱུ་རུ་ར་དང༌། ཤིང་མངར་དང་པ་ཡག་བུལ་ཏོག་པི་པི་ལིང་རྣམས་སྦྲང་རྩི་དང་སྦྱར་ནས་ཁྱེམ་བུ་གསུམ་གསུམ་ལྟོ་སྟོང་བཏང་བས་རྣག་གྱེན་དུ་འདྲེན་ལ། རྣག་འདྲེན་འདི་ལ་དམར་ཁྲིད་དུ་སྟར་བུ། རུ་རྟ། ཤིང་མངར། པི་པི་ལིང༌། སྐྱུ་རུ་ར་རྩ་བ་ལྔའི་སྨན་ཡིན། ལ་ཆ་འཁར་པོ་བུལ་ཏོག་པ་ཡག་རྩ་བ་དང་གསུམ་ཡན་ལག་གི་སྨན་ཡིན་པས་སྦྲང་སྨྱོན་ལ་བཏབ། ལྟོ་སྟོང་ལ་ཁྱེམ་བུ་གསུམ་གསུམ་བཏང་བས་ལུད་པ་ཇེ་མང་ལ་རྣག་ཏུ་འདུར་འོང་ཞེས་ཀྱང་གསུངས་སོ། །ཡང་ན་ག་དུར་དང༌། རྒུན་འབྲུམ། ཨ་རུ་ར་དང༌། སྲོ་ལོ་དཀར་པོ་དང༌། ཤིང་མངར་གཉིས་ནུས་ལྡན་ཏེ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་ལ། སྟར་བུ་དང༌། རུ་རྟ། དྲོད་སྨན་ཏེ་པི་པི་ལིང༌། ཀ་ར་རྣམས་དང་བོང་བུའི་འོ་མ་སྦྱར་བས་འཇམ་པོར་འདྲེན་ཅིང༌། དེས་འདྲོངས་དཀའ་ན་རྒྱ་ཚྭ། རྒྱམ་ཚྭ། བུལ་ཏོགསོ་ཆ་དང༌། ཆུ་བྱ་སོ་ཏོ་རོག་པོའི་གྲེ་བ་དང༌། གོ་བོའི་ཀླད་པ་དང༌། རྨིགས་པའི་ཁྲག་དང༌། བདུན་པོ་ཁྱེའུའི་ཆུ་ལ་སྦྱར་ནས་བཏང་བས་རྣག་རྣམས་གྱེན་དུ་འདྲེན་ནོ། །ཡང་ན་ཟངས་ཐལ་དང་སྦྱར་བས་རྩ་ཁ་དབྱེ་ལ་བོང་བུའི་འོ་མ་དང༌། སྟར་བུ། ཨ་རུ་ར་དང༌། ཝའི་གློ་བ་སྦྱར་བ་ཞག་གསུམ་གྱི་རིང་མནན་པ་ལ། གཞུག་སྒྲོ་ནི་གོང་མོ། ཁྲ་སྲིན་བྱ་གསུམ་གྱི་སྟེ་མེར་དུ་བ་མ་ཤོར་བ་བསྲེགས་པ་ནུས་ལྡན་གྱི་ཐལ་བ་དང༌། སྲིན་བྱ་ཝའི་ཀླད་པ་གཉིས། ཡ་བཀྵ་ར་རྣམས་སྦྱར་བཏང་བས་དྲག་པོར་འདྲེན་ནོ། །ཡང་ན་སྦྲང་རྒོད་ཏེ་སྨྱོ་དུག་ཡོད་པ་དང༌། རྒྱ་ཚྭ་ག་བུར་དང༌། ཅུ་གང་དང༌། འབྲི་རྟ་ས་འཛིན་རྣམས་ཆང་སྐྱུར་པོ་དང་སྦྱར་ལ་ལྟོ་སྟོང་བཏང་ཞིང༌། མདུན་དང་རྒྱབ་བདུད་རྩི་ཤུག་འབྲུ། བ་ལུ། མཚེ། མཁན་པ། འོམ་བུ་ལྔ་པོ་བཙོས་པས་བདུག་གོ། དེས་ཀྱང་མ་འདྲོངས་ན་འདྲེན་བྱེད་ནི་ཡུངས་ཀར། མུ་ཟི་དང༌། གུ་གུལ། མར་ནག་རྣམས་རས་ལ་བསྟིམ་པར་བྱས་ནས་བུམ་ནང་དུ་མེས་བསྲེགས་པའི་དུ་བ་ཁ་སྣར་བདུགཡང་ན་ལྡོང་རོས་དང༌། གུ་གུལ། པོ་སོ་ཆ་དང༌། རྡོ་དྲེག་རུ་རྟ་ལ་ཆ་རྣམས་སྦྱར་ལ་དུ་བ་བདུགཡང་ན་ཨ་རུ་མཆུ་སྙུང༌། ལྡོང་རོས། ཡུང་བ་དང༌། ཤིང་ཀུན་དང༌། རྒྱ་སྐྱེགས། ཟངས་རྡོ་དང༌། པི་པི་ལིང་དང༌། ཤིང་མངར། གུ་གུལ། གླ་རྩི། པོ་སོ་ཆ་རྣམས་མིའི་ཚིལ་དང་སྦྱར་བའི་དུ་བ་རྔུབས་པས་འདྲོངས་སོ། །དེ་ལྟར་བྱས་ནས་རྣག་ཐོན་པའི་ཚད་ནི་རྣག་ཤུབས་སམ་རྣག་སྐོགས་ཕྱིར་འབྱུང་ངོ༌། །དེ་ལྟར་བྱུང་ཡང་ཚོད་མ་ཟིན་པར་བརྐོ་བ་དྲགས་ནས་རྣག་རྣམས་ཟས་པས་ཁྲག་ཤོར་ན། དེ་ལ་གློ་གསོ་བ་ནི་རྩ་ཁ་བསྡམ་པ་དང༌། རྣག་གི་རྗེས་བཅད་པར་བྱ་དགོས་ཏེ། དང་པོ་རྒྱ་སྐྱེགས་དང༌། བ་འོ་ཆུར་གདུས་པའི་ཁུ་བར་དོམ་མཁྲིས་དང་གུར་ཀུམ་སྲན་མའི་པུས་ཞེས་མེ་ཏོག་བཏབ་ལ་བཏང༌། ཡང་ན་ཅུ་གང༌། སྲིན་བྱ་དང༌། ཝའི་ཀླད་པ་དང༌། སྲོ་ལོ་དཀར་པོ། ཤིང་མངར། བ་མར་རྣམས་སྦྲང་དང་སྦྱར་ལ་བཏང༌། ཡང་ན་ཤིང་ཚ་དང༌། སུག་སྨེལ། པི་པི་ལིང་དང༌། སྒེ་གཤེར་ཏེ་སྒ་སྐྱ་དང༌། རྒྱ་སྐྱེགས། དོམ་མཁྲིས། མ་རུ་རྩེ་དང༌། ཀ་ར་དཀར་པོ་རྣམས་སྦྱར་ལ་བཏང་བར་བྱ་བ་དང༌། རྒྱ་སྐྱེགས་ཀྱི་ལ་ཆ་བཏོན་པའི་ཁུ་བ་དང༌། འབྲི་མོག་གི་ཁུ་བ། བ་མར་གྱིས་བཏོན་པ་དང༌། བོང་བུའི་འོ་མ་ཆ་གསུམ་དུ་བྱས་པ་ཕུལ་དོར་མཉམ་པར་ཤུ་མོ་ཟ་ནི་ཕོ་ཚོམས་གཅིག་བཏབ་ལ་སྨན་མར་དུ་བཙོས་ཏེ་ཆུ་ཆོད་ནས་ལི་ཤི་དང་ཀ་རའི་ཁ་ཚར་གདབ་ཅིང་ནང་རེ་བཞིན་ཁྱེམ་བུ་རེ་རེ་བསྟེན་པར་བྱས་ན་གློ་བའི་རྩ་ཆད་དམ་ཡང་ན། གློ་བ་འགྲམས་པའམ་ལུད་པ་ཁྲག་བཅས་དང་གློ་རྣག་གཅོད་པའི་མཆོག་གོ། རྣག་གི་རྗེས་གཅོད་དུ་དམར་པོ་བཙོད་ཚོས་འབྲི་མོག་གསུམ་གྱི་སྨན་མར་ལ་ཅུ་གུར་ལི་ཛཱ་སུག་ཀ་སྟེ་བཟང་དྲུགཟངས་ཐལ་སོགས་སྦྲང་དང་སྦྱར་བ་ལྟོ་སྟོང་ལ་བཏང་བས་གློ་བའི་རྨ་གསོ་ཞིང་རྨ་གཞན་རྣམས་ཀྱི་ཡང་རྣག་གི་རྗེས་གཅོད་དོ། ཁ་ཟས་སུ་བའི་ཞོ་དར་དང་སྐོམ་སྟེ་རྟོལ་གྱི་ཤ་བཏང་ཞིང༌། དེའི་རྗེས་ལ་གྲོ་ཆང་སྲོ་ལོ་དཀར་པོའི་ཆུས་སིངས་པ་དང༌། ལུག་ཤ་གསར་པས་རླུང་གི་སྒོ་བགག་པར་བྱ་ཞིང༌། རུལ་པ་དང་སྐྱུར་པོ་དང་བཤུལ་ཤ་དང་དྲག་ཤུལ་གྱི་ལས་རྒྱུན་དུ་སྤང་དགོས་སོ། །

བར་གྱི་སྐྱི་ཕུར་ཏེ་གཏུམས་པའི་རྣག་རྒྱ་དབྲལ་བ་ནི། ཕུའི་རྒྱལ་བུ་གངས་སྦལ་དང༌། མདའི་རྔ་མོ་སྟེ་ཉ་དང༌། བར་གྱི་སྡེར་ཆགས་རྫོང་འཕྲང་དང་བླ་རྟ་སོགས་སྦལ་པར་བཞེད། འགའ་ཞིག་རྨིག་པར་བཞེད་ཀྱང་རྩངས་པ་དང༌། ཀླུའི་ཤ་སྟེ་སྦྲུལ་ཤ་རྣམས་ཞིབ་ཏུ་བཏགས་པ་འདུ་བར་བསྡུས་པའི་ཚ་བ་ཞེས་ཐུག་པ་གསུམ་ཡར་ཏེ་དུས་གསུམ་རེ་ཞག་གསུམ་བར་དུ་བཏང་ལ། དེ་བར་དུ་ཨ་ཀྲོང་གི་རྒོད་ཅེས་པ་ཚར་བོང་ཆང་དུ་བཙོས་པའི་ལུམས་ཀྱིས་སྟེང་ནས་བདུགས་པས་དེས་སྐྱི་བར་དུ་ཡུར་བའི་ཕྱིའམ་ནང་གང་ཉེར་བརྡོལ་ནས་འོང་ཞིང༌། གལ་ཏེ་མ་བརྡོལ་བ་བྱུང་དུ་སྲིད་ན་ཚེ་ཟད་ལས་ཀྱི་རྣམ་སྨིན་ཡིན་པས་ཐབས་ཀྱིས་སྤང་ངོ༌། །

གསང་དུ་བབས་པ་ཕྱིར་ལ་བསྲུས་ནས་དབྱུང་བར་བྱ་བ་ལ་ནི། དེ་ཡང་གསང་གི་དབྱེ་བའི་དུས་དང༌། གསང་དམིགས་དང༌། དབྱེ་ཐབས་དང༌། རྣག་གི་དབྱུང་བའི་ཚད་དང༌། རྣག་པྲ་དང༌། རྨ་ཆས་དང༌། ཐེམ་བུ་དང༌། བཀྲུ་བཤལ་དང༌། ཟས་དང༌། སྨན་དང༌། སྤྱོད་ལམ་དང༌། རྣག་གི་འཆད་དུས་བསྟན་པ་དང་བཅུ་གཉིས་སོ། །

དང་པོ་དབྱེ་བའི་དུས་ཞག་ལྔ་དང༌། བདུན་དགུ་ལ་རྒྱ་བཤལ་ལྟ་བུ་དབྱེ་བ་དང༌། བཅུ་གཅིག་དང་བཅུ་གསུམ་བཅོ་ལྔ་སོགས་ལ་ཆུ་སེར་དབྱེ་བ་དང༌། བཅུ་བདུན་བཅུ་དགུ་ཉེར་གཅིག་རྣམས་ལ་རྣག་གསང་དབྱེ་དགོས་ཤིང༌། བཙན་བརྡུངས་ཀྱིས་འགྲམས་པ་དང༌། རྩའི་བྱ་ཤོར་བ་ལ་ནི་དབྱེ་དུས་ངེས་པ་མེད་པས་ནམ་རན་དུས་དབྱེའོ། །གསང་དམིགས་མི་འགྱུར་བ་གོང་གི་རྟགས་དྲུག་པོ་ཚང་བ་དེར་དབྱེ་ཐབས་གཟའ་སྐར་ཚེས་བཟང་ནི་ཟླ་ཕུར་ལྷག་སངས་སོགས་ཞི་གཟའ་དང༌། སྐར་མ་རྒྱལ་སོགས་དགེ་བ། ཚེས་ཡར་ངོའི་གསུམ་ལྔ་སོགས་ཆ་མ་ཡིན་པ་བཟང་བའི་སྔ་སྐད་དུས་སུ་ཁད་མཉམ་པའི་སྟན་ལ་ལུས་དྲང་པོར་བསྲང་སྐྱིལ་ཀྲུང་དུ་འདུག་པ་དང༌། ལོ་མཐུན་གཡོག་ནི་ནད་པའི་སྲོག་ལུས་དབང་རླུང་ལ་ནད་གཡོག་གི་སྲོག་ལུས་དབང་རླུང་མའམ་གྲོགས་སུ་གྱུར་པ་ཞིག་གིས་བརྟེན་ལ་རྣ་བ་བསྡམ། སྦུབས་ཐུར་བྱིད་པོའི་མཆུ་འདྲ་བ་རྩེ་མོའི་ཞེང་སོར་གཅིག གཉའ་སྒང་ལོགས་ལ་སྐར་ཁུང་ཡོད་པ། སྦུབས་ཀྱི་དཀྱིལ་ཚད་སྐར་ཁུང་ཡོད་པ་ཐར་འབྱོང་པ་རྩེ་མོ་རྣོ་བས་གསང་སར་སྟ་རེས་ཤིང་སྒབ་གཅོད་པ་ལྟར་ཐུར་གསེགས་སུ་སྣེ་བསྣོལ་གཡས་གཡོན་གཅུས་པ་མེད་པར་དྲང་པོར་བརྡེག་ཅིང༌། པགས་པ་དང་ཤ་རུས་ཀྱི་ནང་དུ་བརྡོལ་ནས་ལག་ཚོད་མྱང་བ་སོགས་ཞིབ་པ་ཕྱི་རྒྱུད་ཐུར་མའི་སྐབས་ལྟར་ཤེས་དགོས་ཀྱང༌། ལག་པ་དང་ཐུར་མ་དང་པགས་པ་གསུམ་པོ་མི་འབྲལ་བར་ལྟེམས་པ་དང༌། དབུགས་བསྡམ་ལ་རྒྱུས་པའི་རྩེ་བལྡད་པས་མྱུལ་ཞིང་རྣག་ཆུ་གདོན་པ་འདིའི་ལག་ལེན་དམར་ཁྲིད་དུ་རྒྱས་པར་བཤད་པ་ལྟར་རྟོགས་པར་བྱའོ། །དབྱུང་བའི་བུངས་ཚད་ནི་དང་པོ་ཕུལ་གསུམ་ཙམ་འདོན། དེ་ནས་གཉིས་སོགས་ཡིན་ཞིང༌། རྣག་གི་ཚབ་ཏུ་ཆང་ཕུལ་ཕྱེད་ལ་ཐལ་བྲན་ཀ་ར་དང་བུ་རམ་བཏབ་པ་བཏང་བ་དང༌། ཐ་མར་རྣག་ལྦུ་བ་ཆིར་གྱིས་བྱུང་ན་བཞག་དགོས་ཤིང༌། དང་པོ་རྣག་དེ་ཉིད་ཞག་རེ་ལ་ཟ་མའི་གྲངས་ལྟར་ལན་གསུམ་རེ་བཞོས། དེ་ནས་ཞག་རེ་ལ་ལན་རེ་བཞོས་པར་བྱ་ཞིང༌། རྣག་པྲ་ནི་དཀར་འཇམ་དྲི་ངན་མེད་པ་གསོ་བ་སླ་བ་དང༌། སེར་སྐྱ་སྐ་ལ་དྲི་ངན་མེད་པ་འཕྲལ་གསོ་བ་སླ། དམར་སྐྱ་དང་སྔོ་སྐྱ་དྲི་ངན་མེད་པ་གསོ་རུ་རུང་ཙམ་དང༌། སྐྱེར་པའི་ཁུ་བ་དང་ཚོད་ཁུ་འདྲ་ན་ཡུན་དུ་སྦྱོང་བ་དང༌། ཤེ་རུལ་དང་དུད་ཀ་དྲི་ངན་ཆེ་ཞིང་ཁྲག་རིས་ཅན་རམས་ཀྱི་ཁུ་བ་འདྲ་བ་དང་ཤ་ཁོག་བཤལ་བ་འདྲ་བར་དམར་ལྡུར་རེ་བ་དང༌། རྐྱང་ཆུ་ཉི་མས་ཚིག་འདྲ་སྟེ་སྨུག་ནག་རི་མོ་ཅན་སོགས་བྱུང་ན་འཆི་བ་ཡིན། ཐུར་ཤུལ་ཐེམ་བུ་དང་དེ་སྟེང་རྨ་ཆས་གཉིས་དུས་གསུམ་དུ་རིམ་པས་སྤེལ་ཏེ་བསྟེན་དགོས་ཏེ། ཐུར་མ་བཏོན་རྗེས་དར་ལེ་བརྒན་དམར་པོ་ལྟབ་པའི་ཐེམ་བུ་གཞུག་ཅིང༌། དེ་སྟེང་རྨ་ཆས་ཨ་ས་བ་སྟེ་ཟན་དྲོན་གྱི་ཐེངས་འགའ་བདུགདེ་རྗེས་རྣག་མ་ཟད་པར་རྨ་ཆས་ཕྱིང་འབྱར་བྱ་དགོས་ཏེ། དེ་ལྟར་མ་བྱས་ན་དུས་མིན་རྣག་ཤོར་ཚེ་འཆི་བས་ན། བར་དུ་རྣག་ཉུང་དུ་སོང་ནས་དར་ལེ་བརྒན་གྱིས་གཅུས་ཐེམ་དང་ཉུང་མའི་ཐེམ་བུ་རེ་མོས་སྤེལ་ཏེ་དར་ཐེམ་གྱིས་རྣག་དུས་མིན་དུ་འཛག་པ་བགག ཉུང་ཐེམ་གྱིས་རྨ་ཁ་ཆེར་འབྱེད་འདི་ལ་དམར་ཁྲིད་དུ་རྣག་ཤ་བལྟས་ནས་ཁྲུས་མང་དུ་བྱེད། རྨ་ནང་ཤོང་ཚད་ཀྱི་དར་གཅུས་ལ་བསྒྲིལ་བའི་ཐེམ་བུ་བཅུག དར་སྣེ་གཉིས་བཀྲམ་པའི་སྟེང་དུ་རྨ་ཆས་བྱ། རྨ་ཁ་ཆུང་དུ་སོང་བ་དང་ཉུང་མ་ཐལ་ཚན་དུ་བསྲོས་པ་གཤགས་ལ་མགོ་བྱ་མ་འདའ་བའི་སྤེལ་འདེད་བྱས། དེ་ལ་སྲད་བུ་བཏགས་པ་གཞུག ནང་པར་ཉུང་མ་སྦངས་ནས་རྨ་བརྒྱངས་པས་ཁ་ཆེར་འགྲོ་ཞེས་ཀྱང་གསུངས་ཤིང༌། ཐེམ་བུ་དེ་གཉིས་སྤེལ་བའི་སྟེང་དུ་རྨ་ཆས་གྲོ་མའི་ལོ་མའམ། སྦང་རོའམ། རྔ་གཟེབ་རྩིད་པ་མར་ནག་ལ་བཙོས་པ་གླན་དེ་སྟེང་ཧེལ་གེ་དཀྲི་བ་དང༌། ཐ་མ་ཞ་ཉེའི་འཕྲུལ་ཐེམ་ནི་དམར་ཁྲིད་དུ་རྣག་ཤ་ཐོན་རྣག་ཆུ་ལྟར་འོང་ཙ་ན་ཞ་ཉེའི་སྦུབས་ཐུར་ཁ་ཁྱེར་ཅན་ནང་བརྡར་ཤ་བཅད་པ། ཁ་རྦད་བཅད་ཡོད་པ་ནང་སྦུབས་ཡངས་པ་ཅན་རིང་ཐུང་ཤའུ་དང་མ་རེག་ཙམ་གཞུག་པར་བྱ་བ་དང༌། དེ་སྟེང་སྐམ་ཆས་འབྲིའུ་ཞེས་འབྲིའི་ཁུ་ལུའམ་རས་བལ་སྣུམ་བཙོས་བཏང་ལ་དཀྲི། བཀྲུ་བཤལ་ལ་ཚ་ན་ག་བུར་རྒྱལ་པོ་དང་ཅུ་གང་བློན་པོའི་ཆུས་བྱེད་ཅིང༌། གྲང་རྣག་ལ་ཆང་འཇམ་དང་རུལ་ཆགས་དང་བུལ་ཏོག་ཆུས་བྱེད། ཚ་གྲང་ཐུན་མོང་ལ་ཅུ་གང་དང༌། དོམ་མཁྲིས་དང་ཀ་རའི་ཆུ་རྣམས་ཁྱོར་བ་རེ་ཆ་བྱད་རྨ་དང་འཚམས་པས་རྨ་ནང་དུ་བསྐྱལ་ནས་རྨ་ལ་ཁེབས་བཀབ་སྐྱོམས་ལ། དེ་ནས་ཕྱིར་ལ་དབྱུང་དགོས་ཤིང༌། དེ་ཡང་ཁྲུས་ཆུ་ཕར་བཏང་བ་ལས་ཚུར་མང་བ་བྱུང་ན་གསང་ཁ་དམས་པས་གྲང་འབྱམས་འོང་ཉེན་ཡོད་པས་ཁྲུས་ཉུང་དུ་བྱ། ཁྲུས་ཆུ་ཕར་བཏང་བ་ལས་ཚུར་ཉུང་དུ་བྱུང་ན་གསང་མཐོས་པ་ཡིན་ཁྲུས་མང་དུ་བྱ། ཁྲུས་ཆུ་ཕར་བཏང་བ་དེ་ཚུར་ལ་ལྷག་ཆད་མེད་པར་བྱུང་ན་ཐེམ་བུ་ཇེ་ཕྲར་གཞོན་པ་རན་པའི་རྟགས་ཡིན་ནོ། །ཁྲུས་དྲགས་ན་གློའི་དྲོད་འཆོར་ཞིང་གྲང་རྣག་འབྱམས་པར་འགྱུར་ལ། ཁྲུས་ཞན་ན་རུལ་ཆགས་ཤིང་རྣག་གི་གཞུག་མི་ཆོད་པས་དེ་ཕྱིར་དབྱར་ཡིན་ན་ཞག་གསུམ་རེ་དང༌། དགུན་ཡིན་ན་ཞག་བདུན་རེའི་དུས་ལ་བཀྲུའོ། །ཁ་ཟས་ནི་དང་པོ་རྣག་ཚད་མ་བྲི་བའི་དུས་དེར་བ་དང༌། རའི་ཞོ་དར་དང༌། རི་དྭགས་དང༌། སྐོམ་པོ་སྟེ་རྟོལ་ཤ་དང༌། ནས་ཀྱི་ཐུག་པ་དང༌། ཡོས་ཐུག་ལ་སོགས་པ་བསིལ་དུ་བཏང་ཞིང༌། བར་དུ་རྣག་ཟད་ཅིང་ཚ་བ་ཆག་པ་དང༌། མར་གསར་དང༌། ལུག་ཤ་གསར་པ་དང༌། བུར་དཀར་དང༌། མངར་སྦྲང་དང་ཤེལ་དཀར་བུ་རམ་གསུམ་གྱི་ལྡེ་གུ་དང༌། ཆང་གསར་འཇམ་བྲོ་བ་མེད་པ་བཏང༌། ཐ་མ་རྣག་གཞུག་ཆོད་དཀའ་བའི་ཚེ་ཤ་ཡིབ་པ་དང༌། བུར་མར་ཆང་འཇམ་ཏིང་ཁྲོལ་ཞེས་ཆུ་ཆོད་པར་ཞོ་ཙམ་དུ་བསྐོལ་བའི་བཅུད་ཀྱིས་གསོའོ། །སྨན་གྱིས་བཅོས་པ་ནི་རྣག་ཚད་ཡོད་པའི་དུས་དག་ཏུ་དངུལ་ཆུ་བཙོ་བཀྲུ་སྦྱང་བསད་བྱས་ནས་དུག་དང་ཕྲལ་བ་དང༌། མུ་ཟི་བཏུལ་བ་དང༌། ཟངས་ཐལ་དང༌། འབྲས་བུ་ཨ་བར་སྐྱུར་གསུམ་དང༌། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་དང༌། ག་བུར་དང༌། གི་ཝཾ། ཙན་དན་དཀར་དམར་དང༌། བསེ་རུ་དང༌། རྒྱ་རུ་དང་གྭ་དོར་ཏེ་ཤ་བའི་རྭ་འབུར་ཙམ་ཐོན་པ་དེ་དང་མཁྲིས་སྣ་ཚོགས་ཚད་དང༌། ར་མཉེ་བ་དང༌། ཉེ་ཤིང་དང༌། ཤིང་མངར་ཀ་ར་སྦྲང་དང་སྦྱར་ལ་ཁྱེམ་བུ་ཞེས་ཐུར་མ་ཚད་མ་གསུམ་གསུམ་ཁྱེའུ་སུས་ཞེས་ནངས་པར་ཐོ་རངས་ཕོ་བའི་བད་ཀན་བེ་སྣབས་བྱང་ཞིང་ཟས་མ་ཟོས་པའི་དྲོད་ཆེ་དུས་ལ་བཏང་བས་སྐེམ་མོ། །ཡང་ན་སྔར་བཤད་པའི་མུ་ཟི་ཁྲག་ལྟར་བཏུང་བས་སྐམ་ཞིང༌། རྣག་ཟད་ལ་ཚད་སྟོབས་རྩ་ཆུ་ཕྱི་ཡུལ་ཆག་ནས་སྨན་མར་སྦྱར་དགོས་ཏེ། འབྲས་བུ་ཨ་བར་སྐྱུར་གསུམ་དང༌། ར་མཉེ་དང༌། ཉེ་ཤིང་གི་ཁུ་བ་ཕྱུངས་ལ་ཁུ་བ་དེ་འོ་མ་དང་མར་དུ་ཆུ་བཅད་ལ་སྔར་བཤད་པའི་རྩལ་ཆེན་བསྡུས་པའི་ཕྱེ་མ་ཁ་ཚར་དུ་གདབ་པ་སྦྲང་དང་སྦྱར་བ་བསྟེན་པས་རྣག་རྣམས་མ་ལུས་པ་ཀུན་སྟོད་དང་སྨད་དང་ཕྱི་ནང་གང་ན་གནས་ཀྱང་རུང་ལ། ཞག་གཅིག་གིས་ནི་རྣག་ཐམས་ཅད་སྐེམ་པར་ནུས་སོ། །ཨ་རུ་ར་དང་བ་རུ་ར་ཉི་ཤུ་བའི་ཆུར་ཞག་ལྔའི་རིང་སྦངས་པ་འོ་མ་བྲེ་གང་དང་མར་སྲང་བཅུ་ལ་གདུས་པ་ཆུ་ཆོད་པའི་དྭངས་མ་ལ་དངུལ་ཆུ་བཙོ་བཀྲུ་བྱས་པའི་དུག་ཕྲལ་བ་དང༌། སྟར་བུ། བ་ཆུ་དང༌། བྱིས་པའི་ཆུ་རྣམས་ཀྱིས་བཤིག་པ་མུ་ཟི་ཁྱོར་གང་དང་སྦྱར་ལ་ག་བུར་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུགཙན་དན་དཀར་པོ། གི་ཝཾ་དང༌། བསེ་རུ་དཀར་པོ་དང༌། སེང་ལྡེང༌། སྤྱི་ཞུར། སོ་མ་ར་ཛ་དང༌། ཐང་མ་སྒྲོན་ཤིང་དང༌། ཟངས་ཐལ། འགྲོན་བུའི་ཐལ་བ། རྩ་བ་ནི་ར་མཉེ་ཉེ་ཤིང་རེ་སྐོན་ཨ་བྷི་ཥ་དར་ཡ་ཀན་ལྔ་དང༌། ལོ་མ་ནི་ཨ་བ་བྲག་ལྕམ་སྟག་ཤ་གསུམ་དང་སྦྲང་རྩི་རྣམས་སྦྱར་བར་བྱས་ཏེ། གསུམ་ཡར་ཞེས་དུས་གསུམ་དུ་མཐེབ་མོ་ཙམ་རེ་བཏང་བར་བྱས་པས་རྣག་ཀུན་མ་ལུས་པ་ཟིལ་པར་ཉི་མས་འཕོག་པ་བཞིན་དུ་སྐེམ་ཞིང༌། སྨན་དེ་ཞུ་བའི་རྗེས་སུ་བ་སྤུ་ལ་རྔུལ་ཐོན་ཙམ་རྩར་འགྲམས་པ་གོས་ཀྱིས་བྱིབ། དངུལ་ཆུ་མ་ཞུ་ན་ཆུ་བསྐོལ་དང༌། གོ་ཐལ་ཏེ་བྲུན། རྒྱ་ཚྭ་སོགས་ཤིས་ལ། མགོ་འཁོར་ཞིང་ཁ་དང་གདོང་སྐྲངས་ན་སྒོག་སྐྱའི་མར་དང་ཤ་ཆང་བཏང་བ་དང༌། རུས་པ་དང༌། ཚིགས་འབྲལ་སྙམ་པ་བྱེད་ན་པི་པི་ལིང་དང༌། རྒྱ་ཚྭ་དང༌། རྒྱམ་ཚྭ་དང༌། སྟར་བུའི་བསྐོལ་ཐང་བཏང༌། ཐ་མ་རྣག་གཞུག་གྲང་བར་འབྱམས་པའི་རྣག་དཀར་སྔོ་དྲི་ཆེ་བའི་དུས་ལྕགས་བཞུ་བའི་གཉེན་པོ་ལ་དབང་ཕྱུག་ས་བོན་ཏེ། ཕྱི་པ་རྣམ་དབང་ཕྱུག་གི་ས་བོན་དང༌། ནང་པ་རྣམས་འཁོར་ལོ་སྡོམ་པའི་ས་བོན་དུ་འདོད་པའི་དངུལ་ཆུ་དང་ཨ་རུ་རས་བཞུ་བ། ཟངས་འདུལ་བའི་གཉེན་པོ་ལ་དར་མཚུར་ཏེ་ཚ་ལ་མུ་ཟིའི་ཐལ་བ་སོགས་ཀྱིས་ཕྱི་རྒྱུད་ལྟར་བཞུ་ལ་བསེ་རུ་དཀར་པོ་དང༌། གྭ་དོར་ཤ་བ་དང་ཁ་ཤའི་རྭ་འབུར་ཙམ་ཐོན་པ་དེ་གཉིས་དང༌། རྒྱ་རུ་དང༌། གུར་ཀུམ་དང༌། ཅུ་གང༌། ཛཱ་ཏི། ཙན་དན་དཀར་དམར་གཉིས་དང༌། ཤིང་ཚ་དང༌། སྒ་པི་ཕོ་སྟེ་ཚ་བ་གསུམ་དང༌། དབྱི་མོང་དང༌། དངུལ་ཆུ། སྟར་བུ་དང་བའི་ཆུས་བཤིག་པ་དང༌། ལ་ཆ་འཁར་པོ་དེ་རྣམས་རྩི་བཞིན་ཞིབ་ཏུ་བཏགས། ཨ་རུ་གསེར་མདོག་ཆང་ནང་དུ་ཞག་ལྔ་སྦངས་ནས་ཁུ་བ་ཕྱུངས་པའི་དྭངས་མ་དེ་འོ་མ་དང་འབྲི་མར་ལ་གདུས་པའི་སྨན་མར་སྦྲང་དང་སྦྱར་ཏེ་ནས་གསེབ་ཏུ་བཞག་ལ་གསུམ་ཡར་ཞེས་དུས་གསུམ་དུ་བསྟན་པས་གྲང་བའི་རྣག་སྐེམ་པའི་མཆོག་ཏུ་ཤིས་པ་ཡིན་ནོ། །སྤྱོད་ལམ་དྲག་ཤུལ་གྱི་ལས་དང༌། ཉལ་པོ་བྱེད་པ་དང༌། བཞོན་པ་རྟ་ལ་སོགས་པར་ཞོན་རྒྱུག་དང༌། གཞུ་འགེངས། ལྗིད་འདེགས། རྡོ་བརྡེག་པ་སོགས་ལག་གི་འདུ་བྱེད་སྤང་ངོ༌། །དེ་ལྟར་དུ་བཅོས་པའི་རྗེས་སུ་རྩ་ཆུའི་རྟགས་སོགས་ཕྱི་ཚད་ཆོག་ཅིང༌། ལུས་ཡང་ཞིང་དང་ག་བདེ་ལ་ཉམ་ཤེད་སྐྱེས་ན་རྣག་གི་གཞུག་ཆད་པའི་དུས་ཡིན་ཏེ། དེ་ཡང་ཆད་དུས་བཞི་ཡོད་པ་ལས། དཔྱིད་ཤིང་རྩི་ཁ་འབུས་དང་དབྱར་ཆར་ཀླུངས་གཅིག་ཕེབས་དང༌། སྟོན་རྩྭ་སྐམ་ཐག་ཆད་པ་དང་དགུན་འཁྱག་པ་ཨར་རམ་སྒང་ལ་ཐེབས་པའི་སྐབས་སོགས་དུས་བཞི་པོ་དེར་རྣག་ཐག་ཆད་དགོས་ཤིང་དེར་མ་ཆད་ན་རྣག་འབྱམས་པ་ཞེས་བྱ་སྟེ། དེའི་ལོག་གནོན་ནི་འོག་ཏུ་རྗེས་གཅོད་ནང་དུ་བཤད་པ་ལྟར་ཤེས་པར་བྱ་དགོས་སོ། །

ད་ནི་བྱང་ཁོག་སྨད་ཀྱི་བཅོས་ཐབས་བསྟན་པ་ལ་སྤྱི་དང་བྱེ་བྲག་གི་བཅོས་རྣམ་པ་གཉིས་སུ་འདོད་པ་ལས། དང་པོ་སྤྱི་ལའང་བཅོས་པའི་དོན་རྣམ་པ་དགུ་ཡིན་ཏེ། ཟས་ཀྱིས་གཞི་བཟུང་བ་དང༌། དུགས་ཀྱིས་གཟེར་བ་བཅག་པ་དང༌། ཆས་ཀྱིས་དྲོད་བསྐྱེད་པ་དང༌། འདྲེན་གྱིས་འགགས་པ་བསལ་བ་དང༌། སྨན་གྱིས་དོན་སྣོད་ཀྱི་ཚ་བ་བསད་པ་དང༌། གཏར་གྱིས་ངན་ཁྲག་རྣམས་རྩ་རུ་དབྱུང་བ་དང༌། བཤལ་གྱིས་མཁྲིས་ཚད་འོར་དུ་བསྒྱུར་བ་དང༌། མེས་རྩའི་འཕྲང་བསྡམ་ཞིང་སྦོས་པ་གཞིལ་བ་དང༌། རྣག་ཁྲག་བབས་པ་རྣམས་གསང་དུ་གདོན་པར་བྱ་བ་ལས།

དང་པོ་ལ་ཟས་ཀྱིས་གཞི་མ་བཟུང་བར་བྱ་བ་ནི་སྨད་ཀྱི་ཆ་ནི་གཙོ་བོར་སྣོད་ཀྱི་ཡུལ་ཡིན་པས་ན་ཟས་དང་སྐོམ་གྱི་སྦྱོར་བ་དག་ལ་ཤིན་ཏུ་ནས་གཅེས་པ་ཡིན་པས། འབྲས་དང་ཡོས་ཐུག་ཚིགས་མ་མེད་པར་ཉག་གིས་ཚོས་པ་ལ་མར་གསར་དང་འོ་མ་སྒ་སྐྱ་བཏབ་པ་དང༌། སྐོམ་ཤ་སྟེ་རྟོལ་ཤ་གསར་པ་གྲི་ཚགས་ཞིབ་པོ་བྱས་པར་སྒ་སྐྱ་བྲན་ལ་བུང་ཆུང་ངུ་མི་མང་བ་ཡང་དང་ཡང་དུ་བསྟུད་ཅིང༌། བསྐོལ་གྲང་གི་ཆུ་ལ་རྩམ་པ་སིལ་ཙམ་བཏབ་པའི་ཆུ་གྲོག་མི་མང་བ་ཉུང་ངུ་སྐོམ་དུ་བཏང༌། འོ་ཟན་ལྟོ་ལུ་ནི་འདུར་རེ་བ་གོང་མོའི་སྒོ་ངའི་ཚོད་ཙམ་རེ་བྱིན་དགོས་ཤིང་དེ་ལས་ཟས་སྐོམ་མང་ན་ཟུག་ཆེ་ཞིང་སྐྱུག་པ་དང༌། སྣོད་ཀྱི་རྨ་མི་འབྱོར་བའི་ཕྱིར་ན་བཤལ་རྗེས་ལྟ་བུར་སྤྱོད་ལམ་གཟབ་པ་དང༌། དོན་ལ་ཟས་སྐོམ་བག་ཙམ་ལས་མང་ན་གནོད་པས་སྤང་བ་མཆོག་ཡིན་ཞིང༌། སྐོམ་ཤ་ཞེས་རྟོལ་ཤ་དང༌། ཞོ་ཕྲུམ་གསར་པ་གོང་བཤད་ཀྱི་ཆུ་གྲོག་སོགས་འཇུ་ཚོད་སྦྱར་ལ་བཏང་ཞིང༌། དོན་སྣོད་གཉིས་ཀ་ལ་བསིལ་ཆེས་པ་དང་དྲོད་ཆེས་པའི་ཟས་སྐོམ་ཐམས་ཅད་སྤང་ངོ༌། །གཉིས་པ་དུགས་ཀྱིས་གཟེར་བའི་ཟུག་བཅག་པ་ནི། མཆིན་པ་གཟེར་ན་རྟ་སྦངས་དང་མཆེར་པར་བྱི་ཁུང་ཁ་ཤར་བལྟའི་སའི་དུགས་དང༌། མཁལ་མ་གཟེར་ན་སྦང་སྐམ་དང་ཕོ་བར་ཚྭའི་དུགས་དང༌། ལོང་ལ་ཆུ་ནད་རྡེའུ་དང་རྒྱུ་མར་རྫ་བསྲེགས་ཀྱི་དུགས་བཅས་དྲོ་ལ་རྒྱ་ཆེ་བ་ལན་མང་དུ་བཏང་བས་ཟུག་ཆོགས་ལ་བདེ་བ་མྱུར་ཏེ་འཕྲལ་དུ་སྟེར་བར་བྱེད་དོ། །གསུམ་པ་ཆས་ཀྱིས་དྲོད་ལ་བཙའ་བ་སྟེ་བསྐྱེད་པ་ནི་རྨ་གསར་དུས་སུ་ཟན་དྲོན་ལ་ཨ་ས་བ་ཞེས་པ་དེས་བདུགས་པ་དང༌། དེ་ནས་མར་ཁུར་ཚ་བ་སྒ་པི་ཕོ་གསུམ་དང༌། གཡེར་མ། གོ་སྙོད། འུ་སུ་རྣམས་ཀྱི་སྤོད་བྲན་རྔ་རྫིང་ཞེས་པར་དྭ་བ་སོགས་སྨན་ཡིན་ཟེར་བ་ཇི་སྙེད་འབྱུང་ཡང་ར་ཁུལ་ལ་སོགས་པའི་རྔ་མའི་རིགས་རྫིང་ཞེས་ཡུལ་སྐད་ཀྱི་དབང་སྟེ་སྡེབས་སུ་མ་བསྡད་པར་ཟིང་ངེ་བར་བཅོས་པ་སྐམ་ཆས་རླན་དང་མི་འབྲལ་བར་བྱས་པ་དེ་རྒྱ་ཆེར་རྨའི་སྟེང་དུ་བཏང་ལ། ཐེར་སྲབ་དེའི་སྟེང་དུ་བཅིང་ཞིང༌། རྨ་ཁ་ཆེ་ན་སྦང་རོ་ཚོམ་པ་རེ་གླན་པ་དང༌། རྨ་ལ་སྐམ་ཆས་རླན་དང་མི་འབྲལ་བར་བྱ་བ་གཅེས་པ་ཡིན་ཞིང༌། སྦང་མ་ལ་སོགས་པའི་དྲོད་འཇམ་གྱི་རིགས་སྤང་པར་བྱའོ། །བཞི་པ་འདྲེན་གྱིས་འགགས་པ་བསལ་བར་བྱ་བ་ནི། ན་འགྱུང་ཞེས་ན་ལ་ཁད་དང༌། སྦོ་ལྡེང་ངེ་བར་དྲི་ཆུ་སྲི་བ་རྣམས་ལ་དུར་བྱིད་དང༌། ལྕུམ་རྩ་དང༌། མཁྲིས་སྣ་དང༌། བུལ་ཏོག་དང༌། ཕབས་དང༌། དུད་པ་དང༌། ཚྭ་དང༌། བ་ཆུ་རྣམས་ཀྱི་མས་འདྲེན་བཏང་བས། སྨད་ཚད་ཀྱི་དྲི་མ་འགགས་པ་དང་ཁྲག་རོ་འདོན་པར་བྱེད་ལ་འཕྲལ་དུ་བདེ་བར་བྱེད་ནུས་པས་ན་ཡང་ཡང་བསྟུད་ཀྱིན་བཏང་ངོ༌། །ལྔ་པ་སྨན་གྱིས་དོན་སྣོད་ཀྱི་ཚ་བ་བསད་པ་དེ་ལ་ནི་སྨད་ཀྱི་དོན་ལ་ཚ་བ་བཅག་པར་བྱ་བ་དང༌། རྩ་ཁ་བསྡམ་པ་དང་ཆུ་སེར་སྐེམ་པ་སོགས་གཅེས་ཏེ་གཙོ་བོའམ་དང་པོ་ཙན་དན་དཀར་པོ་དང༌། གི་ཝཾ། བསིལ་གསུམ་སྟེ་ཅུ་གུར་སུག་གསུམ་དང་ཨུཏྤལ་བཅས་དྲུག་གིས་དོན་གྱི་ཚ་བ་བཅག་པ་དང༌། ཡང་ན་གཙོ་བོ་དོམ་མཁྲིས་དང༌། ཤིང་མངར་དང༌། ཨ་ཝ་གསུམ་གྱིས་རྩ་ཁ་སྡོམ་པ་དང༌། ཡང་ན་བསེ་རུ་དཀར་པོ་དང༌། གྭ་དོར་ཞེས་ཤ་བའི་རྭ་འབུར་ཙམ་ཐོན་པ་དང༌། འགྲོན་ཐལ་ཕུར་ཐལ་བཞིས་ཆུ་སེར་དང་རྣག་ཁྲག་མ་ལུས་པ་སྐེམ་པར་བྱེད་པ་ཡིན་པས་གཙོ་བོ་དེ་གསུམ་ནད་དང་སྦྱར་བ་ལ་ཁ་བསྒྱུར་རམ་སྣ་ཁྲིད་ཀྱི་གཉེན་པོ་གང་དགོས་པ་ལ་མཆིན་པའི་ཚད་པ་ལ་ནི་བྲག་ཞུན་དང༌། པྲི་ཡང་ཀུ་དང༌། ཏིག་ཏ་དང༌། མཚལ་དཀར་གོང་སྟེང་ལ་བསྣན་ལ་བཏང་བ་དང༌། མཆེར་པ་ལ་ནི་གསེར་གྱི་མེ་ཏོག་དང༌། ཨ་རུ་ར་དང༌། པི་པི་ལིང་གསུམ་བསྣན་ལ་བཏང༌། མཁལ་མའི་ཚད་པ་ལ་ནི་སུག་སྨེལ་དང༌། གླ་རྩི་དང༌། སྡིག་སྲིན་དང༌། ལྕམ་པ་བསྣན་ལ་དེ་རྣམས་ཀྱི་རྟ་གང་ལ་འང་ཀ་ར་སྦྱར་ཏེ་བཏང་བ་དང༌། དེ་བཞིན་དུ་སྣོད་ལའང་ཚ་བ་སེལ་བ་དང༌། ཉམས་པ་གསོ་བ་དང༌། དྲོད་བསྐྱེད་པ་དང༌། ཁ་བསྒྱུར་བ་གཅེས་ཏེ་དེ་ཡང་གི་ཝཾ་དང༌། བསིལ་ཅུ་གུར་སུག་གསུམ་དང༌། ཨུཏྤལ་གྱིས་སྣོད་ཚད་སེལ་བ་དང༌། དོམ་མཁྲིས་དང༌། རྒུ་དྲུས་བཙོད་བཅས་ཀྱིས་ཉམས་པ་གསོ་བ་དང༌། སེ་འབྲུ་དང༌། པི་པི་ལིང་གིས་མེ་དྲོད་སྐྱེད་པ་སོགས་ལ་ཁ་བསྒྱུར། ཕོ་བའི་ཚད་པ་ལ་ནི་མ་ནུ་པུཥྐ་དང༌། རུ་རྟ་བསྣན་ཅིང༌། རྒྱུ་མར་དུག་མོ་ཉུང་དང་སྙ་ལོ་བསྣན། ལོང་ལ་ཁ་རུ་ཚྭ་དང་རུ་རྟ་བསྣན་པ་དང༌། གཉེ་མ་ལ་ནི་བྱི་ཏང་ག་དང་མ་རུ་ཙེ་འབུ་སྐྱོགས་བསྣན་ཞེས་པ་རྫོང་འཕྲང་དུ་འབྱུང་ཞིང༌། མཁྲིས་པ་ལ་གསེར་གྱི་མེ་ཏོག་དང་དུག་ཉུང་བསྣན། ལྒང་པར་སྡིག་པ་ནག་པོའམ་སེར་པོ་དང༌། སྲིན་བུ་ཞེས་ཀློ་ནས་འོང་བའི་སྡིག་སྲིན་བསྣན་པར་བྱས་ཏེ། ཀ་ར་དང་སྦྱར་བ་འཇུ་དཀའ་བས་ན་ཆུ་བསྐོལ་གྱིས་དབུལ་དགོས་ཤིང༌། ཐུན་གྱི་ཁ་གྲངས་དང་ཐུན་ཚད་ནི་ཚ་བའི་སྟོབས་ཆེ་ཆུང་དང་སྦྱར་ཞིང༌། ཕོ་བས་མ་འཆུན་ན་ཚ་བ་སྒ་པི་ཕོ་གསུམ་གྱི་ཐལ་བ་དང༌། ཨ་རུ་ར་དང༌། ཀ་ར་སྦྱར་ལ་ནང་ནུབ་གཉིས་ལྟག་པ་སྤྲད་ལ་བཏང་ངོ༌། །དྲུག་པ་ནི་གཏར་གྱིས་ཁྲག་ངན་པ་རྩར་དྲངས་བར་བྱ་བ་ལ་ཚ་བ་སྐྱེ་ཞིང་གཟེར་འབྱུང་ཞེས་འབྱུང་ལ་ཁད་ཀྱི་ཚ་འབྲབ་བྱེད་ན་ལྟེ་བ་ཡན་ཆད་ཀྱི་ནད་ལ་སྣོད་ཀ་དང༌། རུ་ཐུང་གཏར་བ་དང་ལྟེ་བ་མན་ཆད་རྩ་བོ་ཆེ་དང་ལོང་གི་རྩ་གཏར་ཞིང༌། མཁལ་མ་ལ་བྱིན་གཞུག་སོགས་ཕན་སྐྱེད་དང་ཁྲག་མདོག་བཟང་ངན་དང་སྦྱར་དགོས་ཤིང༌། ལྷག་ཏུ་སྣོད་ལ་ཧ་ཅང་གིས་གཏར་བ་དྲགས་ན་མེ་དྲོད་འཆོར་བས་རན་པར་ཚོད་བཟུང་དགོས་སོ། །བདུན་པ་བཤལ་གྱིས་མཁྲིས་ཚད་འོར་དུ་བསྒྱུར་བར་བྱ་དགོས་པ་ནི། སྨན་དང་གཏར་གྱིས་ཚ་བ་མི་ཆག་ཅིང་ཆུ་མདོག་སེར་བ་དང༌། ལྡང་དུབ་མང་ལ་ཁ་ཁ་ཞིང་དང་ག་འགགས་པར་གྱུར་ན། ལྕུམ་རྩ་དང༌། དུར་བྱིད་དང༌། ཨ་རུ་མཆུ་སྙུང་སྦྱར་བའི་སྨད་ལ་ཐང་བཤལ་བསྔགས་ཞེས་ཐང་བཤལ་འཇམ་པོས་སྣོད་ཀྱི་ཚད་པ་སྦྱང་བ་གཅེས་པ་ཡིན་ནོ། །བརྒྱད་པ་ལ་མེས་སྦོས་པ་གཞིལ་ཞིང་འཕྲང་བསྡམ་པ་ནི། རྩ་ཆད་པ་དང༌། སྣོད་ཕུག་པ་དང༌། རྩ་ཁྲིད་ཅིང་གཟེར་ལ་སྦོས་ན་གང་བབས་སུ་དཔྱད་ཀྱི་མཆོག་མེ་དང་འདྲ་བ་ནི་གང་ཡང་མེད་དེ། དེ་ཡང་ཕྱིའི་རྩ་གང་ཆད་པ་དེ་ལ་རྨ་ཁར་མེ་ལྔ་བདུན་གདབ་པ་དང༌། སྣོད་ཕུགས་ན་འཚེབས་པ་སྟེ་འཚེམས་པ་མེད་ན་རྨ་གང་བྱུང་གི་ཁ་བསྲེག་ཅིང་འཚེབས་ན་མདེའུ་སླེབས་མཚམས་ཀྱི་ཕུག་ཐད་རྨའི་སྟེང་དུ་བསྲེགས་པ་དང༌། རྩ་ཁྲིད་ནི་གང་ཁྲིད་གང་གཟེར་གྱི་སྟེང་དུ་མེས་བསྲེག་ཅིང༌། ཕོ་བ་སྦོ་ཞིང་ལྡེང་ལ་གཟེར་ན་མདུན་ཕོ་གསང་དབུས་དང་རྒྱབ་ཚིགས་པ་བཅུ་གཉིས་པ་རང་གི་གསང་མེས་བསྲེག་གོ། དགུ་པ་རྣག་ཁྲག་གསང་དུ་གདོན་པར་བྱ་བ་ནི། གྱེན་དུ་དྲང་བ་དང་ཐུར་དུ་སྦྱང་བ་དང་དབྱེ་བས་གསང་གི་སར་འདོན་པ་གསུམ་ལས། དེ་ཡང་མགོ་ན་ཞིང་ཁ་ཁ་ལ་དང་ག་མི་བདེ་ཞིང་ཕོ་བའི་སྟོད་འཚིང་ཞིང་སྒྲེག་པ་དང་སྐྱུག་པ་སྙམ་དུ་སེམས་ན། མ་ཞུ་བའི་གནས་ན་གནས་པ་ཡིན་ཏེ་སྐྱུགས་ཀྱིས་དྲང་དགོས་ཏེ། གསེར་གྱི་ཕུད་བུ་དང་དོང་ག་པི་པི་ལིང་དང༌། སོ་ཆ་དང༌། སྤྱང་ཚེར་སོགས་སྦྱར་བ་དུས་གསུམ་རྟས་བསྒྱུར་ཞེས་པ་ཁྲག་དུས་སུ་ཆུ་ཆུ་སེར་དུས་སུ་བའི་ཆུ་རྣག་གི་དུས་སུ་ཆང་བསིངས་ཀྱི་རྟས་བསྒྱུར་གྱེན་དུ་དྲངས་ཤིང་ཡང་ན་ཅུ་གུར་ལི་སྟེ་བསིལ་གསུམ་དང༌། ནིམ་པ། ཡུངས་ཀར་དང༌། འབྲི་རྟ་ས་འཛིན་དང༌། ཕུར་མོ་སོགས་ལོ་བཙན་གྱི་ཁུ་བར་བཏབ་ལ་བཏང་བས་རྣག་ཁྲག་ལྷུང་བ་སྐྱུག་གོ། དྲི་ཆུ་བསྡམས་པ་དང༌། རྒྱུ་ལོང་གཟེར་བ་དང༌། ཚ་རུམ་དུ་ཟུག་ལྡང་དུབ་བྱེད་པ་དང་རོ་སྨད་ལྕི་བ་ན་ཞུ་བའི་གནས་སུ་བབས་པ་ཡིན་པས་བཤལ་གྱིས་སྦྱང་བར་བྱ་དགོས་ཏེ། དེ་ལ་དནྡ་དང༌། དོང་ག་དང༌། སྔོན་བུ། ཨ་རུ་ར་མཆུ་སྙུང་དང༌། ཐར་ནུ་དང༌། ལྕུམ་རྩ། བུལ་ཏོགཔི་པི་ལིང་བཅས་ཁྲག་དུས་སུ་ཆུ་དང་ཆུ་སེར་གྱི་དུས་བ་ཆུ་རྣག་དུས་ཆང་བསིངས་ཀྱི་རྟས་བསྒྱུར་བར་བྱས་ན་སྨད་དུ་རྣག་དང་ཁྲག་ལྷུང་བ་སྦྱོང་བར་བྱེད་དོ། །རྩ་དང་ཆུ་ཚ་ལ་ཁ་སྐམ་ཞིང་དང་ག་འགགས་པ་དང༌། ཟུག་ལྡང་དུབ་བྱེད་ཅིང་དྲི་ཆུ་སྡོམ་པ་དང༌། ཚ་འབྲབ་ཤིན་ཏུ་ཆེ་ལ་བརྩེ་ཞིང་རེག་པར་མི་བཟོད་ཅིང༌། རྣག་གི་ཡུལ་མིག་གིས་མཐོང་ལ་མེར་མེར་ལྟོང་ལྟོང་བྱེད་པ་དང༌། གསང་དུ་གང་བབས་ཀྱི་ས་དེར་ཕྱིན་ནས་དཔྱད་ཀྱིས་དབྱེ་དགོས་ཏེ། དེ་ཡང་དབྱེ་བའི་དུས་དང་རྣག་པྲ་དང་ཁྲུས་ཆས་རྗེས་གཅོད་སོགས་ཚང་མ་བྱང་ཁོག་སྟོད་དང་འདྲ་བས་ཁྱད་པར་མེད་པར་བཅོས་དགོས་ཤིང༌། སྣོད་ཀྱི་ཕྱིར་འཕྲུལ་གསང་དུ་བབས་ན་འཕོངས་སུ་མཛུ་གུས་བརྟག་ཅིང༌། དེ་ཡང་འཕྲུལ་གསང་སྟེ་འཕོངས་སོར་བཞིའི་ཐད་ན་ཞིང་མི་བཟོད་ལ་མེར་སར་དབུག་པ་ནི། འཕོངས་རྩེ་སོར་བཞིའི་བར་ཕུག་དེ་ལས་རིང་ན་གཞང་ནག་པོ་ལ་འགྲོ་བས་དེ་ལྟར་རྟོགས་པ་དང༌།

སྨད་ཀྱི་དོན་སྣོད་ལ་བྱེ་བྲག་ཏུ་བཅོས་པར་བྱ་བ་ནི། མཆིན་དྲི་དཀར་པོ་དང༌། ནག་པོ་དང་ཁྲ་བོ་ལ་མཚོན་ཕོག་ན། དང་པོ་དོམ་མཁྲིས་དང་ར་འོ་སྦྱར་ལ་བཏང་ཞིང་གཏར་ག་སྤང་ལ། ཚིགས་པ་བརྒྱད་པ་དང་ལྷེན་སྣའི་རྩེ་བསྲེག་ཅིང་ཕག་ཤ་སོལ་པ་བཏང་ལ་བྱ་ཕོའི་མགོའི་ཚོད་མ་བླུད་པ་དང༌། རྔ་བྲན་ཞེས་རྔ་མ་ཅན་གྱི་བྲན་ཏེ་བེའུ་སོགས་དང༌། རྒྱུད་རྙིང་འགའ་ཞིག་གི་མཆན་ལ་སྐོམ་པོ་ཡིན་པར་བཤད་ནའང༌། རྔ་མོའི་རྔེའུའི་ཤ་དང༌། མཛོའི་ཞོ་དར་བཏང་ལ། སྒོ་ངའི་སྤྲིས་མ་དང༌། རྟ་ཁྲག་གོ་སྙོད་སོགས་ཀྱིས་སྐམ་ནན་ཞེས་སྦང་འཇིབ་སོགས་མི་བྱ་བར་སྨན་གྱི་སྐྱོ་མ་བྱུག་པར་བྱ། ཡང་ན་གཡེར་མ་གོ་སྙོད་འུ་སུ་པི་པི་ལིང་སྒ་སྐྱ་སོགས་སྤོད་སྣ་དང༌། དམར་པོ་བཙོད་ཚོས་འབྲི་མོག་གསུམ་གྱི་སྐྱོ་མས་སྐོམ་ནན་བྱ་ཞིང་བུད་མེད་ཀྱི་ནད་གཡོག་སྤང་ངོ༌། །མཆིན་དྲི་ནག་པོ་ལ་མཁྲིས་སྣའི་སྦྱོར་བ་ཁོང་དུ་བཏང་ལ་རྩེ་ཆུང་ངར་གདོང་རྟ་མཐུར་དང་ལྟེ་འོག་ན་རྩ་ཡོད་པ་སོགས་ལ་གཏར་རོ། །སྒྱིད་ཁུང་འཕར་རྩ་མེས་བསྲེག་ཅིང་འབྲས་ཐུག་དང་ཡོས་ཐུག་བཏང་ཞིང༌། སྤྱི་གཙུག་དང་རྐང་མཐིལ་ལ་སྣུམ་གྱིས་བྱུག་པར་བྱ་བ་དང༌། ཁ་ཟས་སུ་བསིལ་ཆེ་བར་བསྟེན་ཅིང་དྲོད་ཀྱང་མཆིལ་པ། སྲེག་པ། སྲམ་ཀྱི་ཤ་བཅས་ཅུང་ཟད་བསྟེན་ནོ། །མཆིན་པ་ལ་རུ་ཐུང་གཉིས་དང༌། ལོང་རྩ་གཉིས་བཅས་བཞི་ལ་གཏར་ཞིང༌། ཚིགས་པ་བརྒྱད་པ་དང༌། དགུ་པ་དང༌། མཚོག་དཀྱིལ་ཞེས་མཚོག་མའི་གནམ་འཐེན། མཐེ་བོང་གཡས་པའི་སྤུ་སྐྱེས་སོགས་བསྲེག་ཅིང༌། གུར་ཀུམ་དང༌། ཅུ་གང་བ་ལེ་བ་ཤ་ཀ་དང༌། བྲག་ཞུན་དང༌། སེ་འབྲུ། མཚལ་དང༌། ཨ་རུ་ར། ཀ་ར་རྣམས་སྦྱར་བ་བཏང་ཞིང༌། མེ་ཏོག་ཁ་སྦྱར་བ་ནི་བ་ལུ་སྨྱག་ཤད་ཀྱི་ལྕེ་པྲི་ཡངྐུ་སོགས་ལ་དོམ་མཁྲིས་བཏབ་པའོ། །འབྲིའི་ཞོ་མར་མི་བཏང་ཞིང་གཞན་མ་ཁ་ཟས་དང་སྤྱོད་ལམ་སོགས་གྲང་དྲོ་སྙོམས་པར་བཅོས་སོ། །མཆེར་པ་ལ་ངར་གདོང་རྟ་མཐུར་གཉིས་དང་རུ་ཐུང་གཉིས་བཅས་བཞི་ལ་གཏར་ཞིང༌། གོ་སྙོད་དང་སླེ་ཏྲེས་དང་དུག་ཉུང་བསྡུས་པའི་ཐང་བཏང་ལ། ཚིགས་པ་དགུ་པ་དང་བཅུ་གཅིག་པ་བསྲེག་པར་བྱ་ཞིང༌། འཕོངས་སུ་ལ་ཕུག་ཚྭ་དང་སྦྱར་བའི་རེང་བུ་གཞུག་པ་དང༌། སྒོག་སྐྱ་མར་དཀར་བཅས་བསྡུས་པའི་ཁུ་བར་ཙི་ཏྲ་ཀ་དང༌། གོ་སྙོད་དང༌། ལྡུམ་བུ་རྣམ་གསུམ་ཞེས་སེ་རྒོད། འོམ་བུ། ལྡུམ་བུ་རེ་རལ་གསུམ་བཏབ་ལ་བཏང༌། ཁ་ཟས་ལུག་ཤ་བུར་ཁུ་ཆང་གསར་འཇམ་བཅས་དྲོད་ཀྱི་རིགས་བཏང་བར་བྱ་ཞིང༌། སྐབས་སུ་ལོ་ལོན་པའི་མར་བྱུགདེ་ལ་བཅོས་སྐྱེད་མེད་ན་གོང་བཤད། ལྕུམ་རྩ་དུར་བྱིད་སོགས་ཀྱི་འཇམ་བཤལ་དེ་བཏང་ཞིང༌། མཁལ་མར་ཚིགས་པ་བཅུ་བཞི་པ་དང་གཡས་གཡོན་ཚོན་རེ་འཇལ་བའི་རྩ་ནག་གཉིས་བསྲེག་པ་དང༌། ཡོབ་གོང་རྩ་གཉིས་དང་བྱིན་གཞུག་གཉིས་ཏེ་བཞི་ལ་གཏར་ཞིང༌། ཁ་ཟས་ལུག་ཤ་གསར་འཇམ་དྲོད་ཀྱི་རིགས་བསྟེན་ལ་ཁོང་སྨན་བསིལ་དུ་བཏང་བ་དང༌། ཆུ་བསྡམས་པ་ལ་རྒྱ་ཚྭ་དང་གླ་རྩི་སྡིག་སྲིན་དང༌། ཉི་དགའ་ཞེས་ལྕམ་པ་འོ་མ་སོགས་སྦྱར་ལ་བཏང་བར་བྱའོ། །མཁལ་ཚིལ་ཞུན་གུར་ཀུམ་བདུན་པ་ཕྱི་རྒྱུད་ལྟར་སྦྱར་ཞིང༌། ག་བུར་རྨར་གཞུག་ཅིང་ཤོ་མང་སོགས་བསིལ་བའི་རིགས་ཀྱི་ནན་གྱིས་མནན་ལ། རྣག་ཞུགས་ན་སྙིང་མཁལ་གླ་སྟེ་ཞོ་ཤ་གསུམ་གྱི་སྨན་མར་སྦྱར་བ་དང༌། ཕོ་བ་ལ་ཚིགས་པ་བཅུ་གཉིས་པ་དང་ཕོ་གསང་དབུས་མ་བསྲེག་ཅིང༌། སྐྱུག་ན་འབྲས་བསྐོལ་ནས་བཙགས་པའི་ཁུ་བར་འབྲས་སེར་ཙམ་བརྔོས་པའི་ཡོས་དང༌། པུ་ཤེལ་ཙེ་དང༌། སྦྲང་རྩི་སོགས་སྦྱར་ལ་བཏང་བ་དང༌། སེ་འབྲུ། ཨ་རུ་ར་དང༌། མར་དཀར་ཀ་ར་སྦྲང་སོགས་སྦྱར་བའི་ཏིང་ཁྲོལ་འདྲེས་པར་བསྐོལ་བ་དང༌། ཚ་བ་སྐྱེས་ནས་གཟེར་བྱུང་ན་རུ་ཐུང་གཡས་གཡོན་གཉིས་གཏར་ཞིང༌། དེ་ལྟར་བྱས་ཀྱང་གསོ་བ་དཀའ་ན་དོང་གའི་འཇམ་བཤལ་བཏང༌། ཕོ་ཐེར་རལ་ན་རྟ་རྐྱང་རྒྱུས་པས་གཡས་ལེན་གཡོན་ལེན་སྦལ་འགྲོས་སུ་བཙེམ་པ་དང༌། ཤའུ་སྐྱེད་སྨན་གུར་ཀུམ་དོམ་མཁྲིས་ཅུ་གང་ཚ་ལ་དུལ་མ་སོགས་བཏབ་ལ་དར་དམར་གྱིས་དགབ་ཅིང༌། དེའི་སྟེང་དུ་ཕྱིང་པ་མར་དཀྱིལ་དུ་བཙོས་པ་གླན་ལ་དེ་སྟེང་ཐེར་སྲབ་དཀྲིའོ། །ལྟོ་བའི་ཚིལ་བུ་ལུག་ན་ལུག་བསད་འཕྲལ་གྱི་ལྟོ་ཚིལ་དྲོན་མོས་དྲོད་ཕབ་ལ་ནང་དུ་གཞུག་ཅིང༌། ནང་དུ་མ་ཚུད་པའི་མཚམས་སུ་རྟ་རྔ་དང་དར་སྐུད་གང་རིགས་ཀྱིས་བཅིངས་ལ་རྒྱ་ཚྭ་དང་ཤིང་ཚ་བཏབ་པས་ཚིལ་བུ་བཞུ་བ་དང༌། ཚུད་ནས་རྨ་གསོ་བའི་ཆས་རྣམས་གོང་མ་བཞིན་དུ་བྱ་ཞིང༌། དེ་ཡང་རྒྱུ་རྩ་ལ་སོང་ན་མིག་དམར་པོར་འགྲོ་བ་དང༌། སྦྲུལ་མིག་ལ་སོང་ན་སྐབས་སུ་སྦོ་བ་སོགས་འབྱུང་སྟེ་དེ་ལྟར་བྱུང་ན་འཆི་ཞིང༌། གཞན་ཚ་བ་སྐྱེས་ན་ཐང་ངམ་ཕྱེ་མ་གཏར་ཕྲན་གང་དགོས་རིག་པས་དཔྱད་པར་བྱ་དགོས་ཏེ། མཁྲིས་པ་ལ་དོམ་མཁྲིས་འོ་མར་སྦྱར་ལ་མྱུར་དུ་བཏང་བ་དང༌། ཚིགས་པ་དགུ་པ་བསྲེག་ཅིང་མཁྲིས་རྩ་གཤའ་རིངས་དང་རུ་ཐུང་གཏར་ལ། ཏིག་ཏ་དང༌། དོམ་མཁྲིས། གསེར་གྱི་མེ་ཏོག་དང༌། རུ་རྟ་དང༌། ཧོང་ལེན། རྩ་མཁྲིས། བོང་ང་དཀར་པོ་དང༌། སྐྱེར་ཤུན། ཀ་ར་རྣམས་སྦྱར་བའི་ཕྱེ་མ་བཏང་ངོ༌། །ལོང་ལ་ཕོག་ན་ཚིགས་པ་བཅུ་དྲུག་པ་བསྲེག་པར་བྱ་ཞིང༌། སྲིན་ལོང་ལ་ཕོག་ན་ཤིང་ཀུན་དང༌། གླ་རྩི། བྱི་ཏང་ག་དང༌། ལང་ཐང་ཙེ་དང༌། འབུ་སྐྱོགས། མ་རུ་ཙེ་དང༌། སྒོག་སྐྱ་རྣམས་འོ་མར་བུ་རམ་བཅས་བཏབ་པ་བླུད་ཅིང༌། ཚ་བ་སྐྱེས་ན་བསིལ་མི་བཏང་ཞིང་ལོང་རྩ་གཉིས་ལ་གཏར་བ་དང༌། དོང་ག་དང༌། སྔོན་བུ། ཁྲོན་བུ། ལྕུམ་རྩ་དང༌། ཐང་མ་སྒྲོན་ཤིང་དང༌། སྐྱེར་ཤུན། ཨ་རུ་ར་དང༌། བ་རུ་ར་དང༌། སྒ་དང༌། བུ་རམ་རྣམས་བསྡུས་པའི་འཇམ་བཤལ་བཏང་བར་བྱའོ། །རྒྱུ་མར་ཕོག་ན་དོམ་མཁྲིས་འོ་མར་སྦྱངས་ལ་མྱུར་དུ་བཏང་ཞིང༌། དེ་ལ་ཚ་བ་སྐྱེས་ན་རྒྱུ་མའི་རྩ་ཞེས་ལོང་རྩ་གཉིས་ལས་བྱུང་བའི་རྐང་པའི་རྒྱུ་མ་ཁུག་གི་རྩ་གཉིས་ལ་གཏར་བ་དང༌། རྒྱུ་མ་ལུག་ན་དང་པོ་ཆུ་དང་དེ་ཤུལ་ཆང་གིས་བཀྲུ་ཞིང༌། དེ་ནས་སྒ་པི་ཕོ་སྟེ་ཚ་བ་གསུམ་གྱི་ཁུ་བ་བཙགས་པས་བཀྲུ་བ་དང༌། ལུག་བསད་འཕྲལ་གྱི་ལྟོ་ཚིལ་དྲོན་མོའི་དྲོད་ཕབ་སྟེ་ནང་དུ་འཇུག་ཚུལ་བསྟན་ནས། གདོང་ལ་ཆུ་གདབ་ན་དབུགས་དངངས་པས་ནང་དུ་འདྲོངས་པས་དེ་ལྟར་བྱ་བ་དང༌། ཡང་ན་གྲེ་བར་སྒྲོ་བཅུག་ལ་སྐྱུགས་པས་ཚུད་འགྲོ་ཞིང༌། ཚུད་པ་དང་ཤ་ལྤགས་རྟ་རྐྱང་རྒྱུས་པའམ་དར་སྐུད་ཀྱིས་གཡས་ལེན་གཡོན་ལེན་སྦལ་འགྲོས་སུ་བཙེམ་ལ་རྨ་སྨན་དོམ་མཁྲིས། ཅུ་གང༌། སྟག་ཤགུར་ཀུམ། མཚལ་སོགས་གདབ་ཅིང༌། དར་དང༌། མར་ལ་ཕྱིང་པ་བཙོས་པའི་འཇག་གིས་དཀྲི་ལ། དེ་ལྟར་བྱས་རྟིང་གོས་ཕུད་དུ་བཅུག་ལ། དལ་བུས་སྐྱོམ་པས་དེས་རྒྱུ་མ་རང་རང་གི་སར་འདྲོངས་པར་འགྱུར་བ་ཡིན་ཞིང་རྒྱུ་མ་འཆུས་སམ་འཁྲིལ་བར་གྱུར་ན་མི་འཚོ་ཞིང་འཆི་བ་ཡིན་ལ། གཞན་མ་དེ་ནས་ཞག་པོ་བདུན་གྱི་བར་དུ་གན་རྐྱལ་དུ་བསྙལ་ཏེ་དྲི་ཆུ་འོང་སར་དོང་ཁུང་བཟོས་ཏེ་འབབ་པ་བྱས་ལ་བཏང་ཞིང༌། ཟས་སྐོམ་ནུར་ཐུག་སྟེ་ཐུག་པ་ལྡུར་པོ་ཉུང་ཤས་ཀྱིས་འཇམ་པས་བཅོས་སོ། །གཉེ་མའི་བཅོས་ཐབས་ནི་ལོང་གི་སྐབས་དང་ཁྱད་པར་ཅི་ཡང་མེད་པས་ན་དེ་ལྟར་དུ་བྱ་དགོས་ཤིང༌། ལྒང་པ་ལ་ཚིགས་པ་བཅོ་བརྒྱད་པ་བསྲེག་པར་བྱ་ཞིང༌། ཆུ་སྲིན་རྒྱ་ཚྭ་ལ་སོགས་པའི་ཆུ་སྨན་སྦྱར་བ་དང༌། ཚ་བ་སྐྱེས་པར་གྱུར་ན་ལོང་གི་རྩ་གཏར་བར་བྱའོ། །གཞང་ལ་ཕོག་པར་གྱུར་ན་ཚིགས་པ་བཅུ་དགུ་པ་བསྲེག་ཅིང༌། སྦོས་ན་ལན་ཚྭ་བསྲོས་པའི་དུགས་བྱ་བ་དང་ཚ་འབྲབ་ཆེ་ན་མཇུག་རྩ་གཏར་ཞིང༌། དྲི་མ་འབྱུང་དཀའ་ན་རེང་བུའམ་ནི་རུ་ཕྱི་རྒྱུད་ལྟར་རྣོན་པོས་བསུ་བ་གཅེས་ཤིང་བསམ་སེའི་རྩ་ལོང་རྩ་དང་བྱིན་གཞུག་རྣམས་སྒོ་ཕྱེཙམ་དུ་གཏར་བ་དང༌། འཕོངས་དང་རྐང་མཐིལ་དང་སྤྱི་གཙུག་རྣམས་སུ་སྤའུ་བསྲོས་པའི་དྲོད་དུགས་དང་ཚིགས་པ་བཅུ་གསུམ་པ་ལ་མེ་བཙའ་གདབ་པར་བྱ་ཞིང༌། དང་པོ་བསིལ་བའི་བཅོས་ལ་ཐ་མ་དྲོད་དུ་བཅོས་དགོས་སོ། །

ད་ནི་བཅོས་ཀྱི་ཐ་མ་ལོག་གནོན་ཕྱི་རྗེས་བཅད་པ་དེ་ལའང་འབྱམས་པའི་རྒྱུ་དང་འབྱམས་རྟགས་དང་འབྱམས་པ་བཅད་པར་བྱ་བ་དང་གསུམ་ལས་དེའི་རྒྱུ་ལའང་ཚ་འབྱམས་བཞི་དང་གྲང་འབྱམས་གཉིས་ཡོད་དེ། དང་པོ་ཚ་འབྱམས་ནི་དོན་གྱི་རྨ་རྣག་གིས་རིམ་གྱིས་ཟོས་པས་རྨ་ཟ་ཀོང་དུ་སོང་བ་དང༌། རྩ་ཁ་ཤོར་ཞིང་འབུས་པ་དང་རུལ་བའི་དྲི་ཆགས་པ་དང་དབྱེ་བའི་ཐེམ་ཁ་མཐོས་པའོ། །གཉིས་པ་གྲང་འབྱམས་ནི་བསིལ་སྦྱོར་ཐལ་དྲགས་པ་དང་ཁ་ཟས་དམན་པ་སོགས་རྒྱུ་དེ་དྲུག་གིས་ཚ་གྲང་གི་རྣག་འབྱམས་ནས་ཆད་པར་མི་འགྱུར་རོ། །དེ་ཡང་འབྱམས་པ་དེ་རྣམས་མ་འདྲེས་པ་སོ་སོར་ངོས་འཛིན་པའི་རྟགས་ནི་དོན་རྨ་ཟ་ཀོང་དུ་སོང་བའི་རྟགས་ལ་དང་ག་མི་བདེ་ཞིང་ཤ་མདོག་སྔོ་ལ་སྐམ་པ་དང༌། སྟོད་གཟེར་ལ་རྩ་ཆུའི་ཚ་བ་ཤིན་ཏུ་ཆེ་བ་དང༌། རྣག་གི་མདོག་དམར་ཙ་དང་སྐབས་སུ་ཤེ་རུལ་ཅན་དེ་རིགས་ནི་དོན་གྱི་རྨ་བྱུང་བ་ལ་འཛག་པ་ཡིན་ཅིང༌། རྩ་ཁ་ཤོར་བའམ་འབུས་པ་ཡིན་ན་རྣག་གསེབ་ཏུ་ཁྲག་འབྲུམ་འབྱུང་བ་དང༌། ཤེད་ཆུང་ཞིང་རྣག་ལ་སྐྱེ་འབྲི་བྱེད་པ་ཡིན་ནོ། །རྣག་ཤའི་རུལ་ཆགས་ནི་དྲི་ཆེ་ཞིང་ཁུ་ཚིགས་ཅན་དུ་འཛག་པ་དང་མིག་སྤྲིན་སེར་པོར་འོང་ལ་དང་ག་སྐྱེ་འབྲི་བྱེད་པ་དེ་ནི་གསང་དབྱེ་བ་ཕྱིས་པ་དང་རྣག་ཁྲུས་ཞན་པས་རྣག་ཤ་མ་ཐོན་པའོ། །ཐེམ་ཁ་མཐོས་པས་ནི་རྣག་གི་ཁྲུས་ཆུ་ལྷག་མ་ལུས་པ་ཡིན་ནོ། །བསིལ་སྦྱོར་ཐལ་བ་ནི་རྩ་དལ་ལ་ཆུའི་མདོག་སྔོ་ཞིང་ཤེད་ཆུང་ལ་ཕོ་མཆིན་མི་བདེ་བར་སྦོ་འཁྲོག་བྱེད་པ་དང༌། རྣག་གི་མདོག་སྔོ་ལ་དྲི་དུགས་དང་རླངས་པ་ཆུང་བའོ། ཁ་ཟས་དམན་པ་སྟེ་ཉུང་བར་ཟོས་པས་རྩ་སྟོང་ཞིང་དང་ག་བདེ་བ་དང༌། རྣག་མདོག་སླ་ལ་ལུས་ཀྱི་ཤེད་ཆུང་བའོ། །དེ་རྣམས་བཅད་ཐབས་དང་པོ་དོན་གྱི་རྨ་ཟ་ཀོང་དུ་སོང་བ་ལ་ཁ་ཟས་དྲོད་ཅན་སྤང་སྟེ་རི་དྭགས་དང་སྐོམ་ཤ་ཇ་དང་བ་ཞོ་བཅས་བསིལ་ལ་ཡང་བ་བསྟེན་ཅིང༌། ལི་གྲི་དང་ཨ་བ་རྒུ་དྲུས་ཕུག་རོན་རྐང་སྟེ་རེ་སྐོན་པའི་རྩ་བ་དང༌། དོམ་མཁྲིས་རྣམས་རྨ་ནང་དུ་བཏབ་ལ་ཞག་རེ་ཙམ་སོང་ནས་ཆུས་བཀྲུ་བར་བྱ་བ་དང༌། རྩ་ཕྲན་གཏར་ཞིང་གློ་གསོ་ནི་ཝ་མོའི་གློ་བའི་ཚོད་མ་བཏང་ཞིང་རེའུ་དང་རྟའི་གློ་བ་འོ་མས་བརྒྱངས་པ་བཏང་ཞེས་དང༌། ལ་ལར་རེའུ་རྩྭ་ཟན་ཞོ་འཐུང་གི་གློ་བ་མ་སུངས་པ་རྟ་བོང་གི་འོ་མས་བརྒྱངས་པ་བཏང་ཞེས་པ་གང་རིགས་དང༌། དམར་ཚོས་བཙོད་འབྲི་གསུམ་དང༌། ཤུ་མོ་ཟའི་སྨན་མར་བསྟེན་པའམ། ཡང་ན་རེ་སྐོན་ཨ་བ་རྒུན་འབྲུམ་སྦྱར་ལ་བཏང་ངོ༌། །རྩ་ཁ་འབུས་པའམ་ཤོར་ན་འབྲས་བུའི་རྒྱུན་སྦྱོང་ནི་རྒྱུད་ཕྱི་མའི་ཐོར་བུ་ནད་ཀྱི་སྒོས་བཤལ་སྐབས་ཀྱི། ཨ་རུ་མཆུ་རིང་བ་རུ་སྐྱུ་རུ་ར། །ལྕུམ་རྩ་དུར་བྱིད་སྤོས་དཀར་བ་ཆུར་བསྡུས། །ཞེས་པའི་འབྲས་བུའི་རྒྱུན་སྦྱོང་དེ་བཏང་བར་བྱ་ཞིང༌། མཁྲིས་སྣ་ཚོགས་ཚད་ཆུར་སྦྱང་པས་རྨ་བཀྲུ་ཞིང་ཁོང་དུའང་བཏང་བ་དང༌། རྨ་དང་གང་ཉེའི་རྩ་གཏར་ལ་རྩ་འཕྲང་སྤྲ་བ་བཅོ་ལྔ་ཙམ་གྱི་མེས་བསྡམ་ཞིང༌། ཁ་ཟས་རི་དྭགས་དང་སྐོམ་ཤ་ཞེས་པ་རྟོལ་ཤ་ཇ་ཞོ་སོགས་བསིལ་དུ་བསྟེན་ཅིང་སྤྱོད་ལམ་དྲག་ཤུལ་གྱི་རིགས་སྤང་ངོ༌། །རུལ་ཆགས་ལ་བུལ་ཏོག་དང་ཚ་ལ། རུ་རྟ་དང༌། ཨ་རུ་ར་སྦྱར་བའི་ཆུས་རྨ་ནང་བཀྲུ་ཞིང༌། ཕག་པའི་ཟེ་བའམ་གློ་བ་དང་རྩིབ་མའི་ཡེའུས་རུལ་ཆགས་རྣམས་བྲུད་ཅིང༌། དེའི་རྟིང་དུ་ག་བུར། གུར་ཀུམ། དོམ་མཁྲིས། ཙན་དན་སོགས་ཀྱི་ཆུས་བཀྲུ་ཞིང༌། མུ་ཟིའི་སྨན་མར་དང་ར་སྣའི་ཕྱེ་མ་གང་བཤད་ལྟར་སྦྱར་ཏེ། ཐེམ་ཁ་མཐོས་ན་ཞག་གསུམ་གྱི་བར་དུ་རྣག་ཁ་བསྐྱིལ་ལ། དེ་ནས་རྩིབ་མའི་གོ་བར་དང་ཚིགས་བར་སོགས་སུ་ཕུག་ལ་ཚུལ་བཞིན་དུ་བཅོས་སོ། །བསིལ་སྦྱོར་ཐལ་བ་ལ་སེ་འབྲུ་བཞི་པས་མེ་དྲོད་གསོ་བ་དང༌། ལུག་ཤ་དང༌། གོང་མོ་དང༌། སྲེག་པའི་ཤ་དང༌། ཆང་གསར་འཇམ་བཏང་ཞིང༌། ཚྭ་སྣ་ཚོགས་ཚད་ཆུ་དང་འོ་མར་བསྡུས་པའི་ཁཎྜ་ལ་མར་གསར་དང་མངར་ཀར་བུར་སྦྲང་གསུམ་སྦྱར་བའི་ཏིང་ཁྲོལ་འདྲེས་པར་བསྐོལ་བ་བཏང༌། ཁ་ཟས་དམན་པ་ལ་རྟ་བོང་དང༌། འཕྱི་བའི་ཤ་དང་མི་ཤ་དང༌། མར་དང༌། བུ་རམ་གར་ཆང་སོགས་བཏང་བ་དང༌། རྩ་བ་རམ་ལྕ་ཉེ་བ་གཟེ་ལྔའི་སྨན་མར་མཆོག་ཏུ་ཕན་པ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱང་ཁོག་སྟོད་སྨད་གསོ་པའི་ལེའུ་སྟེ་བརྒྱད་ཅུ་རྩ་ལྔ་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།