སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གྱ་ལྔ་པ། བྱང་ཁོག་སྟོད་སྨད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །བྱང་ཁོག་སྟོད་སྨད་གཉིས་ལ་མཚོན་ཕོག་ན། །དེ་ལ་རྟགས་དང་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌།  དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག འགྲོ་བ་མི་ལུས་བྱང་ཁོག་སྟོད་སྨད་ལ། །གནས་ལུགས་རྟགས་དང་གསོ་ཐབས་རྗེས་བཅད་བཞི།།

སྤྱི་དོན་དང་པོ་བྱང་ཁོག་གནས་ལུགས་རྣམ་དྲུག་སྟེ། །བརྟེན་པ་རུས་པའི་གནས་ལུགས་བསྟན་པ་དང༌། །གཡོགས་པ་ཤ་ལྤགས་གནས་ལུགས་བསྟན་པ་དང༌། །གཉན་པ་དོན་སྣོད་གནས་ལུགས་བསྟན་པ་དང༌། །ས་བཅད་ཡུལ་གྱི་གནས་ལུགས་བསྟན་པ་དང༌།  །འབྲེལ་བ་རྩ་ཡི་གནས་ལུགས་བསྟན་པ་དང༌། །རྒྱ་སྐར་གསེང་གི་གནས་ལུགས་བསྟན་པའོ༌།  དང་པོ་བརྟེན་པ་རུས་པའི་གནས་ལུགས་ནི། །སྒལ་ཚིགས་ཉི་ཤུ་བྲང་རུས་ལྷ་བ་ཅན་རྩིབ་མ་ཉེར་བཞི་ལྷ་རུ་ཙེ་རྩིབས་ཐུང་དྲུག། །སྒྲོག་རུས་གཉིས་དཔྱི་གཉིས་དང་སོག་པ་གཉིས་གཞུག་ཆུང་གསུམ་སོགས་བརྒྱད། །ཚིགས་ལ་མཁར་རུས་པ་དངོས་དང་མཁར་བརྩིགས་པའི་མཚམས་བྱ་དང་དེའི་གཡས་གཡོན་དུ་གཤོག་པ་བརྒྱངས་པ་ལྟ་བུ་འདབས་ཞེས་བྱ་བ་སྟེ་གསུམ། །དེ་དག་ནི་ལུས་ཀྱི་གཞི་རྟེན་ཡིན་ཏེ་གུར་ཕུབ་པ་འདྲ། །གཉིས་པ་དེ་ལ་གཡོགས་པ་ཤ་ཡི་གནས་ལུགས་ནི། །སྒལ་ཚིགས་ཀྱི་འདབས་ཀྱི་བཤུལ་ཤ་ནག་པོ་ཕྱི་ནང་གཉིས། །བྲང་གི་ནུ་འཁོར་གཉིས་ཀྱི་ཤ་སྟ་དཔྱི་ཟུར་གྱི་རྟ་ཤ་གཉིས་རྒྱུད་འདི་གའི་ཡན་ལག་གསོ་བར། དཔྱི་ཡི་ཤ་ནི་རྒྱ་གྲམ་དག་ཏུ་གནས། །ཆང་གཟུར་སྟེང་གི་ཤ་རྒོད་གཉན་པ་ཡིན་ཞེས་པ་དེ་ཡིན། །མཆན་ཁུང་བཞག་ཤ་མདུན་ངོས་དཀར་པོ་དང་རྒྱབ་ངོས་ནག་རྣམ་པ་གཉིས། །ཕྲག་གོང་ཐལ་གོང་གཉའ་ཤ་ནག་པོ་གཉིས་གཉའ་པ་སོག་པའི་རྩིབས་ལོག་དངོས་ཀྱི་འཁོར་འདར་ཤ་སོག་པའི་ཁ་འཁོར་འདར་ཤ་ཁུགས་པའི་གནད་ཅེས་པ་དང༌།  །སོག་མཐིལ་འབྲོས་ཤ་མེ་ལོང་སྟེང་ན་འབྲོས་ཤ་ཁྲ་བོིའི་གནད་ཅེས་པ་དེའོ་གཉིས་དེ་ལྟར་ཤ་རིགས་དགུ །བྱེར་ཞིང་སྐྲངས་པའི་གནད་དུ་བསྟན་པ་ཡིན།  གསུམ་པ་གཉན་པ་དོན་ལྔ་སྣོད་དྲུག་གནས་ལུགས་ནི། །སྙིང་ནི་རྒྱལ་པོ་ལྟར་ཀུན་གྱི་གཙོ་བོར་གྱུར་པ་སྟེ་ཚེ་སྲོག་སེམས་ཀྱི་རྟེན་ཡིན་པས་སོ། །གློ་བའི་བུ་ལྔ་རྒྱལ་པའི་སྲས་ལྟར་བཀའ་གཉན་ཅིང་དྲུང་དུ་གནས་པ་དང་རྒྱབ་ཀྱི་མ་ལྔ་ནི་བློན་གྱི་ཚུལ་གྱིས་རྒྱབ་ནས་སྐྱོར་བའོ། །གློ་མའི་ཕང་དུ་སྙིང་ནི་བུ་ཐོགས་པ་དང་འདྲ། །མཆིན་དྲི་དཀར་པོ་བྱང་ཁོག་སྟོད་སྨད་བར་དུ་དར་དཀར་ཡོལ་བ་འདྲ། །དེ་དང་འབྲེལ་བའི་མཆིན་པ་ནི་བྲག་གཡང་གཟར་བ་དང་འདྲ་བ་དེ་གྱེན་དུ་བསླང༌བ་དང་འདྲའོ། །མཆེར་པ་མཐའ་མཐུག་དཀྱིལ་སྲབ་བྲ་བོའི་མཁུར་བ་འདྲ། །མཁལ་མ་གཡས་གཡོན་གྱི་མཁལ་འབྲས་གྱེན་དུ་ལངས་ནས་ཁང་པའི་གྱད་ཀྱི་གདུང་བ་འདེགས་པ་འདྲ། །ཕོ་བ་ཟས་སྣོད་སྟོད་ཆེ་སྨད་ཕྲ་སུལ་ཀྲོང་མོ་བཞི་ཡོད་ལ་ལ་ཕུག་སུལ་བཞི་འདྲ། །མཁྲིས་པ་མཆིན་འདབས་དང་འབྲེལ་བ་ཕོ་མཆིན་སར་ན་གནས་མདོག་སེར་བས་གསེར་རྐྱལ་བཀལ་བ་འདྲ། །ལོང་ག་ནི་རྒྱུ་མ་དང་འབྲེལ་བ་གསུམ་ཁྱོག་གསེར་སྦྲུལ་ལ་ལྕག་གིས་བྲབས་པ་འདྲ། །རྒྱུ་མ་སྟོད་སྨད་ཕོ་བ་དང་འབྲེལ་བ་སྟེ་ཡུར་བ་ཆུས་བཀང་པ་དང་འདྲ། །གཉེ་མ་ནི་ལོང་དང་འབྲེལ་གཡང་བཞག་ཟན་གྱི་རིལ་བུས་བསྐོར་ནས་མར་ཁུ་བླུགས་པ་གཡང་བཞག་བསྐོར་བ་དང་ཕུབ་ཀྱི་སྦ་འཁོར་དང་འདྲ། །ཚིལ་ཤུབས་དཀར་ནག་རྒྱུ་དཀར་དང་གཡོས་ཀྱང་ལྕགས་སྦྲུལ་དཀྱུས་པ་དང་འདྲ། །ལྒང་ཕུག་ཁ་ནི་ཐུར་དུ་བལྟས་ཆུ་རྐྱལ་འདྲ། །བསམ་སེ་འདི་སོ་མ་ཛཱར། བསམ་སེ་ཞེས་པ་འཛག་སྣོད་དེ། །ཆེ་ཆུང་བྱིས་པའི་སྒང་པ་འདྲ། །ཞེས་གསུངས་སོ། །རྩ་ཡི་མདུད་པ་ཤ་རྨེན་འདྲ། །དེ་དག་གཉན་པས་འཆི་བའི་གནད་དུ་བསྟན། །བཞི་བ་བགོ་སྐལ་ས་བཅད་ཡུལ་གྱི་གནས་ལུགས་ནི། །བྱང་ཁོག་སྟོད་སྨད་མཆིན་དྲིས་དབྱེ་བ་སྟེ། །ལྷེན་སྣ་དང་བྲང་རུས་འབྲེལ་མཚམས་ནས་རྒྱབ་ཀྱི་ཚིགས་པ་བཅུ་གསུམ་པར། །འཕྲེད་ལ་རིམ་པས་ཆུ་བབས་པ་ལྟར་ཐར་གསེག་ཏུ་ཐིག་གདབ་པ་ནི་མཆིན་དྲི་ནག་པོའི་མཆིན་པ་དང་འབྲེལ་བའི་མཐུག་པ་དེ་ཡིན་ཞེས་རྫོང་འཕྲང་ལས་སོ་ཡུལ། །ཚིགས་པ་བརྒྱད་པའི་མཁར་མཚམས་ནས་རྩིབ་རིང་ཡིན་ལ་དེ་ནས་གྱེན་མདུན་ངོས་ཀྱི་རྩིབས་མ་འོག་མ་དེ་རྩིབས་ཐུང་ཡིན་དེའི་སྟེང་མ་གསུམ་འདས་མཚམས་དེ་མཚོན་གང༌གི་ས་ནས་ལྷ་རུས་མཚམས་སུ་འཐེན་པའི་ཐིག་འོག་སྟེ། །ཡོལ་གྱིས་བཅད་པ་དང་འདྲ་བ་མཆིན་དྲི་དཀར་པོའི་ཡུལ། །མཆིན་དྲི་ཁུག་པ་རྒྱབ་ཀྱི་ཚིགས་པ་བརྒྱད་པ་དང་བཅུ་གསུམ་པའི་བར། །ཟུར་གྱི་རྩིབ་ཏེ་སྟེང་དང་མདུན་གྱི་དཀར་ནག་མཚམས་ཤ་མིན་པགས་མིན་ཡིན་ཏེ་ཁྲ་བོར་འདོད། །སྟོད་སྨད་དོན་སྣོད་ཡུལ་སྐལ་ཐིག་གིས་བཙལ། །ལུས་མི་འཁྲུལ་བའི་ཕྱིར་ཁད་སྙམ་པའི་སྟན་ལ་ལུས་བསྲང་སྐྱིལ་ཀྲུང་འདུག  །མདུན་དང་རྒྱབ་ཀྱི་དཔུང་འཛུམ་ལག་པ་འགུལ་དུས་བྱེད་པ་དེ་གཉིས་སུ་འཕྲེད་དུ་མདུན་རྒྱབ་ཀྱི་གནམ་ཐིག་གདབ། །རྒྱབ་ཀྱི་ཨན་སྟོང་ནས་གཞུག་ཆུང་གི་བར་དང་མདུན་གྱི་སྐེ་སྟོང་མཚན་མའི་སྟེང༌གི་བར་དུ། །མདུན་རྒྱབ་གཉིས་སུ་མ་འདྲུས་ཏེ་མ་ཡོ་བར་གཞུང་ཐིག་གཉིས་པོ་གདབ། །སྟོད་ན་གློ་བ་མ་བུ་སྙིང་དང་གསུམ། །གློ་མ་རྒྱབ་ལ་སྙིང་དང་བུ་རྣམས་མདུན། །རྒྱབ་ཀྱི་ཚིགས་པ་བཞི་པ་ནས་གསུམ་པའི་བར་དུ་གྱེན་དུ་གསེགས་མཛུབ་མོ་བཞི་ཁུ་ཚུར་བཅས་པའི་མཐེ་བོང་གི་ནེའུ་ལེ་རེག་ཙམ་དུ་བཞག་པ་ལ་ཆག་གང་ས་དང་། །ཚིགས་པ་བརྒྱད་པ་ནས་དགུ་ཡི་ཐད་ཐུར་གསེགས་མཛུབ་གང་མཐེབ་མཛུབ་བགྲད་ནས་བརྐྱང་བ་བཅལ་བའི་སར། །སྟོད་སྨད་གཡས་གཡོན་སྦྲེལ་ཏེ་གྲུ་བཞིར་ཐིག་གདབ་དེ་ཡི་གྲ་བཞིར་བཅད། །དབུས་མ་སུམ་ཆ་གཅིག་སྟོད་སྨད་གཉིས་སུམ་ཆ་རེ་སྟེ་སུམ་གཉིས་དེའི་དབུས་བཅལ། །སྟོད་ཀྱི་གྲང་གཡས་གཡོན་གཉིས་སྟག་མགོ་བར་མ་གཉིས་སྒང་དབུས་ཀྱི་ཐིག་བར་གོང་མ་གཉིས་རྩིབས་འོག་མ་གཉིས་གཤམ་དང་ཟུར་གྱི་གྲ་གཉིས་ཟགས་སྣ་གཉིས་ལྔ། །གློ་བ་མ་ལྔའི་ཡུལ་དུ་འདོད་པ་ཞིབ་ཏུ་ལྟར་ཡུལ་སྐལ་བཅུ་ཡིན། །ནུ་མ་གཉིས་ནས་སྐེ་སྟོང་ནས་ཐུར་དུ་སོར་བཞི་བཅལ་བའི་འོག་ཏུ། །གྲུ་གསུམ་དུ་ཐིག་གདབ་དབུས་ན་རྒྱལ་པོ་སྙིང༌གི་རྩེ་སངས་རྒྱས་བྱང་སེམས་རྣམས་གྱེན། དུད་འགྲོ་ཐུར། མི་རྣམས་འཕྲེད་དེ་ཕོ་གཡོན་དང་མོ་གཡས་སུ་བརྟེན་ཟེར་རོ། །ཐུག་ཁབ་ཀྱི་སྟོད་དང་མཛོ་སྣ་གཉིས་དང་ནི་དེ་སྟེང་དུ་བྱ་སྒབ་གཉིས་དང་སྙིང་གི་འོག་ཏུ་ཐུགས་ཁབ་གཉིས་དང༌། །དགྲ་ལྕེའི་སྟེང་དུ་གཉིས་དང་རྟེ་མིག་གཉིས་དང་བྱ་སྒབ་སྟེང་དུ་དགྲ་ལྕེ་གཉིས་ཏེ་བུ་ལྔ་སྙིང་ལ་བསྐོར། །གློ་བུ་སྙིང་གི་ཡུལ་དུ་འདོད་པ་ཡིན། །རྟ་རྨིག་གཉིས་སྙིང་གི་མགོ་མཛོ་སྣ་དང་གྲུ་གསུམ་བྱ་སྒབ་སྟེ་སྟོད་དུ་ཐུག་ཁབ་གཉིས་གཡས་གཡོན་དགྲ་ལྕེ་གཡོན་དུ་གནས་པར་རྫོང་འཕརང་དུ་བཤད་པ་ནི་འོག་གི་རྩའི་གནས་ཚུལ་དང་མ་མཐུན་པས་ཡི་གེ་མ་དག་པ་འདྲ་བསམ། དེ་ལྟར་ཡང་། སྙིང་གི་འོག་ཏུ་ཐུག་ཁབ་གཉིས། །དེ་སྟེང་མཛོ་སྣ་བྱ་སྒབ་(དཔལ་ཁབ་ཀྱང་ཟེར)དང་། །དགྲ་ལྕེ་དང་ནི་རྟེ་མིག་བཞི་པོ་ཡང་། །གཉིས་གཉིས་གཡས་གཡོན་རིམ་བཞིན་བརྩེགས། ཞེས་སོ། །འདི་འགྲེལ་བ་འདོད་འཇོའི་ལུགས་ཡིན་ཡང་དབྱེ་གསང་དུ་དཔལ་ཁག་འོག་དང་ཐུབ་ཁབ་སྟེང་དུ་འབྱུང་བས་ཐིག་འགྲམ་གསལ་བའི་སྒྲོན་མེ་ལྟར་འཐད་པར་མངོན་ནོ། །ནུ་མ་གཉིས་ནས་མཆན་ཁུང་ངོས་སུ་ཕྱིར་ལ་སོར་གཉིས་བཅལ། །དེ་ནས་སྐེ་སྟོང་ཙ་ར་ཁུང་དུ་ཐིག་གདབ། །དེ་ནས་རྒྱབ་ཀྱི་གློ་བ་མ་ཡི་མདུན་དུ་བུས་ལས་ལྷག་སྟེ་མཐའ་ཆག་གནས་པ་ཡིན། །ཡུལ་ཐིག་དེ་ཡི་སྟེང་དཔུང་པ་ཕྱོགས་དང་འོག་སྟོང་པར་གནས་པ་དེ་ནི་སྟོད་ཀྱི་ཕུག་རོན་གསང་ཡིན། །ནུ་མ་གཉིས་ཀྱི་བར་བྲང་གི་དཀྱིལ་དུ་ཐིག་འཐེན་པའི་ཐིག་ཚད་ལྷེན་སྣའི་རྩེ་ནས། །ཕོ་བའི་དབུས་ཀྱི་ཐད་ཟུར་གཉིས་སུ་འཐེན་ལ་དེ་ནས་ལྟེ་བར་སྟེ་གཡས་གཡོན་གྱི་སྣེ་སྦྲེལ་བའི་བར་མཚམས་སུ་གདབ། །དེ་ལྟར་ཐིག་བཏབ་པའི་ནང་གི་དཔངས་སུ་རང་སོར་བརྒྱད་དང་ཞེང་གཡས་གཡོན་དུ་སོར་བཅུ་གཉིས་ཏེ། །དེ་ནི་ཁ་ཟས་ཀྱི་སྣོད་ཕོ་བའི་ཡུལ་དུ་བཤད་པ་ཡིན། །ལྷེན་རུས་ཀྱི་དབུས་ནས་རྒྱབ་ཀྱི་ཚིགས་པ་བརྒྱད་ནས་གཡས་ངོས་སུ། །མཚོན་གང་བཅལ་ནས་ལག་གཡས་མཐེབ་མཛུབ་ཀྱིས་རྣ་བ་གཡས་པའི་རྣ་ཤལ་རྩེ་ནས་བཟུང་བའི་གྲེ་གྲུ་མོས་གར་སླེབ་པ་རྣམས་ནི་མཆིན་པའི་ཡུལ་ཞེས་པ་སྟེ་ངོ་བོ་ཚིགས་པ་བརྒྱད་པ་དང་ལྷེན་རུས་ནས་མཚོན་གང་བཅལ་བའི་འཕྲེད་ཐིག་གི་འོག་མཆིན་དྲི་ལ་མཆིན་པ་འདོག་མཚམས་དང་དེ་ནས་གྲུ་མོས་གར་སླེབ་མཆིན་པའི་ཡུལ་ལོ།  །མདུན་གྱི་རྩིབ་མ་འོག་མ་སྟེ་རྩིབ་ཐུང་གཡོན་པའི་སྣེ་ནས་ཕོ་ཟུར་དབུས་སུ་བཟུང་བ་མཛུབ་གང་བཅལ་བ་མཆེར་པའི་འདེགས་མཚམས། །དཔངས་སུ་སོར་ལྔའམ་ཆག་གང་ནི་མཆེར་པའི་ཡུལ་དུ་འདོད༌།  །ཕོ་བའི་གསང་དགུ་ཡོད་པའི་དབུས་མ་ལྷེན་སྣའི་རྩེ་ནས་མཚོན་དོ་བཅལ་བ་ནས་གཡས་སུ་རང་སོར་བདུན་ན། །དཀྱུས་སུ་སོར་དྲུག་དང་ཞེང་དུ་སོར་གསུམ་ནི་སྣོད་ཀྱི་མཁྲིས་པའི་ཡུལ་ཡིན་ལ་ངོ་བོ་ནི་ཕོ་མཆིན་གྱི་བར་ཡིན་ལ་ཕོ་མཆིན་གྱི་བར་ཡིན་ལ་ཕོ་བ་ལ་གཡས་སུ་མཆིན་པ་གཡོན་དུ་མཆེར་པ་བཀབ་པའི་ཚུལ་དུ་ཡོད་དོ། །ལྟེ་བའི་གོང་དང་འོག་ཏུ་མཚོན་རེའི་སར་དཀྱུས་མཚོན་བརྒྱད་དེ། །ལོང་གི་ཡུལ་ཡིན་ལ་དེ་ཡང་རྩ་གསུམ་དུ་བགོས་པའི་ཁྲག་ལོང་གཡས་ན་གནས། །སྲིན་ལོང་གཡོན་ལ་གནས་རྩམ་པ་སྟེ་ཟས་ཀྱི་ལོང་དབུས་ན་གནས་ལོང་དབྱིབས་སུམ་འཁྱོག་གི་རྣམ་པ་ལ་གཡས་གཡོན་དབུས་ཀྱི་ཐ་སྙད་བྱས་པ་གསུམ་ནང་སྦུབས་འབྲེལ་བར་ཡོད་དོ། །ལོང་དེའི་དེ་འོག་མཚོན་དོའི་སར་རྒྱུ་སྟོད་མཚོན་གང་རྒྱུ་སྨད་ཀྱི་ཡུལ། །རྒྱུ་སྨད་དེ་འོག་ལྒང་པ་ཁ་ཐུར་བསྟན་དུ་མདུན་ངོས་ལ་གཉེ་མ་འཁོར་ཏེ་རྒྱབ་རྫོང་འཕྲང་དུ་ཕོ་བ་རྒྱུ་མ་བཏགས་ནས་ལྟེ་འོག་ལ་གནས་རྒྱུ་མ་ལ་ལོང་བཏགས་ནས་ལྟེ་བའི་ཐད་ཀར་གནས་ལོང་ལ་མཉེ་མ་བཏགས་ན་སྨད་ན་གནས་ལྒང་པ་ཁ་ཐུར་དུ་བལྟས་ཏེ་རྒྱུ་ཞབས་ན་གནས་སོ་ཞེས་འབྱུང་ངོ་། །ཚིགས་པ་བཅུ་བཞིའི་གཡས་གཡོན་དུ་ཞེང་སོར་བདུན་དང༌། །དཔངས་སུ་སོར་ལྔ་མཁལ་མའི་ཡུལ་སྐལ་ཡིན་འདི་རྒྱབ་ནས་རྩིབས་ཚིགས་པ་བཅུ་བཞི་པའི་གཡས་གཡོན་དང་མཁལ་འབྲས་དང་སོར་ལྔ་དང་དེ་མཐའ་མཁལ་ཚིལ་ཡོད་པའི་མདུན་ཟུར་ནས་རྩིས་ན་རྫོང་འཕྲང་དུ་མཁལ་མ་རྩིབ་ཐུང་འོག་ན་གནས་ཞེས་སོ། །བསམ་སེ་ཚིགས་པ་བཅུ་གསུམ་པའི་འོག་ན་གནས་ལྟེ་བ་ནས་གཡོན་དུ་འཁྱིལ་མཁལ་མ་གཡོན་དང་འབྲེལ། །དེ་ལྟར་ཡུལ་གྱི་ཐོབ་སྐལ་སོ་སོར་བསྟན། །ལྔ་བ་འབྲེལ་བ་རྩ་ཡི་གནས་ལུགས་ཕྱི་ནང་གཉིས། །ནང་རྩ་ནི་སྲོག་རྩ་དཀར་རྒྱབ་ཏུ་རླུང་ཁྲག་གི་རྟེན་ནག་པོ་མདུན་དུ་སྲོག་རླུང་གི་རྟེན་སྡོང་པོ་གཉིས་འབྱར་བ་མ་འདྲེས་པར་སྟེ། །སྒལ་པའི་ནང་གཞུང་ཡར་སྣ་ཨན་སྟོང་དང་མར་སྣ་ལྟེ་འོག་སོར་བཞིར་ཐང་ཤིང་བསླང་བ་འདྲ་ལྟེ་བ་མན་ཆད་དུང་ཅན་མ་ཞེས་གསང་གནས་སུ་སླེབསརྒྱབ་ཀྱི་ཚིགས་པ་བཅུ་གཅིག་པའི་ཐད་ན་སྲོག་རྩ་ལས་གྱེས་པའི་རྩ། །དེ་ལས་ཡལ་གའི་རྩ་ཕྲན་ཀུན་ཏུ་གྱེས། །རྒྱབ་ཀྱི་ཚིགས་པ་གསུམ་པའི་ཐད་ནས་སྲོག་རྩ་དེ་ནས་རྩ་གསུམ་མདུན་དུ་བྱུང༌བའི། །དབུས་ཀྱི་རྩ་དེའི་རྩེ་མོ་ལས་སྙིང་ནི་འབྲས་བུའི་ཚུལ་དུ་འབྲེལ་ལ། །སྙིང་དེ་ཡང་སུལ་གསུམ་ནང་ན་རྩ་ལྔ་ཡོད་པའི་རླུང་རྩ་་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ནི་དབུས་ན་གནས། །རླུང་ཁྲག་འདྲེས་པའི་རྩ་བཞི་ཕྱོགས་བཞིར་གནས། །གཡས་གཡོན་གྱི་རྩ་གཉིས་ནི་གློ་བུའི་གྲལ་གཡས་གཡོན་གཉིས་ལ་ཟུག་ཅིང་དེ་ལས་གྱེས་པ། །གློ་བ་ཡི་ནང་རྩ་ཤིན་ཏུ་མང་བས་སོག་མའི་ཕོན་ལ་ལྤགས་པ་གཡོགས་པ་དང་འདྲ། །རྩ་མང་བས་གསོབ་པས་ནད་འཇུག་སླ་ཞིང་རྩ་སྦུབས་མང་བས་ནད་གདོན་འདོན་པར་དཀའ། །སྲོག་རྩའི་ཡལ་ག་མདུན་དུ་བྱུང་བའི་རྩ་དབུས་མ་སྙིང་དང་འབྲེལ་བ་དེའི་གཡས་གཡོན་དུ་ཡོད་པ་རྣམ་པ་གཉིས་པོའི་གཉིས་སུ་གྱེས་ནས་ལག་པར་རྒྱུ། །སྲོག་རྩ་ལས་ཚིགས་པ་བཞི་ལྔའི་ཐད་ནས་རྩེ་ནག་གཉིད་ལོག་རྩ་གཉིས་མགོ་ལ་གྱེས། །ཚིགས་པ་དགུ་པའི་ཐད་ནས་སྲོག་རྩ་ལས་གྱེས་པ་རྩ་གཅིག་འདིར་གཉིས་ཞེས་པ་མ་དག་སྟེ་གོང་དུ་ཚིགས་པ་གསུམ་པའི་ཐད་ནས་སྲོག་རྩ་ལས་རྩ་གསུམ་མདུན་དུ་བྱུང་བ་སྙིང་དང་གློ་བར་ཟུག་པ་གསུམ་དང་འདིར་མཆིན་པར་ཟུག་པ་གཅིག   དེ་བཞིན་དུ་མཆེར་པ་དང་མཁལ་མ་གཉིས་བསམ་སེ་ལའང་རེ་རེ་སྡེ་བརྒྱད་ནི་བཤད་རྒྱུད་དུ་དོན་སྣོད་ནང་འབྲེལ་སྦས་པའི་རྩ་ཆེན་བརྒྱད་གསུངས་པ་དེ་ཡིན་པའི་ཕྱིར། འདིར་གཉིས་བྱས་ན་དེ་བཞིན་ཞེས་པའི་ཚིག་གི་ནུས་པས་མཆེར་མཁལ་བསམ་སེར་ཡང་གཉིས་གཉིས་ཟུག་པར་འདོད་དགོས་པས་སྦས་པའི་རྩ་བཅུ་དྲུག་ཏུ་འགྱུར་རོ། །གྱེས་པ་མཆིན་པར་ཟུག  །མཆིན་པའི་འདོག་ལུང་ཆེན་པོ་དང་མཆིན་དྲི་ནག་པོར་འབྲེལ། །དེ་བཞིན་མཆེར་པ་བཅུ་བཞི་པ་ནས་མཁལ་མ་བཅུ་གསུམ་བསམ་སེར་འབྲེལ། །ཚིགས་པ་བཅུ་བཞི་པ་ནས་སྲོག་རྩ་དེ་གཉིས་གཉིས་སུ་གྱེས། །སྣེ་སར་དོན་ནས་རྐང་པ་གཉིས་ལ་རྒྱུ་སྣེ་སར་དོན་ནས་རྐང་པའི་པུས་མོར་འདུས་དེ་ནས་གཅིག་གྱེས་སྒབ་ཁུང་དོན་པ་སྒབ་རྩ་ནག་པོ་དེ་ནས་ནང་ལོང་ཏུ་དོན་པས་ལྕགས་ཀྱི་སྲན་མ་དེ་ནས་མཐིལ་དུའོ།ཡང་གཅིག་ངར་གདོང་སྦུ་བར་ཐོན་པ་གསེར་རྩ་ཀ་གདུང་དེ་ནས་བོལ་གོང་དུ་ཐོན་པ་མགུལ་རྩ་ནག་པོ་དེ་ནས་རྐང་མཐིལ་དུ་མཐིལ་མགྱོང་རྣམས་ཏེ་དེའང་ལྕགས་ཀྱི་སྲན་མ་ལ་སྙིང་རྩ་དང་མགུལ་རྩ་ལ་བླ་རྩའི་ཐ་སྙད་ཀྱང་བྱར་རུང་བ་ཡིན་ནོ། སྲོག་རྩ་དཀར་ནག་གཉིས་པོ་དེ་ལས་གྱེས་པའི་དོན་དང་སྣོད་ཀྱི་ནང་རྩ་རྣམས། །འབྲལ་འབྲེལ་མང་བས་སྡོམ་གྱིས་ཐག་པ་དང་འཛིངས་པ་འདྲའོ། །དོན་སྣོད་ལས་ལུས་ཕྱི་ལ་དོན་པའི་རྩ་བྱང་ཁོག་སྟོད་ལ་སྙིང་རྩ་དང་འབྲེལ་བའི་རྩ་ཡན་ལག་བརྒྱད་པར། ནུ་མཇིང་ནུ་མའི་རྩ་ཞེས་བྱ། །སྟེང་འོག་མཚོན་རེ་ནུ་མའི་གནད་ཞེས་སོ་དྲུག །བྲང་རུས་གཡས་གཡོན་ནས་ནུ་མའི་མདུན་མཚོན་དོ་བཅལ་བ་ན། །སྙིང་རྩ་ཕྲ་ཁབ་ཅེས་པ་དེ་གོས་ཀྱི་གོང་པའི་ཐོང་གར་ཁབ་བཙུགས་པ་དང་འདྲ་བ་གཉིས་ཡོད། །སྒྲོག་རུས་ཀྱི་དཀྱིལ་ནས་ཐུར་དུ་མཚོན་གང་བཅལ་བ་ན། །སྙིང་རྩ་དངུལ་གྱི་འབུ་རུ་ཞེས་པ་གཟེར་པ་བཏབ་པ་འདྲ་བ་མགོ་འབུར་ཙམ་གཉིས་ཡོད། །ནུ་མའི་གཡས་གཡོན་སྟེང་འོག་ཏུ་མཚོན་རེ་བཅལ་བ་ན་བུ་རྩ་འཁོར་བ་གཉིས་ཡོད་དེ་དྲུག་སྙིང་རྩའོ། །གློ་བ་མ་བུའི་ཕྱི་རྩ་ཉི་ཤུ་བཞི་ཡོད་པ་གང་ཞེ་ན། །གློ་མ་རྩིབས་ལས་བྱུང་བའི་ཚིགས་འགྲམས་གཉིས་ཡོད། །ཚིགས་པའི་གཡས་གཡོན་མཚོན་རེ་དང་ཕུན་མཚོན་ཕྱེད་རེ་བཅལ་བ་ན། །ཀུན་ཏུ་རྒྱུ་སྟེ་དམིགས་གསལ་ཚིགས་པ་བཞི་པའི་ཐད་ཀར་གཉན། །དེ་ལབཞི་པའི་ཐད་ནས་གཡས་གཡོན་དུ་གཉིས་རེ་སྟེ་བཞིར་གྱེས་གཉིས་ནི་ཕྲག་པར་བསྐལ་ནས་བྲང་དུ་འགྲིམས། །གཉིས་ནི་ལྟག་པའི་ཆུ་བ་ལེབ་པོའི་འདབས་ནས་མགོ་ལ་འགྲོ་སྟེ་ལྟག་རྩ་ནག་པོའོ། །རྩ་དེ་ཚིགས་པ་བཅུ་བཞི་པའི་ཐད་མཆིན་དྲི་ཡན་ཆད་གློ་བ་དབང༌བས་གློ་རྩ་ཞེས་བརྗོད། །དེ་མན་ཆད་མཁལ་མའི་རྩ་ཡིན་ཏེ་ཚིགས་པ་བཅུ་བཞི་པའི། །ཐད་ཀར་ཕུན་རེའི་ས་ནས་གཡས་གཡོན་ནས་མཁལ་མའི་རྩ་ནག་ཅེས་སུ་གྲགས། །དེ་ནས་གཡས་གཡོན་དུ་གཉིས་ཏེ་བཞིར་གྱེས་གཉིས་ནི་མདུན་ངོས་སུ་དཔྱི་སྟེང་དུ་དོན་ནས་དཔྱིའི་ཁ་གཟར་དུ་དོན་པ་ན་གུ་ཡིན། །གཉིས་བརླ་གང་སྣེ་ས་གཅིག་ལྒང་པར་ན་གུ་བརྒྱུད་ནས་མཚན་མ་དང་ལྒང་པར་འབྲེལ་གཉིས་བརླ་ནང་མཁལ་རྩ་རུས་ཞེན་སྟེ། །རྩ་གཉིས་ཚིགས་པ་བཅུ་བཞི་པའི་ཐད་ནས་ཐུར་དུ་ཡོང་མཇུག་ཐུང་བརླ་ཡི་ཕྱི་སུལ་རྒྱུ་མཁལ་རྩ་རྐང་འདེགས་ཡིན། །གློ་མ་རྩིབས་ལས་བྱུང་བ་ཀུན་ཏུ་རྒྱུ། །ཚིགས་པ་བཞི་པའི་གཡས་གཡོན་མཚོན་རེར་གནས་ཚིགས་རྐང་འདི་གཉིས་དཔེ་རྙིང་དང་འགྲེལ་བར་མི་འདུག་ལ་འདིར་ལྷག་པར་སེམས་ཏེ་གློ་བ་མ་བུའི་ཕྱི་རྩ་ཉི་ཤུ་བཞི་གསུངས་པ་ལ་ཉེར་དྲུག་འབྱུང་བའོ་ཕྱིར་རོ། །གློ་མ་ལྒང་ལས་བྱུང་བའི་ནང་རྒྱུག་གཉིས། །ཚིགས་པ་དྲུག་པའི་སོར་ལྔའི་ས་ན་གནས། །གློ་མ་སྟག་མགོ་ལས་བྱུང་གྲོག་རྐེད་གཉིས། །ཚིགས་པ་བརྒྱད་པའི་སོར་བདུན་ས་ན་གནས། །གློ་མ་ཟགས་སྣ་ལས་བྱུང་སྒེ་དོར་གཉིས། །ཚིགས་པ་བཅུ་པའི་ཆག་གང་ས་ན་གནས། །གློ་མ་གཤམ་ལས་བྱུང་བའི་འགྲེང་བུ་གཉིས། །ནུ་མའི་ཐད་དྲང་ནས་སྒྲོག་རུས་འོག་ཏུ་འགྲོ། །གློ་བུ་ཐུགས་ཁབ་ལས་བྱུང་ཕྱིར་རྒྱུ་གཉིས། །ནུ་མའི་ཕྱི་ངོས་མཆན་མཚོན་རེའི་ས་སྐེ་སྟོང་ནས་སྒྲོག་རུས་འབྲེལ་མཚམས་ཀྱི་ཆར་འགྲོ། །གློ་བུ་མཛོ་སྣ་ལས་བྱུང་བསྣོལ་མ་གཉིས། །ཕྱིར་རྒྱུག་རྩ་ན་མཉམ་དུ་ཐོག་ནས་སྒྲོག་ཆར་གཡས་གཡོན་ཏེ་བསྣོལ་དུ་འགྲོ། །གློ་བུ་བྱ་སྒབ་ལས་བྱུང་གཟེར་མགོ་གཉིས། །མཆན་འོག་མདུན་རྒྱབ་ཏུ་ཕྱི་ནང་གྱེན་ཐུར་དུ་ཆག་གང་གི་སར་རོ། །གློ་བུ་དགྲ་ལྕེ་ལས་བྱུང་ཟངས་མ་གཉིས། །མཆན་ཁུང་འོག་ནས་རྩིབ་རིང་སྟེང་དུ་འགྲོ། །གློ་བུ་རྟེ་མིག་ལས་བྱུང་སྔོན་བུ་གཉིས། །སོག་པ་མེ་ལོང་དཀྱིལ་གྱི་འོག་ན་གནས། །མ་བུ་སྒྲོག་པ་ལུང་འཛིན་ཁུག་པ་གཉིས། །དཔུང་ཚིགས་ཆག་གང་གི་འོག་ནས་བྱུང་སྟེ་དཔུང་པའི་ཨུ་ཟུར་ཏེ་ཚིགས་ཁེབ་ཁ་ལ་བཀལ། །ཚང་ཚིང་ལས་བྱུང་གློ་རྩ་དུང་འབུད་གཉིས། །དཔུང་པའི་ནང་ངོས་ཆག་གང་ས་ན་གནས། །མཆིན་དྲི་ནག་པོ་དང་མཆིན་པ་འབྲེལ་མཚམས་ནས་བྱུང་བའི་མཆིན་རྩ་ཤ་རུ་མོན་རུ་རྣམ་པ་གཉིས། །ལྷེན་སྣ་འབྲེལ་མཚམས་ལས་བྱུང་ནུ་མའི་མདུན་བྲང་ཐད་མཚོན་དོའི་སར་གཉན་ཞིང་། །སླེབ་པའི་མཚམས་ནས་ཡར་ལ་ཆག་གང་ས་ནས་གཉིས་སུ་གྱེས། །རྩ་གཉིས་དཔུང་པ་ལ་རྒྱུ་རྩ་གཉིས་རྣ་རྒྱབ་རྒྱུ། །མཆེར་རྩ་བྱ་རྐང་དཔྱིའི་རྟ་ཟུར་གྱི་རྟ་ཤའི་གསེབ་ན་གནས་འདིའི་རྩ་སྣེ་ལ་རྣག་ཆེན་ཉེ་རིང་གཉིས། །མཁྲིས་རྩ་ཆུ་མིག་གློ་ཡི་ཚང་ཚིང་གསེབ། །གསེར་གྱི་ཀ་བ་སྐྱོག་རའི་ཚིགས་མཚམས་གསེར་གྱི་ཀ་བའི་གནད་དཔུང་སོག་བར་ན་གནས། །ཕོ་རྩ་སྦྲུལ་མིག་ཀ་བ་བོང་རྨེད་གསུམ་ལས། །སྦྲུལ་མིག་ནི་ལྷེན་སྣའི་གཡས་གཡོན་མཚོན་རེའི་སར་གནས། །ཀ་བ་ནི་ཕོ་བའི་དཀྱིལ་ནས་གཡས་གཡོན་སོར་གསུམ་བཅལ་བ་ན་གནས། །བོང་རྨེད་ནི་ལྟེ་བའི་གྱེན་དུ་མཚོན་གང་ན་བཅལ་བ་ན་གནས་འདི་ཟུངས་ཟགས་ཀྱི་གནད་ཀྱང་ཡིན། །ལོང་རྩ་ལྟེ་བའི་ཟུར་གཡས་གཡོན་མཚོན་རེ་བཅལ་བ་ན་གནས། །རྒྱུ་མའི་རྩ་ནི་དེའི་མཇུག་ནས་སྣེ་ས་ཁུད་གཉིས་ན་འགྲིམས་འདི་མ་འདྲེམས་ཞེས་པ་ལྟ་བུ། །རྒྱུ་ལོང་གི་ནང་རྩ་ནི་རང་རང་གི་འཁྱོག་མཚམས་ནས་རྒྱུ་ཚིལ་དུ་དྲ་བ་ལྟར་འབྲེལ། །བསམ་སེའི་རྩ་ནི་དཔྱི་སྟེང་ནས་སྣེ་སར་རྒྱུ། །ལྒང་པའི་ཆུ་རྩ་སྲོག་རྩ་སྲིད་རྩ་གསུམ། །མཚན་མ་དང་འོག་སྒོ་གཉིས་ཀྱི་དབྲག་བཤང་ལམ་དང་ཉེ་བའི་བར་གྱི་སྲོག་རླུང་རྒྱུ་བའི་སྲོག་རྩ་དབུས་དང་སྐྱེས་པའི་ཁམས་དཀར་པོ་དང་བུད་མེད་ཀྱི་དམར་པོ་འབབ་པས་སྲིད་རྩ་གཡས་དང་དྲི་ཆུ་འབབ་པས་ཆུ་རྩ་གཡོན་ན་གནས། །དེ་ལྟར་བཤད་པའི་རྩ་རྣམས་ཆད་པར་གྱུར་ན། །ཕལ་ཆེར་གྱི་སྒྲས་གསོ་དཔྱད་ལེགས་ན་མི་འཆི་བའང་སྲིད་ཅེས་བྱུང་ཤུགས་ལས་བསྟན་པའོ་འཆི་ཞིང་བཙན་བརྡུངས་ཀྱིས་བསྣད་པ་གྱུར་ན་རྩ་གྱེས་གཞི་གང་ཡིན་པ་དེར་ཐིགས་སུ་འགྱུར། །དྲུག་པ་རྒྱ་སྐར་ལྟ་བུའི་གསང་ས་བསྟན་པ་ནི། །གསང་ལ་རང་གསང་མདའ་གསང་ཕོག་གསང་དང༌། །དབྱེ་བའི་གསང་དང་རྣམ་པ་བཞི་རུ་འདོད། །དང་པོ་རང་བཞིན་གྱི་གསང་ཁ་ནི་གློ་སྦུབས་དབུགས་རྒྱུ་བ་ཡིན་ཕོ་སྟོད་ཀྱི་རང་གསང་ཟས་དང་སྐོམ་རྒྱུ་བའི་ལམ་ཡིན། །འཕོངས་ནི་གཤང་གཅིའི་རྒྱུ་ལམ་ཡིན་རྒྱུ་མ་དང་ལོང་དང་ལྒང་པ་དང་མཁལ་མའི་རང་བཞིན་གྱི་གསང་ཡིན་ནོ། །གཉིས་པ་མདའ་ལམ་གྱི་གསང་སྟོད་ཕུག་རོན་གསང་དུ་མདུན་རྒྱབ་ཕྱལ་མོ་ཡིན་པས་རྒྱ་ནས་ཅུར་འབྱིན་ཐུབ། །མཆིན་དྲི་ཁུག་པའམ་ཁྲ་བོས་བར་དེར་མཛུབ་རེ་ཐུབ་རྫོང་འཕྲང་དུ་མཆིན་དྲི་གློ་བའི་བར་དུ་བཅུར་འབྱིན་ཐུབ་པར་གསུངས། །ཚིགས་པ་བརྒྱད་པ་ཡན་གྱི་སྒལ་འདབས་གཡས་གཡོན་དང་ནུ་མ་གཉིས་ཀྱི་འོག་ཏུ་ཚོན་གང་གི་འོག་དེར་ནི། །རྩེ་སོར་བཞི་བཞི་སོང་ཡང་དོན་ལ་མི་སླེབ། །མཆིན་དྲི་ཡན་སྟོད་དུ་གང་ལ་ཡང་སོར་གསུམ་གྱི་དོན་གློ་སྙིང་ལ་མི་སླེབ། །སྨད་དུ་གང་ལ་ཡང་སོར་གཉིས་སོང་བས་སྣོད་དུ་མི་སླེབ་པའི་བར་དེ་ཙམ་ཡོད་དེ་དོན་སྣོད་ལས་གཞན་ནི་མ་གཏོགས་སོ། །གཞན་ཡང་ལུས་ཀྱི་སྡོད་ལུགས་དང་མཚོན་གྱི་ཕོག་ལུགས་ཀྱིས། །གསང་མེད་པའི་སར་ཡང་ཕར་ཚུར་ཅུར་འབྱིན་ཐུབ་པ་ཡོད་། །ཡང་གསང་དུ་ཕོག་ཀྱང་དོན་དང་སྣོད་ལ་སླེབ་པའང་ཡོད་པས་སྡོད་ལུགས་དང་ཕོག་ལུགས་ལ་བརྟག་པ་ཤིན་ཏུ་གལ་ཆེའོ། །གསུམ་པ་ཕོག་གསང་དབྱེ་གསང་རྣམས་སུ་མཚོན་ཕོག་པས། །མཚོན་ལམ་ནས་ཕྱིར་ཁྲག་ཐོན་པས་རྣག་སོགས་ཀྱི་རྒྱུ་མ་ལུས་པས་སླར་གསང་དབྱེ་མི་དགོས་སོ། །བཞི་པ་དབྱེ་གསང་སྟོད་ལ་བྲང་གི་སྙིང་གསང་དྲུག །གློ་མའི་མ་གསང་བཞི་དང་བུ་གསང་གཉིས། །མ་བུ་གཉིས་ཀའི་རྣག་སོགས་རྒྱུག་པའི་ཟུར་གསང་རྣམ་པ་དྲུག །གསང་ས་བཅོ་བརྒྱད་རྒྱ་སྐར་འབྱེད་པ་འདྲ། །དེ་ལ་བྲང་གི་སྙིང་གསང་དྲུག་པོ་ནི། །སྐེ་སྟེང་ནས་ལྷན་སྣེའི་གྱེན་ཐིག་དང་ནུ་མ་གཉིས་ཀྱི་བར་འཕྲེད་ཐིག་བཏབ་པའི་རྒྱ་འགྲམ་སྟེང་གི་དཀར་ནག་མཚམས་ནས་གྱེན་དུ་ཚོན་གང་བཅལ་བའི་ས། །དེ་ནས་སླར་ཡང་གཡས་གཡོན་གཉིས་སུ་ཚོན་རེ་དང༌།  མཚོན་ཕྱེད་ཕུན་རེ་བཅལ་བ་དཔལ་ཁབ་གསང་ས་གཉིས་ཡིན། །དེ་སྟེང་ཚོན་གང་བཅལ་བ་ཐུགས་ཁབ་གསང༌གཉིས  །དེ་སྟེང་ཚོན་གང་བཅལ་བ་བྱ་རོག་མིག་གཉིས། །རྒྱབ་ཀྱི་གློ་བའི་མ་གསང་རྣམ་བཞི་ནི། །ཚིགས་པ་བཞི་པའི་གཡས་གཡོན་སོར་བཞི་རེའི་ས། །གློ་བ་དྲུངས་འི་ཁུད་རྣག་གི་འབབ་ས་ཡིན་གློ་མ་སྟོད་ཀྱི་རྣག་གི་འབབ་གསང་ཡིན། །ཚིགས་པ་བརྒྱད་ནས་དགུ་པའི་ཐད་ཀ་རུ་ཐུར་གསེགས་སུ། །མཛུབ་གང་བཅལ་བ་སོག་པ་དེ་ལས་སླར་ཐུར་དུ་སོར་གཉིས་བཅལ་བ་ནི་འོག་གི། །རྒྱབ་གསང་རིང་མོ་ཞེས་བྱ་གློ་ཡུལ་སུལ་ལམ་གློ་སྨད་ཀྱི་རྣག་འབབ་ས། །གློ་བའི་བུ་གསང་ནི་ནུ་མ་གཉིས་ནས་མཆན་ཁུང་ངོས་སུ། །སོར་བཞི་བཞི་དེ་ནས་ཐུར་དུ་སོར་བཞི་བཅལ་བ་དང་། །སླར་ནུ་མ་ནས་ཆག་གང་ཐུར་གསེགས་སུ་བཅལ་བ་གཉིས་མཐུན་པར་ཡིན་ནོ་བུ་ཡི་ཟུར་གསང་མཆན་གསང་ཡང་ཟེར་ཡིན། །མ་བུ་གཉིས་ཀའི་རྣག་རྒྱུག་པའི་ཚིགས་པ་བཅུ་གཉིས་པ་དང་བཅུ་གསུམ་པའི་མཚམས་ནས་མདུན་ཟུར་དུ། །ཆག་གང་མཁྱིད་གང་མཛུབ་གང་བཅལ་བའི་ཐུང་རིང་གི་ཁྱད་ཀྱི་ས་དང་། །རྩིབ་མ་བཅུ་བ་དང་བཅུ་གཅིག་པ་དང་བཅུ་གཉིས་པའི་དབར་པ་གསུམ་ནི། །རྣག་འབྱུང་བའི་ཐེམ་ཁ་དང་པོ་བར་པ་དང་ཐ་མ་གསུམ་ཡིན་ལ། །གློ་བ་མ་བུ་གཉིས་ཀའི་རྣག་འབབ་ས་ཡིན་ནོ། །སྨད་ཀྱི་དབྱེ་གསང་ནི་ཚིགས་པ་བཅུ་བཞི་པ་ནས། །གཡས་གཡོན་དུ་སོར་དྲུག་དྲུག་བཅལ་བའི་མཁལ་མའི་རྣག་འབབ་པའི་གསང༌ཡིན་ནོ། །ལྟེ་བ་ནས་སྣེ་སའི་དཀྱིལ་དུ་ཐིག་བཏབ་པ་དང་དཔྱི་ཟུར་ནས་མཚན་མའི་སྟེང༌། །ཐིག་བཏབ་པའི་རྒྱ་གྲམ་གྱི་ས་དེ་ལྟོ་བའི་སྤྱི་གསང་ཡིན་ནོ། །མཚན་མ་ཐོན་པའི་རུས་དམིགས་ཨ་ལོང་ཁ་ནས་རྒྱབ་ཏུ་སོར་བཞི་བཅལ་བའི་ས་ན། །བཤང་ངམ་གཞང་གསང་ཞེས་བྱ་བ་ནི་བྱང་ཁོག་ནང་ཡོད་གི་སྨད་རྣག་འབབ་སའོ། །འོན་ཀྱང་སྟོད་སྨད་ཀྱི་དབྱེ་གསང་འདིར་བསྟན་པ་མ་ཡིན་པ་གཞན་དུ་ཡང་། །རྣག་གི་འབབ་ས་མ་ངེས་པར་འོང་བས་གར་བབས་དབྱེ་དགོས་ཏེ་ནད་ཞུགས་པའི་ཚེ་ན་གནད་ཀྱང་རྫུན་ཞེས་སོ།།

སྤྱི་དོན་གཉིས་པ་ངོས་འཛིན་རྟགས་ལ་རྣམ་པ་བདུན། །དང་པོ་ཕོག་ས་ཡུལ་ལ་བརྟག་པ་དང༌། །གཉིས་པ་མཚོན་གྱི་བགྲོད་ལམ་བརྟག་པ་དང༌། །གསུམ་པ་ནང་དུ་རྡོལ་དང་མ་རྡོལ་བརྟག །བཞི་པ་ཁྲག་ངན་བབས་དང་མ་བབས་བརྟག །ལྔ་པ་དོན་སྣོད་ཟིན་དང་མ་ཟིན་བརྟག །དྲུག་པ་འཚོ་འམ་འཆི་བའི་ལ་ཤན་དབྱེ། །བདུན་པ་མདོར་བསྡུས་ཁ་དམར་ཁས་བླངས་སམ་དམ་བཅས་པའི་མིང་གདགས་པར་བྱ། །དང་པོ་ཕོག་ས་ཡུལ་ལ་བརྟག་པ་ནི། །མཁར་དང་མཁར་མཚམས་གཞུག་རུས་པ་གཉན་པ་སྟེ། །རྒྱུངས་པར་མ་སླེབ་མདེའུ་མ་ལས་འཚོ། །རྒྱུངས་ཟིན་ལྟག་པ་དགྱེ་ལ་སྒྱིད་པ་འཁྲིལ། །སྨད་འཕྱེས་ཞ་བ་དྲི་ཆུ་སྡོམ་ན་ཞག་བདུན་ན་འཆི།  །བྲང་རུས་གཉན་ཏེ་ལྷ་བྱེར་འབྲས་སུ་འགྲོ། །བྱ་འདབས་ལྷ་རུ་རྩེ་དང་དཔྱི་སོགས་འབྲིང༌། །སྒྲོག་རུས་རྩིབ་མ་ཉེན་ཆུང་ཟུག་གཟེར་ཆེ། །ཕྱི་ནས་བཤུལ་སྒྱེ་བོར་འགྲོ་བཤུལ་བཅད་ན་སྐྲངས་ཤིང་སྒུར་པོར་འགྲོ། །བཞག་ཤ་མཆན་གྱི་ནང་དཀར་ནག་གི་གསོག་ལ་གཟེར་ཞིང་འབྱེར། །དེ་དག་རབ་གཉན་ཤ་གནད་ཕྱི་མ་འབྲིང༌། །ནང་རྩ་ཀུན་དང་གློ་བུ་སྙིང་རྩ་གཉན། །གློ་མ་མཁལ་རྩ་འབྲིང་སྟེ་རྩ་གཞན་ཐ། །སྙིང་དང་གློ་བུ་མཆིན་མཁལ་རྒྱུ་མའི་ཡུལ། །ཕོག་པའི་སར་ངན་གློ་མ་མཆེར་པ་དང༌། །ཕོ་ལོང་ལྒང་པའི་ཡུལ་རྣམས་འབྲིང་པོ་ཡིན། །དོན་སྣོད་ཡུལ་མིན་པའི་གསང་སྟོང་རྣམས་ཕོག་ས་བཟང༌། །གཉན་དང་མི་གཉན་གྱི་ཡུལ་ལ་ཕོ་ས་བཟང་ངན་ཤེས། །དེ་ཕྱིར་དང་པོ་ཕོག་ས་བརྟག་པར་བྱ། །གཉིས་པ་མཚོན་གྱི་བགྲོད་ལམ་བརྟག་པ་ནི། །ཕོག་པའི་ས་ལ་ངེས་པ་མེད་པས་གར་ཕོག་ཀྱང༌། །བཟང་སར་ཕོག་ཀྱང་གནད་ལ་སྙེག་སླེབ་བམ་ཕོག་པ་དང་ངན་སར་ཕོག་ཀྱང་གནད་མེད་པའི་སར་འཛོལ་ཞིང་ཕན་ཚུན་འཚེབས་པ་ཡོད་པས་ན། །དེ་ཕྱིར་མཚོན་གྱི་བགྲོད་ལུགས་ཤེས་པ་གཅེས། །ཤ་གཤགས་པ་ལས་རུས་པ་ཕུག་པ་ཉེན་ཆེ་རུས་པ་ཕུག་པ་ལས་རྩ་ཆོད་པ་ཉེན་ཆེ་དེ་ལས་དོན་དང་སྣོད་ལ་ཟིན་པ་ཉེན་ཆེ། །དེ་ལྟར་རིམ་པས་ཕྱི་མ་ཉེན་ཆེ་ཞིང་དེ་བཞི་ཀ་སྦྲགས་པར་ཕུག་པ་ནི་ངེས་པར་འཆི། །གློ་བ་མ་ལ་སྟེང་གི་རྨ་འཚོ་འོག་གི་རྨ་ཐིགས་གསོག་པས་འཆི་དྲང་ཐད་རྨ་གསོ་ཐབས་ལ་རག་ལས། །རིམ་པས་འཚོ་འཆི་རྐྱེན་ལ་རག་ལས་འགྱུར། །གློ་སྟོད་མཚོན་ལམ་རིང་ན་རང་རང་གི་ནང་རྩ་ལ་སྙེག །དེ་དག་མོད་ལ་ཁྲག་གིས་རྩ་ཁ་ཟིན་ན་འབྱོར་ན་འཚོ་བ་ཡིན། །རྩ་ཁ་ཤོར་ན་ལུས་ཀུན་རྩམ་པ་ཕུས་བུས་ལྟར་སྐྲངས། །ཁྲག་གིས་བྱང་ཁོག་ཁེངས་ནས་འཆི་བར་འགྱུར། །དེ་ཕྱིར་རྩ་ཁ་འབུད་པའི་འབྱེད་པའི་ཟས་གཡེར་ལྕམ་སོགས་དང་སྤྱོད་ལམ་དྲག་ཤུལ་གྱི་བྱ་བར་གཟབ། །མཚོན་ལམ་ཐུང་ན་རྩ་ཁ་མི་ཟིན་ཞིང༌། །ཆུ་སེར་གྱི་ལྗིད་ནང་དུ་མི་ལྟུང་བས་གསོ་ཐབས་མཁས་ན་འཚོ། །གློ་སྨད་མཚོན་ལམ་ཐུང་ཡང་ཆུ་སེར་གསོག །མཚོན་ལམ་རིང་ཡང་ནང་གི་རྩ་ལ་ཟིན་པ་ཉུང༌། །དེ་ཕྱིར་དོན་ལ་ཐིགས་གསོག་པས་གསོ་བར་དཀའ་ཞིང་ཡུན་རིང་དུ་སྦྱོང༌བ་ཡིན། །གསུམ་པ་ནང་བརྟོལ་མ་བརྟོལ་བརྟག་པ་ནི། །ནང་བརྟོལ་པའམ་སྨྲར་བཅུག་ན་སྐད་ཀྱི་མཇུག་ཆད་ཅིང༌། །འགྲོ་བའི་སྟངས་ཞན་པ་དང་ཁོང་པ་ལྕི་བ་དང་དབུགས་མི་བདེ་བ་དང་། །གློ་བ་ལ་སོར་སྒྲ་ལངས་པས་མཚོན་གཞོགས་གང་ལ་རྒྱབ་པ་དེ་ཕྱོགས་སུ་འཁྱོག་པ་དང་ཕོ་ལ་ཁ་ཟས་མི་འདོད་པ་དང་ལུས་ཕྱིའི་ཟུག་ལ་ངེས་པ་མེད་པས་ཁོང་པའི་ནང་དུ་ཟུག་ཆེ་བ་དང་སྐྲ་མཚམས་རྔུལ་བ་ཡིན། །དེ་རྟགས་དེ་དགུ་ཚང་ན་ནང་དུ་བརྟོལ་བ་ཡིན། །གསང་སྟོང་པར་ཕོག་པ་དང་དོན་སྣོད་ལ་མ་ཟིན་ཞིང༌། །ཁྲག་མ་ཤོར་ན་མདའ་ལམ་རིང་བར་གྱུར་ཡང༌། །ཁོང་པར་ཟུག་ཆུང་བ་དང་དབུགས་བདེ་བ་དང་བྱད་བཞིན་གྱི་མདངས་གསལ་བ་དང་འགྲོས་མ་ཉམས་པ་དང་། །ཚད་པ་མ་སྐྱེས་པ་དང་ཟས་ཞིམ་པའིོ་བྲོ་བ་ཚོར་བ་དང་སྐད་གདངས་དྲག་པ་དང་།རྟགས་དེ་དག་ནི་ནང་དུ་བརྟོལ་བའི་མ་བརྟོལ་བ་ཞེས་བྱའོ། །རྩ་གཉན་ཆོད་ན་བྱད་བཞིན་ངོམས་ནག་གདོང་པ་སྣུམ་བག་ཆེ། །ལུས་ལྕི་སྐོམ་དད་ཆེ་ལ་དང་ག་འགག །ཉིན་མོ་གཉིད་དང་ཟུག་ཆེ་གློ་མང་སོར། །རྩ་ཐིགས་གསོག་པས་ནང་དུ་མ་བརྟོལ་ཡང་བརྟོལ་བ་དང་འདྲ། །ཤ་གཉན་དང་རུས་གཉན་བཅད་པ་དང་བརྡུངས་ན་ཡང་ཟུག་གཟེར་ཆེ་བས། །ནང་དུ་མ་བརྟོལ་བ་ཡང་བརྟོལ་བར་གོལ་ས་ཡོད། །ཕོ་བ་སྦོ་སྒྲེག་དྲི་ཆུ་སྲི་སྡོམ་དང་ལྡང་དུབ་བྱེད། །བྱང་ཁོག་སྨད་ཀྱི་ནང་བརྟོལ་སྤྱི་རྟགས་ཡིན། །བཞི་པ་ཁྲག་ངན་བབས་པའི་རྟགས་བསྟན་པ། །ཁོང་པ་གླང་ཐབས་ལྟར་ན་ཞིང་མཆིན་དྲི་ཁུག་པ་དང་ལྷེན་འོག་གཟེར། །ཙོག་པུར་སྡོད་མི་ཟུག་སྔས་ལ་ཉལ་མི་ཤེས། །ལུས་འདར་སྐྲ་འདབ་རྔུལ་ཞིང་སོ་དྲེག་ཆགས། །གྲང་ན་ཟུག་ཆེ་དྲོས་ན་བདེ་བར་ཚོར། །ཞག་ཏུ་ལོན་ནས་ལྕེ་དང་མཆུ་དང་རྙིལ་བཀྲག་མདངས་འཆོར། །རྩ་གྲིམས་ཆུ་དམར་རོ་སྟོད་དགུ་ཤེད་ཉམས་བྲི། །དེ་རྟགས་ལྡན་ན་ཁྲག་ངན་བབ་པར་ངེས། །ལྔ་པ་དོན་སྣོད་ཟིན་པའི་རྟགས་བསྟན་པ། །དོན་སྣོད་གང་ལ་ཟིན་ཕོག་དུས་ཤེས་པ་ཟི་ཞིང་འཚུབ། །དོན་གང་ཟིན་པ་དེའི་ཐད་ཀྱི་ཚིགས་པ་གསང་ཁ་བྱེ་མནན་ན་ན། །དབུགས་ཐུང་དགྱེ་དགུ་མི་ཤེས་བུ་ཆུང་ལྟར་པང་འཆོས་དགོས། །མོད་ལ་རྩ་ཆུའི་ཚ་བ་འུར་གྱིས་སྐྱེ། །དེ་དག་དོན་ལ་ཟིན་པའི་སྤྱི་རྟགས་ཡིན། །ཁྱད་པར་སྙིང་ལ་མཚོན་ཕོག་ན་སྲོག་ཆེན་པོའི་རླུང་ཐོན་པས་བཏོན་དུས་འཆི། །སྙིང་ཚིལ་བརྒྱལ་འབོག་དངང་འདར་བཞིན་མདངས་ཉམས་འགྲོ་བས་དེ་འཕྲལ་དུ། །ཆུ་གཏོར་རྣ་བར་མཆུ་བསྟད་ནས་ཁུས་གཙུག་དང་མཐིལ་བཞི་གདབ་རྨ་ཁར་བུད་མེད་ཀྱི་བསྐུ་བྱུག་འོ་དྲོན་ཁར་གཏིག །དེ་རྗེས་ཤེས་པ་དྭངས་གྲུངས་ནས་དྲན་པ་གསལ་བ་བྱུང་ན་གསོ་བའི་གླགས་ཡོད། །སྙིང་རྩ་བཙན་ཐབས་སུ་སྣ་ཆོད་ན་སྨྱོ་འདར་དངང་ཆུང་འབྱུང༌། །རྩ་ཐིགས་ཤོར་ན་སྙིང་ལ་རྣག་ཆུ་གསོག །སྲོག་རྩ་ཆད་པ་དང་ཕུག་པ་ནི་རྒྱབ་པའི་མོད་ལ་འཆི། །བཅར་བའམ་འཐིམས་པས་བཙན་ཆལ་ཆོལ་དུ་བརྡུངས་པ་ཟུག་གཟེར་ཆེ་ཞིང་འདྲེ་ལོག་བྱེད། །ལག་པས་ས་འབྲད་ཚབས་ཆུང་འཚོ་བ་སྲིད་པ་ཙམ། །གློ་བ་ཕུག་ན་གློ་ལུ་མི་ཤེས་ཟ་ཟི་སྨྲ། །དབུགས་ནི་ཉི་མས་འཚིག་པའི་ཁྱི་དང་འདྲ་བར་རྔམ་ལ་བརྩེགས། །རྨ་ནང་ནས་དབུགས་འབྱུང་ཁྲག་ཀྱང་ལྦུ་ཅན་དུ་སྐྱུག །གློ་བའི་སྟག་མགོ་དང་པོ་གློ་མེད་ཟིན་ནས་ལུས་རྣལ་གཞུང་ན་ཞིང་རེངས་པ་དབུགས་མི་བདེ་གྲང་ཤུམ་བྱེད་ལ་ཟིན་ན་ཡུན་ཞག་བདུན་ལོ་ལོན་པའི་དུས་འཆི། །གློ་སྒང་ཟིན་ན་ཞག་བདུན་ནམ་དགུ་ལ་འཆི་གློ་བའི་རྩིབས་ལ་ཟིན་ན་ཞག་དགུ་དང་བཅུ་གཅིག་ན་འཆི། །གློ་གཤམ་ཟིན་ན་ཞག་བཅུ་བདུན་ནམ་བཅུ་དགུའི་དུས་ན་འཆི། །གློ་བུ་ལྔ་པོ་གང་ལ་ཕོག་ཀྱང་མོད་ལ་འཆི། །ཇི་ལྟར་འགོར་ཡང་ཞག་གསུམ་དག་ལས་རིང་མི་སྡོད་འཆི། །གློ་རྩ་ཆོད་ན་ལུད་པ་ཙན་དམར་འདྲ་བ་ཁྲག་དང་འདྲེས་པ་ལུ། །རྩ་སྟེང་ཁྲིད་ཅིང་གཟེར་ལ་ཚ་བ་སྐྱེ། །གདོང་སྣུམ་དབུགས་མི་བདེ་ལ་གྲང་ཤུམ་བྱེད། །རྩ་ཐིགས་ཤོར་ན་གློ་ལ་རྣག་ཆུ་གསོག །ཁྱད་པར་ཚིགས་འགྲམས་ཕྱི་རྩ་ཆོད་ན་སྟོད་དུ་མཇིང་པ་རེངས། །སྨད་དུ་མཁལ་རྐེད་ན་ཞིང་རྐང་པ་འཕྱེས། །ཁུག་པ་ལྡང་དུབ་སྔོན་བུ་སྐྱིགས་བུས་འདེབས། །གཟེར་མགོ་སྐད་འཛེར་མགོ་དམའ་དུང་འབུད་སྐྲངས། །བསྣོལ་མ་ཉལ་དཀའ་ཆར་བུ་ཕྱིར་རྒྱུག་སོག་དབྲག་གཟེར། །མཆིན་དྲི་དཀར་པོ་བཅད་ན་སྐད་མི་ཕྱིན། །དབུགས་བསྡམ་འབུར་ཚུགས་བལྟ་ཞིང་ཡན་ལག་གཡོབ། །ཟུག་ཆེ་སྒྲེག་པ་མང་ལ་ཟས་ཟོས་ན།།ཚབས་ཆུང་མཁས་པས་མོད་དུ་གསོས་ན་འཚོ། །རྟགས་དེ་རྣམས་ཚང་ན་ཞག་ལྔ་ལ་ནད་ལྡོག་བདུན་ན་འཆི། །མཆིན་དྲི་དཀར་པོ་ཡོལ་བ་ཕུག་ན་སྟོད་ཁྲག་སྨད་དུ་འཆོར། །སྨད་རླུང་སྟོད་དུ་འཆོར་བས་འཕྲལ་དུ་འཆི། །མཆིན་དྲི་ནག་པོ་མགོ་ལྕི་མིག་འཛུམ་ཁྲག་ནག་སྐྱུག །ཕུས་འདེབས་མིག་རྩ་རྒོད་ལ་བར་སྣང་བལྟ། །འདུག་སར་མི་ཚུགས་ཞག་དགུ་ཡི་དུས་ན་འཆི། །སྨྲ་འདོད་ཞེ་ས་མཁས་ལ་སྙན་མིང་གིས་འབོད་པ་འགྲོ་འདུག་བྱེད། །ཆང་འདོད་བླུད་ན་ཡི་གར་མི་ཡོང་བ། །ནག་པོ་བཙན་བཅར་བའམ་འཐེབས་པས་བརྡུངས་ཆལ་ཆོལ་དུ་རྟགས་དེ་གསོ་བར་ནུས། །མཆིན་པའི་ཕྱི་རྩི་ཉམས་པར་གྱུར་པས་ཀྱང་འཆི་བ་སྟེ། །ཚབས་ཆེ་ཁྲག་ཏུ་འཁྲུ་སྐྱུག་ཕོག་དུས་འཆི། །བརྡབས་པའམ་བརྡུངས་ན་མིག་དམར་མདོག་སྔོ་འཁུན་བུ་འབྱུང༌། །གདོང་སྣུམ་འགུལ་ན་རྩ་རྒྱས་ལྡང་དུབ་བྱེད། །ཚབས་ཆུང་གྱུར་ན་མོད་དུས་གསོ་གླགས་ཡོད། །མཆིན་རྩ་བཙན་བཅར་བའམ་འཐེབས་པ་དང་ཆོད་ན་མགོ་དང་དཔུང་པ་ན། །ངོ་གདོང་སྣུམ་ཞིང་མིག་སྤྲིན་དམར་པོར་འགྲོ། །མཆེར་པའི་ཆ་ག་མཐའ་འམ་མུ་སྙིང་འདར་གྲང་ཤུམ་བྱེད༌།  ཁོང་སྦོ་ཕྱི་ས་གཅིན་སྡུག་འགགས་ཏེ་རྟགས་དེ་རྣམས་ལྔ་ན་འཆི། །བརྡབས་པ་དང་བརྡུངས་པ་དང་མཐིལ་དུ་ཕུག་ན་ཁོང་པ་སྦོ། །འཁྲུ་འམ་རྩ་ཆུའི་རྒྱུན་འགག་གཡལ་སྦྲིད་མཆུ་རྙིལ་སྐྱ། །གདོང་མིག་ནག་ཐིག་འབྱུང་སྟེ་མཁས་པས་བཅོས་ན་འཚོ།  །མཁལ་མ་གཉིས་ལ་ཕྱིའི་རྩི་ཉམས་པར་གྱུར་པས་ཀྱང་འཆི། །མཁལ་ཐག་ཆད་ན་རྐང་པ་སྡུད་མི་ཤེས། །ཕུས་འདེབས་ལུས་བགྲད་ཞག་གཅིག་ལོན་ནས་འཆི། །བརྡབས་པ་དང་བརྡུངས་པ་དང་མཁལ་ཚིལ་ཟིན་ན་ལུས་པོ་ལྕི། །རྐང་ལག་སྡུད་དཀའ་ཆུ་སྲི་རྣ་བ་འོན། །དེ་ནི་མཁས་པས་འཚོ་བ་མང་བ་ཡིན། །མཁལ་མའི་རྩ་ལ་སོང་ན་རྐང་པ་བཤལ། །དྲི་ཆུ་སྡོམ་ཞིང་རྩ་རྒྱུད་ཁྲིད་ནས་གཟེར། །སྣོད་དྲུག་པོ་ཕུག་ན་ཕྱི་རྟགས་རྩིབ་མ་ནང་ཟུག་འཁྲུ། །ཕོ་བ་ཕུག་པ་རླུང་ཤོར་བས་མི་སྦོ་བཙན་བཅར་བ་དང་ཐེམས་ན་མི་མཉམ་ལོག་པས་སྦོ། །ཕོ་བའི་ཐེར་ལ་ཕོག་ན་འཚོ་སྟེ་གྲོད་པའི་རྫེམས་ལ་ཕོག་པ་འཆི། །དེ་རྟགས་གླང་ཐབས་ན་ལ་དྲི་ཆུ་སྡོམ། །ལུས་ཀྱི་སྟོབས་ཤོར་ཅི་ཟོས་མི་ཆགས་སྐྱུག །འཚོ་སྙམ་བྱེད་ཀྱང་ཞག་བཅུ་བཞིཔའམ་ཡང་ན་ཉི་ཤུ་གསུམ་མམ། །སུམ་ཅུ་རྩ་ལྔ་ལ་འཆི་བདག་ལག་ཏུ་འགྲོ། །མཁྲིས་པ་ཕུག་ན་མཁྲིས་པ་འཁྲུ་སྐྱུག་འཆི། །བརྡབས་སམ་བརྡུངས་བ་མིག་ཆུ་ཤ་མདངས་སེར་པོར་འགྲོ། །འཕྲལ་དུ་མོད་དུས་མ་བཅོས་ཞག་ལྔའི་དུས་ན་འཆི། །ལོང་སྟོད་ལུ་གུ་མགོར་ཕོག་གླང་ཐབས་ན། །ཁྲག་རུལ་འཁྲུ་སྐྱུག་ཞག་དགུ་ཡི་དུས་ན་འཆི། །སྲིན་ལོང་སྲིན་བུ་འཁྲུ་སྐྱུག་གླང་ཐབས་འབྱུང༌། །ལོང་གི་ཐེར་ལ་ཟིན་ན་སྦོ་ལྡེང་དྲི་ཆུ་སྲི་བར་བྱེད། །དེ་ཉིད་མཁས་པས་གསོས་ན་ཕལ་ཆེར་འཚོ། །རྒྱུ་མ་ཕུག་ན་ལུས་པོ་འདུག་མི་ཚུགས། །ཟུག་ཆེ་ལག་པས་མཚན་མ་ཉེད་ལ་ཚ་འབྲབ་བྱེད། །རྒྱུ་མ་བུག་པ་དུ་ཡོད་པའི་ཞག་རེ་ཐུབ། །མ་ཕུག་ལུག་པ་བཅོས་པས་འཚོ་བ་ཡོད། །བརྡུངས་སམ་བཅད་ན་ཁ་ཁ་ཚ་བ་སྐྱེ། །རྒྱུ་མ་གཟེར་ལ་འཁྲུ་ཞིང་མིག་ཆུ་སེར། །གཉེ་མ་ཕུག་ན་སྲིན་བུ་གྱེན་ཐུར་ཁ་དང་ལྐུབ་ནས་འབྱུང༌། །ཧས་འདེབས་ཐལ་མོ་རྡེབ་ན་ཞག་གཅིག་ན་འཆི། །གཞང་ཚིལ་ཤུབས་ལ་ཕོག་ན་དྲི་མ་ལྡུག་གམ་སྡོམ། །ནག་པོ་འཚོ་དཀའ་དཀར་པོ་འཚོ་བར་འགྱུར། །ལྒང་པ་བསྣད་ཕུག་དྲི་ཆུ་སྲི་འམ་ལྡུགས། །ལྒང་པའི་ཁ་ལ་སོང་ན་འཆི་སྟེ་ཐེར་ལ་འཚོ། །བསམ་སེར་སོང་ན་ལུས་སྦྲིད་གན་རྐྱལ་འགྱེལ། །འདྲེ་ལྡོག་བྱེད་ཚབས་ཆུང་ན་འཚོ་བ་ཡོད། །མཆེར་པ་རྒྱུ་ལོང་ལྒང་པ་བསམ་སེ་སོགས། །རྩ་རྣམས་ལ་ཟིན་ནའང་རང་རང་ཕོག་པའི་རྟགས་དང་ཁྱད་པར་མེད། །དྲུག་པ་འཚོ་འཆིའི་ལ་ཤན་དབྱེ་བ་ནི། །རྒྱབ་པའི་མོད་ནས་དྲན་པ་ཉམས་པ་དང༌། །བརྒྱལ་འབོག་དངང་འདར་ཁྲག་ཏུ་འཁྲུ་སྐྱུག་འཆི། །མཚོན་ཕོག་ནས་ཞག་གསུམ་དང་ལྔ་ཡི་བར་དག་ཏུ། །ཅིས་ཀྱང་ཚ་བ་མི་ཆོགས་ཟུག་མི་འབྲི། །ཇི་ལྟར་བཅོས་ཀྱང་སྐྱེད་མེད་འཆི་བར་ངེས། །ཤེད་མེད་ཚ་བ་སྐྱེ་ལ་དང་ག་འགག  །རྟག་ཏུ་འཁྲུ་སྐྱུག་དྲི་ཆུ་སྲི་ན་འཆི། །མིག་མདངས་ཉམས་ཤིང་འཛུམ་དཀའ་གྱེན་ཏུ་ཟློག་པ་རྩའི་བྱ་གཏོང་། །ཁ་སྣའི་དབུགས་གྲང་གདོང་ལ་བག་རྔུལ་ཆགས་པ་རླུང་གི་བྱ་གཏོང་། །ལུས་ཀྱི་སྟོབས་ཤོར་སྟན་ལ་འབྱར་བ་ན་ཟུངས་ཀྱི་བྱ་གཏོང་། །དེ་ལྟར་འཆི་བའི་བྱ་གཏོང་གསུམ་བྱུང་ན་འཆི་བར་ངེས། །དོན་སྣོད་ལ་ཟིན་པའི་འཆི་ལྟས་དང་འཆི་དུས་ནི་གོང་དུ་བསྟན་དོན་གང་ལ་ཟིན་པ། །དེའི་རྩ་རྒྱུད་མ་སྟོངས་པར་ཚང་ཞིང་ཟུག་གཟེར་བར་ཐག་རིང༌བ་དང་། །སྨན་དཔྱད་བྱས་པར་བདེ་སྐྱེད་ཆེ་ན་འཚོ་བ་ཡིན། །བདུན་པ་མདོར་བསྡུས་ཁ་དམར་ཁས་བླངས་བའམ་དམ་བཅའ་བའི་མིང་འདི་ལྟར་གདགས། །ནང་དུ་རྡོལ་ཡང་ཁྲག་བབས་བུངས་ཆུང་ན།  འཆི་བའི་ཉེན་ཆེ་སྟེ་བཅོས་སུ་ནི་ཡོད་དོ་ཞེས་པར་ཁ་དམར་གདགས། །ཁྲག་བབས་ཆེ་འམ་དོན་སྣོད་ཟིན་པ་ལ། །འཆི་བའི་བྱ་གཏོང་གསུམ་གྱིས་སླེབ་མ་སླེབ་པ་ནི། །སྦས་ནས་ཞག་ཉེ་ན་གསུམ་དང་རིང་ན་ལྔ་ཡི་བར་དུ་ཤན་མི་ཕྱེད་པས། །རིང་མཐའ་ཞག་ལྔའི་བར་དུ་བྱ་གཏོང་གསུམ་པོ་མ་བྱུང་ན། །དེ་ལ་མཁས་པས་སྨན་དཔྱད་ཟས་སྤྱོད་བཞིའི་རྩལ་བཞི་སྤྲུགས་པས་གསོ་ཐུབ་ཅིང་། །བྱ་གཏོང་གསུམ་པོ་སླེབ་ན་འཆི་བར་ཐག་བཅད་པའི་ཁ་དམར་གདགས། །དོན་སྣོད་མ་ཟིན་ཁྲག་ངན་མ་བབས་ན། །ནང་རྡོལ་གྱུར་ཀྱང་འཚོ་བར་ཁ་དམར་གདགས། །རྩ་ཆེན་ཆོད་དམ་ཁྲག་བབས་ཆེ་བ་དང༌། །གཉན་པ་དོན་སྣོད་སྟེང་དུ་མཚོན་ལམ་རིང༌བ་ལ་ནི། །འཆི་བདག་བྱ་གཏོང་གསུམ་པོ་ལ་ནི་འོང་ལོང་མེད་པས། །འཆི་ངེས་པའི་ལ་ཆེན་འདའ་བར་ཁ་དམར་གདགས་པར་བྱ། །དེ་བཞིན་ཕོག་ས་གཉན་དང་མི་གཉན་དང༌། །མཚོན་གྱི་བགྲོད་དང་ལམ་ཞག་ཀག་དང་འཆི་རྟགས་བྱ་གཏོང་དང༌། །བཅོས་སྐྱེད་བྱུང་མ་བྱུང་སོགས་དང་སྦྱར་ལ་འཚོ་བ་དང་འཆི་འི་ཁ་དམར་གདགས།  གལ་ཏེ་འཚོ་འཆི་ཐེ་ཚོམ་ཟ་ན་ཤན་མི་ཕྱེད་པར་ཁ་དམར་སྨྲའོ།།

སྤྱི་དོན་གསུམ་པ་བཅོས་པའི་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །དང་པོ་ཟུག་རྔུ་མཚོན་དང་སྦྱར་ལ་བཅོས་པ་དང༌། །ཕོག་ས་གནས་དང་སྦྱར་ལ་བཅོས་པ་དང༌། །སྟོད་སྨད་ཡུལ་དང་སྦྱར་ལ་བཅོས་པའོ། །དང་པོ་ཟུག་རྔུ་མཚོན་དང་སྦྱར་ལ་བཅོས་པ་ནི། །རྡོ་དབྱུག་བརྡུངས་དང་གཡང་ལྷུང་ཐིབས་འོག་ཚུད། །རྨ་མེད་བྱང་ཁོག་སྟོད་སྨད་ཕྱི་ནང་འགྲམས། །གཟེར་ཟུག་ཆེ་ཞིང་དགྱེ་དགུ་དཀའ་བ་དང༌། །རྩ་ཆུ་ཚ་བ་སྐྱེས་ན་སྨུག་ཟིལ་ཁྲག་རླུང་གི་ཟིལ་པ་འབྱུང༌། །འོག་ཏུ་ཁྲག་ཚད་རྒྱས་ལ་གཏར་སྨན་མ་ཚོགས་པས། །ཚ་བའི་རླངས་འཁྱིམས་ཁ་གཡམ་ཟིལ་པ་འདྲ། །ཞེས་པ་ལྟར་རོ། །དེ་ལ་ཐང་དང་གཏར་ག་དང་ཕྱེ་མ་དང་དུགས་ལ་སོགས་། །གང་ལ་གང་འཚམ་པ་དེ་དང་དེའི་བཅོས་ཀྱིས་འཚམ་པའི་ཚ་རླངས་བསད། །དེ་དག་གི་སྦྱོར་བ་རྣམས་ནི་གོང་གི་འགྲམས་བཅོས་ལེའུར་ཤེས་པར་གྱིས། །གྲིའམ་མདུང་གིས་གཤགས་བཅད་ཕུག་པའི་རྨ་ཆེ་བ་ལ། །དང་པོ་ཨ་ས་ཟན་དྲོན་སྤོད་བྲན་སྦང་མའི་ཆས་སུ་གཞུག །དེ་འོག་ཧྲེམ་ན་གྱོང་རེངས་ཞུན་བྱ་རྣག་བྱུང་ན་འབྱར་བྱ། །བྱེར་ན་དེབ་བཏང་སྐྱོན་སོལ་རྨ་རྩིས་གསོ་བ་སོགས་ནི་གོང་དུ་རྨ་སྤྱིར་གསོ་བའི་སྐབས་ལྟར་བྱ། །མདའ་ཡིས་ཕོག་ལ་ཟུག་རྔུ་མདེའུ་ལས་བ་དང་མ་ལས་པ་གཉིས་ལས། །ཟུག་རྔུ་མ་ལས་ན་རྨ་ཁར་ཨ་སས་ཟན་དྲོན་བདུག །དེ་ཡིས་ཁྲག་འདོན་རླུང་བྱེར་རྨ་རེད་འདུལ། །ཤ་གནད་ལ་ཟིན་ན་མ་གཏོགས་ཆས་མེད་ཀྱི་རྨར་ལྟར་ཡན་པར་བཞག །དེ་ཡིས་རྨ་སྐམས་རྩ་འབྱོར་ཆུ་སེར་ནད་མི་གསོག །ཟུག་རྔུ་ལས་ན་ཟུག་རྔུ་དེ་དག་སྡོད་དམ་མི་སྡོད་བལྟས་། །ཟུག་རྔུ་སྡོད་རྟགས་ཟུག་ཆུང་སྡང་ཉལ་བདེ་ན་ཟུག་རྔུ་མི་དབྱུང་བར་དེ་ཁར་བཞག །མལ་བཅའ་གོས་བསྐོན་ཉལ་ལ་སྟོད་ལ་མནན་ཐབས་བྱ་ཨ་རུ་རའི་ཐང་གཏང་འབྲུ་མར་ཤ་ཆང་མང་དུ་སྟེར་ཞུག་སྟེང་དུ་མེ་བཙའ་གདབ་བོ། །གལ་ཏེ་ཟུག་རྔུ་སྡོད་དུ་མི་འདོད་ན་ཕྱིར་དབྱུང་བར་བྱ་བ་སྟེ། །དེ་ལ་ཟུག་རྔུ་དེ་སྟོར་བ་བཙལ་དང་དབྱུང་བ་གཉིས། །དང་པོ་སྟོར་བའི་ས་ལ་ཕྱི་ནང་རྣམ་གཉིས་ཏེ། །དང་པོ་ཕྱི་ལ་ཤ་སུལ་རུས་པར་མདེ་སྟོར་ན། །དེ་རྟགས་ཡན་ལག་དག་དང་ཁྱད་པར་མེད། །གཉིས་པ་ནང་དུ་དོན་སྣོད་སོ་སོར་མདེ་སྟོར་ན།  །ཕྱི་རྟགས་ནང་རྟགས་གསང་རྟགས་གསུམ་གྱིས་བཙལ། །དང་པོ་ཕྱི་རྟགས་སྙིང་སྲོག་བར་དུ་མདེ་ལུས་ན། །གཟེར་བ་མང་ཞིང་རྒྱབ་ཀྱིས་ཉལ་མི་ཤེས། །བྱ་རྨྱང་རྐང་ལག་རྐྱང་ཤད་བྱེད་པ་བྱེད་འདོད་ཁ་བུབ་བདེ་བར་ཚོར།  །གློ་མའི་སྲུལ་(སྲལ)ན་མདེ་ཡོད་དབུགས་མི་བདེ། །སྦྲིད་པ་ཡང་(མང་)ལ་འཆག་འདོད་ཕར་ཅམ་ཚུར་ཅམ་བྱེད་པ་མཆན་འོག་གཟེར།  །ལོགས་གཉིས་ཉལ་བ་མི་ཤེས་ཙོག་པུར་བདེ། །སྐེ་རྩ་འགྲེང་ཞིང་ལག་པ་བརྐྱང་བསྐུམ་དཀའ། གློ་བའི་བུ་ལ་མདེ་ཡོད་ལུད་པ་དམར། །རང་གི་ལྟེ་བ་མི་མངོན་སྒུར་ན་གཟེར། །སྔས་དམས་ཉལ་དཀའ་དཀར་ནག་མཚམས་སུ་ན། །སྲོག་རྩར་མདེ་སྟོར་སྐས་ལ་འཛེག་མི་ཤེས། །མཆིན་དྲིར་མདེ་ཡོད་ལུས་ལྕི་ངོ་སྣུམ་འཁྲུ། །ཙོག་པུར་བསྡད་ན་མཆིན་པ་ཁེངས་རེངས་སྙམ་བྱེད། །ཀོ་ལེར་སངས་ཀྱིས་སམ་ཉག་གིས་ལངས་ན་མཆིན་པ་དཔྱང་ཐག་ལ་བཏང་སྙོམ་བྱེད། །མཆིན་སྟེང་མདེ་ཡོད་མཆིན་པ་གླང་ཐབས་ན།  །སྒུར་འགྲོས་བྱེད་པ་དང་པུས་བྲང་འཆའ་བ་དང་ལུས་གཅུ་བ་མི་ཤེས། །མཆེར་ལ་མདེ་ཡོད་དབུགས་ཐུང་ཁོང་པ་སྦོ། །ཕོ་མཆིན་བར་ན་མདེ་ཡོད་སྐོམ་འཐུངས་ན། །ཕོ་མཆིན་ལག་པས་མཉེ་བ་མི་བཟོད་གླང་ཐབས་ལྡང༌། །ཕོ་བ་ལ་ཡོད་མི་སྦོ་ཁ་ཟས་སྐྱུག །བྲང་གི་ཞོལ་ལ་མདེའུ་ཡོད་ན་སྦོ། །མཁལ་མར་མདེ་ཡོད་ཆུ་སྲི་གླང་ཐབས་ན། །རྐང་པ་འཁུམས་ནས་མདེའུ་ཡོད་ངོས་སུ་བློ་ཕབས་ནས་ཉལ་མི་ཤེས། །རྒྱུ་མ་ལ་ཡོད་ཟས་སྐོམ་བཏང་ན་ན། །རྒྱུ་མའི་ཐད་ལག་པས་མཉེ་བར་མི་བཟོད་ཐེམ་པ་རྒལ་མི་ཤེས། །གོམ་པའི་ཤུགས་ཆུང་དྲི་ཆུ་སྡོམ་པ་དང༌། །ཟུག་གཟེར་ཆེ་ཞིང་ལྡང་དུབ་བྱེད་ན་ཡོད། །ལོང་ལ་མདེ་ཡོད་བསླང་ན་ཟོས་འཐུངས་བདེ། །དང་པོ་ནང་བརྟག་ཁྱིམ་བྱ་བྱ་མོ་ནག་མོའི་སྒོང་ང་དང་ཁྲག་དང་རྒྱ་མཚལ་དང་། །ཆང་ཆུ་འོ་མ་བྱུགས་ནས་ཡུན་རིང་གཞག་པས་སྨྱུག་མ་ཡོད་ན་གར་ཡོད་དེའི་བ་སྤུ་འཚུབ། །མདེ་འུ་ཡོད་ན་བ་སྤུ་ཉལ་ལ་རྭ་ཤིང་ཡོད་ན་བ་སྤུ་འགྲེང་བ་ཡིན། །སྣ་རྩེ་བྲང་གཞུང་མཐེབ་སྙིང་སྤྲ་བ་རེ། །མེ་ཕེབས་སྨྲ་མི་ཤེས་དང་ཀོ་ལེར་ན། །གསུམ་པ་གསང་རྟགས་ཁྱི་དཀར་ཕག་ནག་བྱ་རོག་ཤ །སྲིན་བྱའི་ཤ་དང་ཆང་སྦྱར་ལྟོ་སྟོང་བཏང༌། །འདི་ན་མདེའུ་ཡོད་སྙམ་པའི་དོགས་སར་ལྕགས་གཡའ་སྲན་མའི་ཁ་རྒྱ་ཙམ་བྱུང་ན་ཡོད། །ཡང་ན་རུས་སྦལ་ཕག་རྒོད་དང་ཁྱིམ་བྱ་དང་བྱི་ལ་ཕོ་མོའི་ཤ །ཆང་དང་སྦྱར་ཐོ་རངས་ཁྱོར་བ་རེ་ན་མ་ལན་ལྔ་བཏང་ལ། །སྣ་མ་བཞི་པ་ནས་རྡོ་ཁབ་ལེན་ཕྱེ་མ་ར་ཐུག་གི་ཆུ་སྦྱར་བ་མདེའུ་ཡོད་པར་དོགས་སར་བྱུག །དེ་སྟེང་དར་དཀར་རམ་ཤོག་བུ་བཀབ་ལ་བཞག་ནང་པར་བལྟས་པས་ལྕགས་གཡའ་འབྱུང༌། །ཡང་ན་རྡོ་ཧ་ཞིག་དུང་ཐལ་སྟག་གི་རྩིབ་རུས་དང༌། །བྱ་རོག་བྲུན་རྣམས་ཆུར་སྦྱངས་ཁོང་དུ་བཏང༌། །མདེའུ་དོགས་སར་ལྕགས་གཡའ་འབྱུང་དང་ཀོ་ལེར་འགུལ་ན་ཡོད། །གཉིས་པ་འདོན་པའི་ཐབས་ལ་སྨན་དང་དཔྱད་གཉིས་ཡིན།  །གནད་མེད་མཚོན་ལམ་ཐུང་གར་ཡོད་ངོས་ཟིན་ན་མདེ་ལག་སྤྲད། །སྐམ་པས་ཕྱུངས་ཏེ་ཡན་ལག་ལྟ་བུར་དབྱུང་བར་བྱ། །མཚོན་ལམ་གཉན་ལ་གཏིང་རིང་མདེ་ལག་མ་ཕྲད་པ། །དང་པོ་སྨན་གྱིས་དབྱུང་དགོས་སྟེ་བྱ་མ་བྱི་ཡི་ཤ །བྱ་རོག་ཤ་དང་ཁབ་ལེན་སྨུག་པོ་དང༌རྡོ་ཁབ་ལེན་ལ་རིགས་བཞི་སྟེ་སྨུག་པོ་འགུགས་བྱེད་དཀར་པོ་གཅོད་བྱེད་སེར་པོ་འབིགས་བྱེད་ནག་པོ་སྐོར་བྱེད་བཞི་ལས་འདིར་འགུགས་བྱེད་དོ། །ཕག་རྒོད་མཆེ་བ་ཉ་ཤ་ཆང་སྦྱར་བཏང་། །ཁྱིམ་བྱ་ནག་པའི་ཤ་གསར་རིལ་པོ་རྒྱུ་ལྟོ་ཕྱུངས་པའི་ནང༌དུ། །སོ་བ་ཕུལ་གང་ཁྲམ་ཁྲུམ་བརྡུངས་པ་དང༌། །ལྡོང་རོས་བཅའ་སྒ་ཨ་རུ་བཏགས་པ་བླུག །འཚོས་པར་བཙོས་སྐམས་བསྲེགས་པའི་ཐལ་བ་དང༌། །ཉ་ཤ་སྦྱར་བཏང་ཕྱིར་ལ་འབྱུང་བར་ངེས། །གི་ཝཾ་ཆ་བཞི་རྩངས་པའི་ཤ་ཁྲག་ཆ་གཅིག་དང་དང་ད་བྱིད་གངས་སྦལ་ཆ་གཉིས་དང༌། །རྒྱ་རུ་ཆ་གཅིག་རྣམས་ཀ་ར་སྦྱར་བཏང་རྨ་ནས་མདེའུ་འབྱིན། །རྨོན་ཐོིང་ལྕགས་རྩེ་བརྡར་བའི་ལྕགས་ཕྱེ་བྱེ་སྒོང་གང༌། །རྡོ་ཞིག་ལྕགས་འབྱེད་ས་ལ་རླན་གྱིས་སྦྲུས་ལ་བཞག་པའི་བཙའ་རུ་སོང་བ་བཙའ་དང་སྦྱར་ཆང་བྲེ་ཕྱེད་ལ་བསྡུ། །ཁཎྜ་བྱས་ཏེ་སྦ་བྱེའུ་ཨོག་དཀར་གྱི་ཤ་དང་སྦྱར་ནས་ཁོང་བཏང་ཕྱིར་འབྱུང་བྱེད། །ཕྱི་ནས་ཁབ་ལེན་སྦྲུལ་ཚིལ་མི་ཀླད་སྦྱར། །རེང་བུ་རྨ་རུ་བཅུག་པས་ཕྱིར་ལ་འདྲེན། །བྱ་མ་བྱི་དང་ཕག་པའི་ཤ་གཟུགས་ཀྱི་བར་ལྷུ་རེ། །ཆུ་བྲེ་གང་ལ་བུམ་པར་བཙོས་པ་ཡི། །རླངས་པས་རྨ་ཁར་བདུགས་པས་ཕྱིར་འབྱིན་བྱེད། །གཉིས་པ་ཕོག་ས་གནས་དང་སྦྱར་ལ་བཅོས་པ་ནི། །ཤ་གནད་འཇིབས་ལུམས་ཞུན་ནན་འབྱར་གྱིས་བཅོས། །རྨ་གསར་དང་པོ་ཨ་ས་ཟན་དྲོན་བ་ཡིས་བདུག །དེ་ནས་སྦང་མའི་འཇིབས་སུ་གཞུག་པར་བྱ། །སྐྲངས་ན་བསིལ་བའི་སྔོ་ཞོ་བཙགས་ལུམས་དྲོད་མཁན་པ་སྦང་མ་ཚྭ་ལན་ལུམས་རིག་པས་སྦྱོར། །སྐྲངས་དམར་ཚ་བ་ཆེ་ན་གཏར་བ་ཤིས། །ཏིག་ཏ་ཧོང་ལེན་ཀྱི་ལྕེ་པར་པ་ཏ། །ཆུ་རྩ་བྲག་སྤོས་ཞོ་སྦྱར་ནན་གྱིས་མནན།  །གྲང་སྐྲངས་སྦང་གར་སྒ་ཕབས་པི་པི་ལིང༌། །གོ་སྙོད་གཡེར་མ་ལྕ་འབྲས་མར་ཚིལ་བསྐོལ།  །བྱུགས་ལ་སྟེང་དུ་ཧེལ་གེའི་འཇག་གིས་དཀྲིས། །ཤ་གནད་བྱེར་ཞིང་སྐྲངས་པ་གང་ལ་ཡང་།  ལུག་གི་ཀླད་པ་ཉེའུ་སྦང་གླུམ་གྱི་ནས་ཕྱེ་རྐང་མར་དང༌། །སྤོད་སྣ་སྒ་གཡེར་སོགས་ཆང་སྦྱར་བཙོས་པའི་ཞུན་དུ་གཞུག །སྐྲངས་གསོབ་མནན་ན་གསོག་ཅིང་གཟེར་བ་ལ། །ཞོ་དང་སྦང་གར་ཚིགས་མ་ཡོས་ཚིགས་བག་ཕྱེ་སྦྱིན། །སྒོ་ང་དུད་པ་སྦྱར་བྱུགས་རི་བོང་སྤུ་དེབ་བཏང༌། །བྱེར་ཚེ་ཕྱིང་དེབ་བསེ་ཁྲབ་ཆིངས་ཀྱིས་བསྡམ། །རུས་གནད་འཇིབ་རྩི་སྨན་བྲུད་མེ་ཡིས་བཅོས། །ལྷ་བ་ཅན་རུས་རྨ་ཁ་ཆེ་བ་ལ། །གུར་ཀུམ་ཤེལ་ཏ་མདུང་ཤིང་སྟེ་ནག་མའི་ཐང་ཆུ་ཨ་བྱག་འདིར་ཚེར་སྔོན་དོམ་མཁྲིས་སྦྱར། །རེང་བུ་རྨར་བཏང་ལུག་གི་རྐང་མགོ་བརྡུངས། །ཞོ་དང་སྦྱར་བའི་འཇིབས་སུ་གཞུག་པར་བྱ། །དེ་ཡིས་ལྷ་བ་མི་འབྱེར་ཆུ་སེར་འདྲེན། །རྨ་ཁ་ཆུང་ན་བསྲེགས་པས་ཐུབ་པ་ཡིན། །སྒྲོག་རུས་རྩིབ་རུས་ཆག་པ་བསྲེགས་པས་ཐུབ། །ཚབས་ཆེ་སྐྱ་སྦྱོར་ཕྱིང་དེབ་བཏང་ལ་བཅིང༌། །རུས་པའི་རྨ་རྒན་གསེར་རམ་སྤྲ་བས་བསྲེག །ལྷ་བ་འབྱེར་ན་ཀྱོང་བུས་བྲད་པ་དང་། །རྨ་སྨན་གདབ་སོགས་མགོ་བོ་བཞིན་དུ་བཅོས། །གཞུག་རུས་མི་བསྲེག་བདུད་རྩི་ལྔ་ཡིས་བདུག །ཡང་ན་གླ་རིལ་ནག་པོ་སྤ་འུ་འགའ་ཞིག་གིས་ལུག་གུའི་པགས་བུ་ལ་འདོད་ཀྱང་བརྟག་བསྲོས་པས་བདུག །བྱིན་གཞུག་ལོང་རྩ་གཉིས་ལ་ཅི་རིགས་གཏར། །རྗེས་ལ་རྩ་སྦྱོངས་ཆུ་ཚན་བསྔགས་པ་ཡིན། །རྐེད་པ་ཆག་ན་སྐྱ་སྦྱོར་ཕྱིང་དེབ་བཏང༌། །མི་འགུལ་གན་རྐྱལ་ཉལ་ལ་བསིལ་བཅུད་བསྟེན། །ཨ་བྱག་ཚེར་སྔོན་རྩ་བ་ཨ་བ་གང་རུང་འགྱུར་ཞོའི་སྲང་གཉིས་ལ། །ཆ་བཞིར་བགོས་ལ་ཆ་གཅིག་སྦྲང་དང་སྦྱར། །ཆ་གཉིས་བ་མར་ཆ་གསུམ་འོ་མར་སྦྱར། །ཆ་བཞི་པ་ནི་བུ་རམ་དཀར་པོ་བྱིན། །ཀུན་ལ་ན་མ་གསུམ་གསུམ་ནང་མ་གཅིག་སྦྲང་སྦྱར་དེ་དགོང་མོར་སྦྱར་ནང་ཞོག་འོ་དེ་དགོང་བུར་སྦྱར་ཏེ་རིམ་པས་སྤེལ་ལ་བཏང༌། །རྐེད་པ་ཆག་དང་བཤུལ་ཤ་ཆད་པ་དང་། །རྨ་ཆེན་རྣག་ཁྲག་གསར་རྙིང་མེད་པར་སྐེམ། །རྩ་གནད་མེ་བཙའ་གཏར་ག་སྨན་གྱིས་བཅོས། །མེ་ལ་རྩ་ཆད་འཐུད་དང་ཁྲག་ཤོར་བཅད། །གསང་ཁ་བསྡམ་དང་ཨ་ན་ཚུགས་བཞིའོ། །དང་པོ་རྩ་ཆད་མེ་ཡིས་འཐུད་པ་ནི། །རྨ་ཁ་ཆེ་ན་རྩ་རྒྱུད་གོང་འོག་བསྲེག །ཆུང་ན་རྨ་ཁ་དེ་ཉིད་བསྲེག་པར་བྱ། །འཁྱུག་འཕྲེང་གང་གཟེར་ཨ་ན་དེའི་སྟེང་དུ་ཚུགས་སུ་བསྲེག །ནང་རྩ་རྣམས་ལ་སྤྱི་གཙུག་སྡུད་སྒོ་དང༌། །རྐང་མཐིལ་མཐེ་བོང་སྤུ་སྐྱེས་སྲིན་ལག་པའི་སྙིང༌ནེའུ་ལེ། །སོག་དཀྱིལ་དང་ཚིགས་པ་དྲུག་པ་བདུན་གསེར་གྱིས་བསྲེག་པར་བྱ། །མི་དོམ་རྒོད་ཉ་སོགས་མཁྲིས་སྣ་གུར་ཀུམ་མགྱོགས་མེས་ཆུ་གྲང་སྦྱར་བ་ཁོང་དུ་བཏང་འདི་ལ་ཞེས་གྲགས་སོ་རྩ་ཐིགས་བསྡམ། །མཁན་པ་ཞུ་མཁན་རྒྱ་སྐྱེགས་བཙོད་ཁུ་བསྡུས། །གུར་ཀུམ་དོམ་མཁྲིས་བཏབ་བཏང་རྩ་ཆད་འཐུད། །གུར་ཀུམ་མཚལ་དཀར་དོམ་མཁྲིས་ལི་ག་དུར། །གི་ཝཾ་ཤིང་ཚ་གསེར་གྱི་བྱེ་མ་དང༌། །རེ་སྐོན་མཚེ་ཐལ་རྨ་བྱ་དང་ཟེར་མོའི་སྒྲོ་གཞོབ་སྨྱུག་མའི་ཕྱི་རྩི་མེ་ལ་བསྲོས་ན་ཚི་ཡོད་པ་དེ། །ར་ཁྲག་བསྲོས་པའི་ནང་དུ་སྤྲུ་འབུ་བསྡུས། །རྨ་ཁོང་གཉིས་ཀར་བཏང་བས་ཁད་སྤུ་རྩ་ནང་དང་རྩ་སྣེའི་ཁྲག་ཐམས་ཅད་གར་སོར་བྱེད་པ་གཞུག །གང་ཆད་དེ་ཡི་དོན་སྣོད་རྩ་ལ་གཏར། །ངན་ཁྲག་རྩ་རུ་དྲངས་ཏེ་ཡང་ཡང་གཏར། །རྩ་ཚད་ཆུ་སེར་ཕྱེ་མས་བསད་པར་བྱ། །གུར་ཀུམ་དོམ་མཁྲིས་མེ་ཏོག་ལེབ་རྒན་རྩི་འདི་རྒྱ་གར་ནང་ཡོད་ལ་བོད་དུ་མི་འདུག་ཀྱང་བལ་བོ་གུར་གུམ་གྱིས་ཚབ་རུང་ལ་ལས་སྔོ་སྣེའུ་རྒྱབ་དམར་སོགས་ལ་བྱེད་པ་ནི་རྣམ་པར་འཁྱམས་སོ། །ལི་ཤི་ཤིང་མངར་མཚལ་དཀར་དར་ཡ་ཀན་བྱང་ཁོག་གི་སྐབས་འདི་ཚེར་སྔོན་ལ་བྱེད་པ་མཁས་པའི་ལུགས་ཡང་དག་པ་ཡིནསྟབས་ཡག་གི་སྨན་པ་ལས་བསོད་དང་རླུང་རྟ་ལ་རེ་བ་ཚེ་ལ་ཆ་ཅི་ཡོད་ཨང་། །ཀ་ར་སྦྱར་ལ་ལྟོ་སྟོང་བཏང་བར་བྱ། །གློ་རྩ་ཨ་བྱག་འདིར་གཟེར་འཇོམས་བྱེད་ཤེལ་ཏ་མདུང་ཤིང་ནགས་མའི་ཐང་ཆུ་སྤྱི་ཞུར་དང༌། །རྒྱ་སྐྱེགས་མི་མཁྲིས་གོང་སྟེང་བསྣན་ལ་བཏང་།  །སྙིང་རྩ་ཙན་དན་དཀར་དམར་ཞོ་ཤ་སྙིང་མཁལ་གླ་གོར་གསུམ། །མཆིན་རྩ་བྲག་ཞུན་མི་མཁྲིས་ཆེན་གླ་རྩི་བསྣན།  །མཁལ་རྩ་སུག་སྨེལ་རུ་རྟ་འབྲས་བུ་ཨ་བར་སྐྱུར་གསུམ། །རྒྱུ་རྩ་གསེར་མེ་དུག་ཉུང་བོང་ང་དཀར། །གོང་ལ་བསྣན་པས་རྩ་ཚད་སེལ་བར་བྱེད། །རྩ་ཡི་རྒྱལ་པོ་སྲོག་རྩ་བཅོས་པ་ནི། །སྲོག་རྩའི་ལར་སྣ་ཡིན་པས་ལྟེ་འོག་སོར་བཞི་མིག་དམར་སྣེ་ཁུག་གི་འཕར་རྩ་ཨ་སོ་གྲུ་ཁུག་གི་སྣོད་ཀ་དང༌། །སྒྲོག་རུས་གཤོང་གི་འཕར་རྩ་སྟེ་སྲོག་རྩའི་ཡལ་ག་དང་ཚིགས་པ་དྲུག་པ་རྣམས་སྲོག་རླུང་གི་མ་ཡིན་པས་བསྲེག །ལོང་རྩ་བརླ་ནང་གི་རྩ་ཆེན་དང་སྣོད་ཀ་རྩེ་ཆུང་རྣམས་སྲོག་རྩའི་ཡན་ལག་ཡིན་པས་གཏར། །ལི་ཤི་ཀ་ར་འོ་མ་སྦྱར་ལ་བཏང༌། །ག་བུར་རྒྱལ་བློན་གསུམ་པ་བསྟུད་ཡང་ཡང་ལ་བཏང་བར་བྱ། །རྩ་ནད་རྙིང་པ་བདུད་རྩི་ལྔ་ཡིས་ལུམས་བདུག །རྩ་སྦྱོངས་ཆུ་ལུམས་བྱས་ལ་ནད་ལྷག་གདོན། །གསུམ་པ་སྟོད་སྨད་ཡུལ་དང་སྦྱར་ལ་བཅོས་པ་ནི། །བྱང་ཁོག་སྟོད་ལ་བཅོས་ཚུལ་རྣམ་གཉིས་ཏེ། །བགྲོད་ས་ལམ་དང་སྦྱར་ཏེ་བཅོས་པ་དང༌། །ཉེས་བྱེད་དུས་དང་སྦྱར་ལ་བཅོས་པའོ། །དང་པོ་བགྲོད་ས་ལམ་དང་སྦྱར་ལ་བཅོས་པ་ནི། །ནང་རྡོལ་ཁྲག་བབས་དོན་ལ་ཟིན་པ་གསུམ། །དང་པོ་ནང་དུ་རྡོལ་ན་རྩ་ཁྲག་མ་ཤོར་ཡང༌། །མཚོན་ཕྱིར་ཁྲག་བབས་པའི་ཞལ་ཞད་ཅིག་འབྱུང་བའི་ཕྱིར། །དང་པོ་མགྱོགས་མེའི་སྦྱོར་བས་ཁྲག་ཐིགས་བསྐམ། །དགོས་པའི་མགྱོགས་མེ་ནི་གུར་ཀུམ་རྒྱ་སྐྱེགས་མཁྲིས་སྣའི་མགྱོགས་མེ་མཁྲིས་སྣ་ཚོགས་ཚད་ཆུ་གྲང་ལ་སྦངས་ནས་སྐབས་སུ་གཏོང་བ་ལ་མགྱོགས་མེ་ཞེས་བྱ་སྟེ་ཤིན་ཏུ་མགྱོགས་པའི་མེས་ཁྲག་ཐིགས་སྐེམས་ནུས་པའི་བརྡ་ཆད་དོ། །བྱ། །དྲོད་ཆས་བསྟེན་ན་ཁྲག་ཚད་སྐྱེད་བྱེད་པས། །རྨ་ཁ་མི་སྐམ་པར་སྔོའམ་སྦང་རོའི་ཆས་སྟེང་ཐེར་སྲབ་བཅིང༌། །ཚད་ཕྲེན་སྐྱེར་བར་མངོན་ན་གཏར་ཕྱེ་རིག་པས་སྦྱར། །ཟས་སྤྱོད་བསིལ་ཞིང་དྲག་ཤུལ་སྤངས་པས་འཚོ། །གཉིས་པ་ནང་རྡོལ་རྩ་ཆད་ཁྲག་ངན་ཤོར་བ་ན། །མེ་དང་སྨན་གྱིས་རྩ་ལ་ཁད་སྤུ་གཞུག །གུར་ཀུམ་ཕུར་མོང་དཀར་པོའི་ཐལ་མཁྲིས་སྣའི་ཆུ་གྲང་དང་སྦྱར་ཁོང་དུ་བཏང་མགྱོགས་མེ་བསྟེན། །ཁྲག་འཁྱགས་ཟུག་གཟེར་དུགས་ཐང་ཁུགས་ཀྱིས་བཅག །སྦང་གར་གཡེར་མ་ཚྭ་ཕབས་མར་ནག་ཕྱེ། །འཚོས་པར་བཙོས་པའི་ཟན་དྲོན་སླ་མོ་ཡི། །ཨ་སས་བདུགས་པས་ཁྲག་འདྲེན་ཟུག་གཟེར་གཅོག །ཆུ་རྡེ་བརྔོས་ལ་སིངས་པོའི་ཁ་ཕྲུ་བཏབ། །སྒྱེའུར་གཏུམས་ལ་གང་གཟེར་སྟེང་དུ་གླེན། །རྟ་སྦངས་སེར་ག་དབྱར་གྱི་རྟ་སྦང་ཆར་ཉིས་ཁྱེར་བ་མ་ཡི་དུགས་ཀྱིས་བདུག །དེ་མ་འཛོམ་ན་ཡོས་དུགས་བྱས་ཀྱང་བཏུབ། །གླ་ཤིང་སྙིང་པོ་ཆ་གཉིས་སྨན་མིང་རྒྱ་ཚོར་གླ་ཚེར་མ་ཡང་བསིལ་བར་གཏོགས། ཞེས་འབྱུང་བས་འདི་ལ་ཕོ་མོ་གཉིས་ལས་མོ་རིགས་འབྲས་བུ་ཅན་ལ་སྟར་བུ་ཟེར། ཕོ་རིགས་འབྲས་བུ་མེད་པ་ལ་གླ་བ་ཤིང་ཟེར། དེ་གཉིས་གང་རུང་གི་སྙིང་པོ་སྟེ་རྐང་དམར་པོའོ། །བསེ་རུ་ཆ་གཉིས་འོ་མ་ཕུལ་ཕྱེད་ཆུར་ཕུལ་ཕྱེད་ལ། །བསྡུས་ཁུར་དོམ་མཁྲིས་ཀ་ར་བཏབ་ལ་བཏང༌། །ཁྲག་འཇུ་ཚ་བ་མི་སྐྱེ་ཟུག་གཟེར་གཅོག །དེ་མ་འཛོམ་ན་འོ་མ་བསྐོལ་བ་ལ། །དོམ་མཁྲིས་བཏབ་བཏང་ཁྲག་འཁྱགས་འཇུ་ཞིང་སྐེམ། །ཨ་རུ་སྒེ་གཤེར་རྒྱམ་ཚྭ་རྒྱ་སྐྱེགས་བསྡུས། །ཁུ་བར་དོམ་མཁྲིས་བཏབ་བཏང་གོང་བཞིན་ནོ། །དོན་སྣོད་གཉན་པར་འཚབས་ཆེན་པོ་མེད་པ་དང་རྨ་ཁ་ཆེ་བ་དང་ནང་རྩ་མ་ཆད་ཅིང༌། །གསང་དུ་ཕོག་ན་ཁྲག་ཁུགས་མར་རམ་རྨ་རུས་འདྲེན་པ་ཤིས། །དཀུ་ཞེས་པ་མཁལ་མའི་བརྡ་ཆད་ཡིན་ལ་བུད་མེད་ཀྱི་མངལ་དང་མངལ་དང་ཡང་དོན་ཅིག་ཅིང་སྐྱེས་པའི་རླིག་པ་ལའང་འཇུག་པས་ན་འདིར་དཔྱིའི་ཁ་ཟུར་དང་ལྟེ་ཟུར་གྱི་འོག་ཙམ་གྱི་བར་སྟོང་གཡས་གཡོན་གཉིས་ལའང་ངོས་འཛིན་དགོས་ཏེ། རྡོར་སེམས་སོགས་དྲིལ་བུ་དཀུར་རྟེན་པ་ཟེར་བ་ཡང་ཐད་དེར་བཞང་དགོས་པས་སོ། སྟོང་ལྷེན་སྣའི་འོག་དྲུ་བུ་གསུམ་དུ་སྙིམ་པ་ཁ་སྦྱར་ཙམ་རེ་རེ་བཅུག །པུས་མོ་བྲང་ལ་སྦྱར་བ་དང་བཅས་ལ་ལག་པས་གྲུ་བུ་བཟུང་ནས་ཤམ་བུས་རས་སམ་ཐེར་སྣམ་སོགས་ཀྱིས་དམ་དུ་དཀྲི། །ཁུགས་ཤིང་རིང་ཐུང་ལུས་ཤོང་ཙམ་ལ་ཕྲ་སྦོམ་ལག་ངར་ཙམ་བཞི་རེའུ་མིག་ཏུ་བསྣོལ་བའི་སྟེང་དུ་རྨ་ཁ་ཐུར་ལ་བསྟན། །རྨ་ཁ་ཆུངས་ནས་ཁྲག་ཐོན་ཆུངས་ན་རྨ་ཁ་ཐུར་མས་ཆེ་བར་གསེང༌། །དབུགས་བསྡམ་ཁྲག་ཅི་ཐོན་དབྱུང་ཞིང་ཁྲག་ལ་ལྦུ་བ་བྱུང་ན་ཁྲག་ཟད་ནས་རླུང་གིས་སླེབ་པ་ཡིན་པས་ཁུགས་འཕྲོ་བཅད་དོ། །འདིའི་ཡོན་ཏན་ནི་ཟུག་འབྲི་ཞིང་རྨ་གསོ་སླ་བ་སོགས་བརྗོད་ཀྱི་མི་ལང༌ངོ་། །གལ་ཏེ་ཁྲག་རྨ་ཁར་མ་ཐོན་ན་ཁྲག་བཤལ་གྱིས་ཐུར་དུ་སྦྱང༌བ་ནི། །རྒྱ་ཚྭ་རུ་རྟ་ཨ་རུ་རའི་མཆུ་ལང་ཐང་ཙེ་རྣམས་ཕྱེ་མ་བྱས་པ། །དུར་བྱིད་ལྕུམ་རྩ་བསྐོལ་བའི་ཐང་དུ་བཏབ་ལ་བཏང༌། །ཡང་ན་རྒྱ་ཚྭ་དོམ་མཁྲིས་བོང་ང་དཀར། །མངལ་ཁྲག་ཁྲོན་བུ་ཐར་ཆུང་བ་དྲི་ཆུར་སྦྱར་ལ་སྤྱད། །ཁྲག་ཚད་ཁྲག་གསོད་ཐང་དང་ཕྱེ་མས་བསད་དགོས་ཏེ། །དེའི་ཐང་སྦྱོར་གུར་ཀུམ་དོམ་མཁྲིས་དར་ཡ་ཀན་ཚེར་སྔོན། །རྒྱ་སྐྱེགས་བཙོད་དང་རྒུ་དྲུས་བ་ཤ་ཀ །རེ་སྐོན་ཧོང་ལེན་ཏིག་ཏ་བོང་ང་དཀར། །ཨ་རུ་ར་རྣམས་བསྡུས་ཁུ་དྲོ་འཇམ་བཏང༌། །མ་ནུ་སླེ་ཏྲེས་ག་དུར་དུག་མོ་ཉུང༌། །བསྡུས་ཁུ་དྲོ་འཇམ་ཁྲག་ཟེར་གཅོག་པའི་མཆོག །རྒྱ་སྐྱེགས་སྐྱུ་རུ་ར་དང་བ་ཤ་ཀ །བསྡུས་ཁུར་དོམ་མཁྲིས་ཁ་ཚར་བཏབ་ལ་བཏང༌། །ཁྲག་ངན་ཚ་བ་རོལ་དུ་གསོད་པའི་མཆོག །ཕྱེ་མས་བསད་པ་ཁྲག་དུས་སྐེམས་དང་འདྲ་སྟེ་འོག་ཏུ་སྟོན་ནོ། །ཁྲག་མཚོ་ལྟར་འཁྱིལ་བ་དེ་རྩ་ཡི་ཡུར་དུ་རྩེ་ཆུང་དང་ལོང་རྩ་གཏར་གྱིས་དྲང༌ངོ། །སྤྱོད་ལམ་གཟབ་ཅིང་ཁ་ཟས་བསིལ་གྱིས་བཅོས། །གསུམ་པ་ནང་རྡོལ་དོན་ཟིན་མོད་ལ་མ་ཤི་ན། །དང་པོ་དོན་ཐིགས་མགྱོགས་མེས་བསྡམ་བྱ་སྟེ། །མི་དོམ་ཉ་སོགས་མཁྲིས་སྣ་གུར་ཀུམ་དང༌། །རྩ་ཨ་བ་ཨ་བྱག་ཚེ་སྔོན་ལི་གྲིའི་ཆུ་ལ་བཏབ་སྟེ་ཁོང་དུ་བཏང་། ལི་ཁྲི་ནི་བརྡ་སྤྲོད་དྲུག་པར། ལི་ཁྲི་སིན་དྷུ་ར་གཉིས་གཅིག །ཅེས་འབྱུང་བས་སིནྡྷུ་ཞེས་པ་རྒྱ་མཚོར་རཱ་ག་ཆགས་པའམ་ཁྲག་གི་སྐད་དོད་ཡིན་པས་རྒྱ་མཚོའི་ཁྲག་ཅེས་ཆུ་ལས་བྱུང་བ་ས་སྨན་གྱི་སྡེ་ཡིན་པས། རྒྱ་གར་ནས་བྱུང་བའི་ཆུ་ལི་ཁྲི་བྱུང་པ་མཆོག་དང་དེ་མ་བྱུང་ན་ཙཱ་རིའི་སིནྡྷུ་ར་སོགས་བྱ། བལ་པོ་ནས་འོང་བའི་ལི་ཁྲི་འདི་ནི་ཞ་ཉེ་ལ་བཅོས་པ་ཡིན་པས་སྨན་གྱི་ལི་ཁྲིར་གཏན་མི་རུང་ངོ་། །མགྱོགས་མེ་བསྟེན།  །ཨ་རུ་གསེར་མདོག་དོམ་མཁྲིས་དར་ཡ་ཀན། འཁྲུངས་དཔེར། འཛམ་བུ་གླིང་ན་སྐྱེ་བ་དཀོན། །དར་ཡ་ཀན་ཞེས་མིང་དུ་གྲགས། །ཁྲོད་པ་རྩ་བ་དཀར་པོ་ལ། །མེ་ཏོག་དཀར་དམར་སེར་སྨུག་སྔོ། །བསིལ་འཇམ་རྫ་ལ་སྐྱེ་བ་ཡིན། ཞེས་གསུངས་པས་ངོ་ཤེས་པར་གྱིས་ཤིག བྲེ་གུ་གསེར་ཐིག་རྟ་ཡི་མཆེར་པ་སྐམ་པོ་ཤ་རུའི་ཐལ།  །སྦྲང་བསྒོར་ཚར་བའི་ཕྱེ་མ་རྣམས་གོང་གི་མགྱོགས་མེས་འཕུལ་ལ་བཏང༌། །དེ་མ་འཛོམ་ན་དོམ་མཁྲིས་ལི་གྲི་དང། །འགྲོན་བུའི་ཐལ་བ་ཀ་ར་རྣམས་གོང་གི་མགྱོགས་མེས་དབུལ། །དོན་ལ་ཟུག་རྔུ་མ་ལས་རྩ་མ་ཆོད། །དོན་སྙིང་རྨ་ལ་ཁྲག་འབྱོར་བྱེད་པ་ཡིན། །དོན་ཟིན་དགྱེ་དགུ་་མི་ཤེས་པང་འཚོས་དགོས། །བཟང་ཁྲག་གཏར་གྱིས་འདོན་པ་དཔྱད་མཆོག་ཡིན། །གློ་བུ་སྙིང་ལ་རྩ་ཆེན་ཡས་ནས་མར་རིམ་གྱིས་བབས་གཏར། །གློ་བ་མ་ལ་སྣོད་ཀ་དང་དྲུག་མགོ་རྩ་ཕྲན་མས་ནས་མར་རིམ་འཛེག་ཏུ་་གཏར་བར་ཕྲན་བུ་དང་གློ་བའི་སྒང་རྩ། །དོན་ཚད་རྒྱས་པ་བསིལ་བའི་ཕྱེ་མས་བསད། །གློ་ལ་ག་བུར་བཟང་དྲུག་ཙན་དན་གཉིས། །ཤིང་མངར་རྒུན་འབྲུམ་སྲོ་ལོ་སྤང་རྒྱན་དཀར། །བསེ་རུ་དཀར་པོ་གྭ་དོར་ཁ་ཤྭའི་རྭ་ཀ་ར་སྦྱར་ལ་བཏང་། །ག་བུར་ཅུ་གང་ཛཱ་ཏི་ལི་ཤི་དང༌། །ཨུཏྤལ་ཤིང་ཚ་གནྡྷ་པ་ཏྲ་གུ་ཡུ་དང༌། །པདྨ་གེ་སར་ཧོང་ལེན་མོན་ཆ་ར་བེ་ནག་གི་འབྲས་བུའམ་ཁྲག། །ཆུ་སྲིན་སྡེར་མོ་ན་ཁཱི་ཨ་རུ་ཀ་ར་སྦྱར། །སྙིང་ལ་ཛཱ་ཏི་ལི་ཤི་ཨ་རུ་ར། །ཞོ་ཤ་སྙིང་མཁལ་གླ་གོར་རྣམ་གསུམ་ཆུ་གྲང་འཕུལ་ལ་བཏང༌། །སྙིང་མི་དྲན་ཞིང་འབོག་ན་བྱ་རྒོད་སྙིང༌། །ལི་ཤི་ཞོ་ཤ་སྙིང་མཁལ་གླ་གོར་གསུམ་དང་ཏི་མུ་ས་བྱ་རྐང་པ། །བསྡུས་པའི་ཐང་བཏང་བདུན་པ་དཀར་ནག་མཚམས། །སྒྱིད་ཁུང་མཐེ་བོང་མཐེ་བོང་བཞིའི་རྒྱབ་ཀྱི་སྤུ་སྐྱེས་སུ་བསྲེག་པར་བྱ། །འདི་ལ་ཟས་སྤྱོད་ཁྲག་གི་སྐབས་ལྟར་བསྟེན། །གཉིས་པ་ཉེས་བྱེད་དུས་ཀྱི་སྒོ་ནས་བཅོས་པ་ནི།།དང་པོ་ཞག་བདུན་ཞུགས་པ་ཁྲག་གི་དུས། །བྲམ་ཟེ་ལྟ་བུར་གཙང་སྦྲའི་སྒོ་ནས་བཅོས། །བར་དུ་ཞག་བདུན་རྒྱས་པ་ཆུ་སེར་དུས།  །དགེ་སློང་ལྟ་བུར་སྤྱོད་ལམ་ཞིབ་མོར་བཅོས། །ཐ་མ་ཞག་བདུན་སྨིན་པ་རྣག་གི་དུས། །རྒྱལ་པོ་ལྟ་བུར་ཟས་ཀྱིས་བཅོས་པའོ། །དང་པོ་ཁྲག་དུས་ཟུག་གཟེར་བཅག་པ་དང་། །རྩ་ཁ་བསྡམ་དང་ཁྲག་ཚད་རོལ་དུ་བསད། །གཉིས་པ་ཉེས་བྱེད་རྩར་དྲང་ཕྱི་ཚད་ཆུ་ཡིས་བཅག །དང་པོ་གཟེར་བ་ཁྲག་གཟེར་རྩ་གཟེར་དོན་གཟེར་གསུམ། །གཉིས་པ་རྩ་ཁ་བསྡམ་པ་སྤྲ་བ་མགྱོགས་མེ་གཉིས། །མགྱོགས་མེ་དར་དཀར་དྲི་མེད་གཙང་མ་རུ། །གུར་ཀུམ་མི་དོམ་མཁྲིས་པ་ཨ་བྱག་ཚེར་སྔོན་ཐུམ་ཕུར་གཏུམས། །སྨྱུག་མ་མཐོ་གང་བཙུགས་ལ་རས་སྐུད་བཀྱིགས། །གཡའ་གངས་དང་རྫ་རིའི་ཆུ་གཙང་མ་ལ་སྨན་དེ་མདོག་འགྱུར་བངས་སུ་གཞུག་པའི་ཁུ་བ།ཁོག་ཏུ་ལན་དྲུག་བདུན་བཏང་བས་རྩ་ཁ་སྡོམ་པ་དང༌། །ཁྲག་གསོད་དོན་རྨ་འབྱོར་ཞིང་ཆུ་སེར་སྐེམ། །མགྱོགས་མེ་ཞག་བཅུ་བཞི་ཡན་ཆད་སྐོམ་དུ་བསྟེན། །གསུམ་པ་ནང་རྡོལ་རྩ་ཆོད་དོན་ཟིན་ཁྲག་བབས་པས། །ཁྲག་འཕེལ་མཁྲིས་འཁྲུག་ཚ་བ་རྒྱས་འགྱུར་ཏེ། །ཆུ་དམར་རྩ་གྲིམས་གདོང་སྣུམ་རྔམ་པ་ཐུང༌།།ནུབ་གཉིད་མི་ཕེབས་ཉིན་པར་གཉིད་མི་ཐུབ། །ཁ་ལྕེ་མཆུ་སྐམས་སོ་ལ་དྲེག་ནག་ཆགས། །ཟས་ལ་མི་དགའ་སྐོམ་དད་ཤིན་ཏུ་ཆེ། །ཙོག་པུར་མི་ཟུག་སྔས་དམས་ཉལ་མི་ཤེས། །ཐལ་གོང་པ་དང་སོག་དབྲག་སྦོ་(སྤྲོ)ཞིང་གཟེར། །ཁྲག་ཚད་རྒྱས་པ་ཟས་སྤྱོད་ཕྱེ་མས་བཅད། །ཟས་སྐོམ་ཆག་ཚེ་བ་ར་མཛོ་ཡི་ཞོ། །དར་གསར་མར་དཀར་ཆུ་བསིལ་བསྟེན་པར་བྱ། །ལན་ཚྭ་ཤ་ཆང་དྲོད་བཅུད་དུག་འདྲ་སྤང༌། །སྤྱོད་ལམ་བསིལ་སར་སོས་དལ་དྲག་ཤུལ་སྤང༌། །ཕྱེ་མ་ག་བུར་ཙན་དན་དཀར་པོ་དང་། །ཅུ་གང་གུར་ཀུམ་ལི་ཤིས་ཁྲག་རླངས་གསོད། །མི་དོམ་ཉ་ཕག་ཁྱི་ནག་གཡག་རོག་མཁྲིས། །ཟབ་ཆེན་གོས་ཆེན་ཚོས་སྣ་འཛོམས་པ་ལ་རྒྱབ་ལྷུག་ཐག་ཡོད་པ་ཟ་འོག་གམ་ཟབ་ཆེན་ཟེར་བ་དེ་ཡིན་དང་འགྲོན་བུ་གཉིས་ཀའི་ཐལ་བས་རྩ་ཁ་སྡོམ། །བསེ་རུ་གྭ་དོར་ཤ་བ་དང་ཁ་ཤའི་རྭ་གཉིས་དང་བ་ཤ་ཀ །གཙོད་ཁྲག་རེ་སྐོན་ལི་གྲིས་སིནྡྷུ་ར་ཁྲག་ངན་སྐེམ། །ཀ་ར་སྦྱར་བ་ཞོག་དགོང་དང་དགུང་གཉིས་སྟེ་བཞི་ཡར་དགུང་གཉིས་སྲོད་ཐོར་ནི་ཤར་ནུབ་གཉིས་ཏེ་དྲུག་ཡར་བཏང༌། །ཡང་ན་དགུ་སྦྱོར་ཕྱེ་མ་ལྟག་པ་སྤྲད་དེ་དགུ་སྦྱོར་ནི། །ག་བུར་ཅུ་གང་གུར་ཀུམ་ཨུཏྤལ་མཚལ། །གླ་རྩི་སུག་སྨེལ་སྟོད་སྣག་སྟོད་སྣག་ཅེས་པ་ལྩ་བ་དཀར་གཡུང་ལ་ཚོད་མ་བྱེད་ཅིང་སྟོད་སྣག་ཚོད་མ་ཟེར་བ་དེ་ཡིན་ལ་མ་དག་ཏང་ཀུན་ལ་བྱེད་པ་ཨ་ཙ་མ་ན་བ་ལེ་ཀ །ཀ་ར་དཀར་སྦྱར་ནང་སྔ་པར་ལྟོ་སྟོང་བཏང༌། །བསེ་རུ་གྭ་དོར་ཁ་ཤའི་རྭ་ཙན་དན་ཨ་ག་རུ། །ཛཱ་ཏི་འགྲོན་བུའི་ཐལ་བ་ཨ་རུ་ར། །ལི་གྲི་རྒྱ་རུ་ཀ་ར་སྲོད་དུས་ཁྱོར་ཁྱེའུ་དུས་སུ་བཏང་། །ལྟག་པ་སྤྲད་པས་ཡོན་ཏན་གོང་དང་མཚུངས། །ཡང་ན་བདུན་སྦྱོར་ཕྱེ་མ་ལྟག་པ་སྤྲད། །གྭ་དོར་རྭ་གཡས་མཛོ་མོ་དཀར་མོའི་ཞོར། །ཞག་གསུམ་སྦངས་ལ་ཚེར་མའི་མེ་ལ་བཙོ། །དེ་ནས་མི་ཞོར་ཞག་གསུམ་སྦངས་ལ་བཙོ། །དེ་ནས་གཙོད་ཞོར་ཞག་གསུམ་སྦངས་ལ་བཙོ། །དེ་ཉིད་གྲིབ་སྐམས་རྒྱལ་པོ་ལྟ་བུ་སྟེ། །ག་བུར་ཅུ་གུར་ལི་བསིལ་གསུམ་ཛཱ་ཏི་ཕ་ལ་དང༌། །ཧོང་ལེན་ཀ་ར་སྦྱར་ལ་ནང་པར་བཏང༌།།རྒྱ་རུ་ཙན་དན་དཀར་པོ་པད་གེ་སར། །ཨུཏྤལ་ཛཱ་ཏི་ཀ་ར་དགོང་མོ་བཏང༌། །བཞི་པ་ཉེས་བྱེད་ངན་ཁྲག་རྩ་རུ་དྲང་བ་ནི། །སྨིན་དང་དབྱེ་བར་བྱ་བ་མི་དགོས་ཏེ་བྱ་ལོང་མེད་པས་ན་། །སྔ་དྲོ་དགོང་ཀ་བསྟུད་ཀྱིན་གཏར་ནས་ཁྲག་ཤེད་དམད། །སྨིན་དུས་བསྡད་ན་སྟག་བྱུང་བའི་གདོང་དུ་མདའ་སོགས་མ་རྒྱབ་པར་ས་གཏོར་ཀྱིན་སྡད་ན་ཚུར་གསོད་པ་དང་འདྲ། །རྩེ་ཆུང་དཔུང་རྩ་ཆུ་སེར་རླངས་པ་གཅོག་རྩ། །དྲུག་འགོ་རུ་ཐུང་གཟེར་བ་ཟུག་གཅོག་རྩ། །སྣོད་ཀ་མཁྲིས་རྩ་གཤའ་རིངས་དང་ག་འབྱེད་པའི་རྩ། །སྒང་རྩ་མཆིན་མཁྲིས་འདོམ་རྩ་ཆུ་སེར་རྩད་གཅོད་རྩ། །རྒྱབ་དང་ཕྲག་སྒང་དང་སོག་དབྲག་ན་བར་སྒང་རྩ་དྲུག་འགོ་དང༌། །ནུ་མཆན་བྲང་གཟེར་རུ་ཐུང་སྣོད་ཀ་དྲང༌། །ཡས་བབས་མས་འཛེག་ཚ་བའི་སྟོབས་དང་སྦྱར། །རྣག་མཁྲིས་ལྕགས་གཡའ་ཆགས་ན་གཏར་གྱིས་འདྲོངས། །གཏར་སྐྱེད་ཆེ་ན་མང་གཏར་ཉུང་དུ་དབྱུང༌། །དམར་ནག་གཞའ་རིས་མི་འདྲོངས་ཟོ་སྦྱར་གཏར། །ཁྲག་མི་ཆགས་ཤིང་ཆུར་འགྲོ་གཏར་ཚོད་བཟུང༌། །ངན་ཁྲག་རྩར་མི་འདྲོངས་ན་གཏར་ཚོད་བཟུང་དགོས་སྟེ་བུངས་ཆེས་གཏར་ཚོད་མི་ཟིན་ན། །རྗེས་ལ་རྣག་གི་དུས་ལུས་ཟུངས་ཟད་ན་རྣག་དབྱུང་ཐེས་མི་དགོངས་ཏེ་དཔེར་ན་མདའ་ཟད་དགྲ་བྱུང་བ་དང་འདྲ། །ལྔ་བ་ཕྱི་ཡི་ཚ་རླངས་ཆུ་ཡིས་བཅག་པ་ནི། །ཞག་ལྔ་ལོན་སྐར་མ་ཚོགས་ནས་མ་དགྱེས་གོང་ཐོ་རངས་ཀྱི་ཆུ་གྲང་ནས་སྐར་ཆུ་གྲང་མོ་ཡིས། །ཉི་དྲོས་ཆུའི་འཕྲུལ་འཁོར་ཆུ་ལྕག་རྡེག་པ་བསྐོར་བས་སྐེམ་པ་སླ། །ཚ་བ་ཕྱི་བྱེར་རང་སྐེམས་ཚ་རླངས་གཅོག །དེ་ལྟར་བཅོས་པས་ཚ་བ་ནད་སྟོབས་བྲི། །བདེ་སྐྱེད་ཆེ་ན་མྱུར་དུ་འཚོ་བར་འགྱུར། །དེ་ལ་སྐྱེད་མེད་ཞག་བདུན་འདས་པ་དང་། །གཉིས་པ་བར་དུ་རྒྱས་པ་ཆུ་སེར་དུས་ཞེས་བྱ། །དེ་ལ་རྒྱུ་དང་རིགས་རྟགས་སྐམ་ཐབས་བཞི། །དང་པོ་དེ་རྒྱུ་བྱ་ཆད་བྱ་ཤོར་ཐིགས་སྡོད་དང༌། །སྨུག་ཟིལ་རྣམ་པ་བཞི་ལས་གྱུར་པ་སྟེ། །དང་པོ་བྱ་ཆད་མཚོན་ཕྱིར་ཁྲག་ཤོར་ཁྲག་བབས་ཏེ། །གཏར་གྱིས་མ་འདྲོངས་སྨན་གྱིས་མ་འཆུན་བྱ་མ་བྱུང་བ་སྐྱོན་བྱུང་བ་ལྟ་བུ་དང༌། །གཉིས་པ་བྱ་ཤོར་ཕྱི་རྩ་གཉན་པོ་ཆོད་པ་སྟེ། །དུས་སུ་མེ་ཡིས་རྩ་འཕྲང་མ་སྡོམས་པ་བཅོས་ཀྱི་སྔོན་དུ་བྱ་ཤོར་བ་དང་གཉིས། །སྔར་ཤོར་ཕྱིར་མི་སྐྱེ་བས་གྲང་བབས་རྒྱུ། །གསུམ་པ་ཐིགས་སྡོད་རྩ་ཐིགས་དོན་ཐིགས་མདེ་ཐིགས་གསུམ། །དང་པོ་ནང་རྩའི་ཐིགས་ལ་ཁ་ཤོར་ངུ་བ་(དུ་བ་)གཉིས། །རྩ་བྲན་ཁ་ཤོར་སོག་སྦུགས་ཆུ་འཛག་འདྲ། །རྩ་ཆེན་བཙན་བརྡུངས་ཁྲག་དང་ཆུ་སེར་དུ། །དེ་གཉིས་སྨན་གྱིས་ཁད་སྤུ་མ་ཚུད་དང༌། །གཉིས་པ་དོན་རྨ་དང་པོར་ཁྲག་འབྱོར་མ་བྱུང་བས། །རྨ་རུལ་ཁྲག་དང་ཆུ་སེར་ཐིགས་པ་དང༌། །གསུམ་པ་མདེའུ་ལུས་སྡོད་པའི་མལ་ས་མ་རྙེད་པས། །འགྱར་འགྱུར་སྐྱོན་གྱིས་ཁྲག་ཆུ་འདུས་ཏེ་འཐིག །བཞི་བ་ཁྲག་ཚད་རྒྱས་པ་སྨན་གཏར་མ་ཆོམས་པས། །ཚ་བ་རླངས་འཁྱིམས་ཁ་གཡམ་ཟིལ་པ་འདྲ། །དེ་རྣམས་འཕྲལ་ལ་སྐྱེ་བས་ཚ་བབས་འགྱུར། །དེས་བསྐྱེད་ཆུ་སེར་ཚ་བབས་གྲང་བབས་དང༌། །ཁྲག་བབས་པ་དང་ཆུ་སེར་རྐྱང་པའོ། །དང་པོ་ཚ་བབས་རྩ་ཆུ་ཚ་ལ་གདོང་པ་སྣུམ། །ཁ་ཟས་མི་འདོད་སྐོམ་སྙེག་ཁ་ལྕེ་སྐམ། །ལུས་ཚ་བྱ་སྤུ་བཏོག་ཤུལ་གྱི་འབྲུམ་པ་འོང་ཞིང་གློ་མང་ལོང་ལྡང༌། །དབུགས་ཐུང་ཉིན་གཉིད་མི་ཐུབ་ནུབ་གཉིད་ཡར། །ཟུག་ཆེ་ཟ་ཟི་མང་ལ་གསང་ས་བྱེ། །གློ་མང་ལུད་པའི་གསེབ་ཏུ་རྣག་འབྲུམ་ཡུངས་དཀར་གཏོར་བ་ལྟ་བུ་འབྱུང༌། །སྐམས་པས་ཆུ་སེར་མི་སྐོམས་རྒྱ་བཤལ་དུས་སུ་རྣག་གསང་སྒོར་དབྱུང༌། །གཉིས་པ་གྲང་བབས་རྩ་ཆུ་འཇམ་ལ་གདོང་པ་དཀར།།དང་ག་བདེ་ལ་ལྕེ་རློན་སྐོམ་དད་ཆུང༌།།ཤ་ཡི་དྲོད་ཆུང་འདར་དང་གྲང་ཤུམ་མེད། །དབུགས་བདེ་ཉིན་གཉིད་ཆུང་ལ་ནུབ་གཉིད་ཕེབས། །ཟུག་ཆུང་བླ་འཆོལ་མི་སྨྲ་གསང་མ་བྱེ། །གློ་ཉུང་ལུད་པ་གཙང་ལ་ལུས་པོ་ཡང༌། །དེ་ལ་གསང་དབྱེ་མི་དགོས་བསྐམས་པས་སྐོམ། །ཚབས་ཆུང་ཆུ་སེར་དུས་ཀྱང་ཁྲག་དང་བཅས། །དེ་ཕྱིར་གཏར་གྱིས་འདྲོངས་ཤིང་སྐེམ་པ་སླ། །གསུམ་པ་ཁྲག་གི་བབས་ཆེ་དོན་ལ་ཟིན་པ་དེ། །ཁྲག་དུས་ཆུ་སེར་ཕྱིང་དྲིལ་ལྟར་ཁྲག་དང་ཆུ་སེར་ལྷག་སྟེ་མ་བཅོས་ན། །ཞག་བདུན་འདས་ནས་ཆུ་སེར་རྐྱང་པར་འགྱུར། །དེ་ཉིད་གཏར་གྱིས་མི་འདྲོངས་སྐེམ་པ་དཀའ། །དེ་ཕྱིར་ཚབས་ཆུང་ཁྲག་ཆུ་སེར་རྣག་གི་དུས་གསུམ་སོ་སོར་བཅོས། །ཚབས་ཆེ་ཁྲག་དུས་ཆུ་སེར་ཕྱིང་དྲིལ་བཅོས། །བཞི་བ་ཆུ་སེར་སྐེམ་ཐབས་ཟས་སྤྱོད་སྨན་དཔྱད་བཞི། །དང་པོ་ཟས་ནི་སྔར་བྲམ་ཟེའི་དུས་ཀྱི་སྟེང་དག་ཏུ། །གནའ་དགོ་བ་ལང་ཤ་གསར་བསྣན་ལ་བཏང༌། །ཟུངས་ཞན་མངར་གསུམ་ལྡེ་གུས་ལུས་ཟུངས་གསོ། །གཉིས་པ་སྤྱོད་ལམ་ལྡང་ཉལ་དྲག་ཤུལ་སྐད་ཆེ་སྨྲ། །གློ་དྲག་ལུ་དང་དྲི་མ་འཚིར་བ་སོགས། །རྩ་ཁ་འབུད་པའི་དྲག་ཤུལ་རྒྱལ་པོའི་ཁྲིམས་ལྟར་དེ་ལས་མི་འདའ་བར་བསྲུང་། །གསུམ་པ་སྨན་གྱིས་སྐེམ་པ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་ཕྱེ་མ་ལྡེ་གུ་སྨན་མར་གསུམ། །དེ་ཡང་ཁྲག་དང་བཅས་པའི་དུས་སུ་ཕྱེ་མ་སྟེ། །ཆུ་སེར་རྐྱང་པའི་དུས་སུ་ལྡེ་གུས་བསྐམ། །རྣག་ཏུ་ཁུགས་ནས་སྨན་མར་ཤིས་པར་གསུངས། །དང་པོ་ཕྱེ་མའི་སྦྱོར་བ་རྣམ་པ་གསུམ་ཡིན་ཏེ། །ཉི་མ་ལྔ་ཡི་ཕྱེ་མ་སྦྱར་བ་ནི།  །བསེ་རུ་དཀར་པོ་དང་ཤ་བ་ཁ་ཤའི་གྭ་དོར་རྣམ་པ་གཉིས་རྭའི་ཉི་མ། །ཙན་དན་དཀར་དམར་ཤིང་གི་ཉི་མ་ཨ་རུ་གསེར་མདོག་དང་། །ཅུ་གང་གུར་ཀུམ་ཛཱ་ཏི་གུ་གུལ་དཀར། །ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་རྩའི་ཉི་མ་དང༌། །ལི་གྲི་དང་རྡོ་མཁྲིས་རྡོའི་ཉི་མ་ཟབ་འོག་འགྲོན་བུ་ཕུར་ཐལ་བ་ཐལ་བའི་ཉི་མ་སྟེ་ལྔའོ།། །ཞིབ་བཏགས་ཀ་ར་དཀར་སྦྱར་སེང་ལྡེང་དང༌། །ཤི་ལ་ཛཱ་ཏུ་བྲག་ཞུན་བསིངས་པའི་དྭངས་མས་དབུལ། །ཉི་མ་ལྔ་ཡིས་བསྐལ་བ་འཇིགས་དུས་དང་ད་ལྟའི་ཉི་མ་ལྔ་འགྱུར་གྱི་ཚ་བ་ཤར་བས་རྒྱ་མཚོ་སྐེམ་པའི་དཔེ་དང་སྦྱར་རྒྱ་མཚོ་སྐེམས་པ་ལྟར། །ཁྲག་དང་ཆུ་སེར་རྣག་གི་རྒྱ་མཚོ་སྐེམས། །གཉིས་པ་རྒྱལ་བློན་དམག་དཔུང་བཅས་པའི་ཕྱེ་མ་ནི། །མུ་ཟི་རྒྱལ་རིགས་གསེར་འདྲ་ཁྱོར་བ་ཕྱེད། །རྔུལ་ཆུ་དངུལ་ཆུ་བཙོ་བཀྲུ་སྦྱངས་གསུམ་བྱས་པ་སྟེ་དུག་ཕྲལ་ཞོ་གཅིག་སྟར་བུ་ཞོ་གསུམ། །རྡོ་གཞོང་དྲོད་བབ་པའི་སྔ་དྲོ་གཅིག་འདྲེས་པར་མཉེས་ལ་བསེ་རུ་དཀར་པོ་ཤ་བ་དང་ཁ་ཤའི་གྭ་དོར་གཉིས། །རྒྱ་རུ་ཙན་དན་དཀར་པོ་ཨ་ག་རུ། །གུར་ཀུམ་ཅུ་གང་ཏིག་ཏ་བ་ལེ་ཀ །མི་དོམ་ཁྱི་མཁྲིས་ཧོང་ལེན་བ་ཤ་ཀ །དུར་ཐོད་དུང་འགྲོན་ཐལ་བ་ཀ་ར་སྦྱར། །བ་ཆུ་སྤྲུ་རྩའི་ཁུ་བས་འཕུལ་ལ་བཏང༌། །རྣག་ཁྲག་ཆུ་སེར་ཞག་རེས་སྐེམ་པར་ནུས། །གསུམ་པ་རྩལ་ཆེན་བསྡུས་པའི་ཕྱེ་མ་སྦྱར་བ་ནི། །གཙོ་བོ་པ་ཌ་ཧྲི་མུ་ཟི་སེར་པོ་ལ་གསེར་འདྲ་དེ། །ས་དང་ཕྲལ་བ་ལྕགས་སྣོད་དུ་དུ་མེད་མེ་ཡི་སྙིང་པོས་བཞུ། །ཨ་རུ་ཆུར་སྦངས་པའི་ཁུ་བར་བླུག་བསྡུས་གྲངས་ཕོ་བའི་མེ་དྲོད་མེ་སྟོབས་ཆེན་མང་ཆུང་ན་ཉུང་བར་སྦྱར། །གཙོ་བོ་མུ་ཟི་བཏུལ་མ་ཁྱོར་གང་སའི་རྩལ་མཆོག་བསེ་རུ་དཀར་པོ་ཤ་བ་དང་ཁ་ཤའི་གྭ་དོར་ཤའི་རྩལ་ཆེན་གཉིས། །ཙན་དན་དཀར་དམར་གཉིས་དང་ཨ་ག་རུ་ཤིང་གི་རྩལ་ཆེན། །ག་བུར་ཅུ་གང་གུར་ཀུམ་རྩིའི་རྩལ་ཆེན་དོམ་མཁྲིས་དང༌། །མི་དང་ཉ་ཡི་མཁྲིས་པ་མི་གྲི་ཁར་བསད་པའི་རུས་པ་བསྲེགས་པའི་ཐལ་བ་དང༌། །འགྲོན་ཐལ་ཤ་རུའི་ཐལ་བ་དུང་ཐལ་ཐལ་བའི་རྩལ་ཆེན་དང༌། །ཏ་ཙ་བརྡ་སྤྲོད་དྲུག་པར་གསེར་རྡོལ་བཤད་གསེར་མཆན་དུ་རྒྱ་སྐྱེགས་ལ་བཤད་འདུག་གོ། །རོའི་རྩལ་མཆོག་ར་མཉེ་ཉེ་ཤིང་རྩ་བའི་རྩལ་ཆེན་ཨ་རུ་ར་འབྲས་བུའི་རྩལ་ཆེན། །རྩ་ཨ་བ་ཨ་བྱག་ཚེར་སྔོན་རེ་སྐོན་ཕུར་མོང་ཟབ་འོག་ཐལ་། །ཀ་ར་སྦྱར་བ་སེང་ལྡེང་ཁུ་བས་དབུལ། །མུ་ཟི་ཕྱེ་ལྟར་འགམ་པའི་སྦྱོར་བ་སྟེ། །ཁྲག་དང་ཆུ་སེར་རྒྱ་མཚོ་ཙམ་ཡང་སྐེམ། །ས་རླན་སྟེང་དང་མེ་ཉི་སྤང་བར་བྱ། །ཕོ་བས་མི་འཇུ་ཧྲེམ་ན་སྨན་གྱི་འཕྲོ་དཔྱད་བཅད་ལ་ཆུ་སྐོལ་བཏུང༌། །སྨན་ཕོ་བ་ལོང་ཀར་འགོར་རམ་ཐུར་དུ་འབྱམས་ན་གླང་རྨིག་བསྲེགས་པ་དང་། །གོ་སྙོད་པི་པི་ལིང་གི་བསྡུས་ཐང་བཏང༌། །གཉིས་པ་དེ་ནས་ལྡེ་གུའི་སྦྱོར་བས་སྐམ་པ་ནི། །བ་འམ་མཛོ་མར་གསར་པ་བཞུ་བའི་ལྦུ་བ་དང་ཞབས་ཀྱི་སྙིགས་མ་ཕྱུངས། །སྦྲང་རྩི་བཟང་པོ་ཆུ་བཅད་བསྲེས་པ་ལ། །གོང་གི་རྩལ་ཆེན་འདུས་པའི་ཕྱེ་མ་བཏབ་ལ་དཀྲུགས། །དེ་དག་ནི་མུ་ཟི་རྐང་ལྟར་བལྡག་པའི་སྦྱོར་བ་སྟེ། །ཟུངས་ངན་ལུས་སྟོབས་སྐྱེ་ཞིང་རྣག་ཆུ་སྐེམ། །འབྲི་མར་གསར་པ་བསྐོལ་བའི་ཁའི་ལྦུ་བ་དང་ཞབས་ཀྱི་སྙིགས་མ་ཕྱུངས་པ་ལ། །མུ་ཟི་ཞིབ་བཏགས་བཏབ་ནས་དཀྲུག་ཅིང་བསྐོལ། །སེར་ལྗང་དེ་དམར་ནག་དུ་མདོག་པ་འགྱུར་ངད་ཡལ་ལ། །གོང་གི་རྩལ་ཆེན་བསྡུས་པའི་ཕྱེ་མ་བཏབ་ལ་ལེགས་དཀྲུགས་བཏང༌། །ཁྲག་མུ་ཟི་ལྟར་བཏུང་ཞེས་རྣག་ཁྲག་སྐེམ་པའི་མཆོག །མུ་ཟི་མར་ནག་སྦྱར་ལ་དཀྲུག་ཅིང་མེ་ལ་བསྡུས། །ཏིང་ཁྲོལ་སྦྱོར་བ་ཚད་ཞོ་ཙམ་དུ་ཕྱིན་ནས་ངད་ཡལ་ལ། །རྩལ་ཆེན་བསྡུས་པའི་ཕྱེ་མ་བཏབ་བཏང་མུ་ཟི་ཤ་ལྟར་བཟའ་བ་ཡིན། །ཞག་རེ་ལ་ཡང་རྣག་ཆུ་ཕུལ་རེ་སྐེམ། །སེང་ལྡེང་ཆང་དུ་ཞག་ལྔ་སྦངས་ཁུ་ལ། །ར་མཉེ་ཉེ་ཤིང་ཕུལ་རེ་རེ་བསྡུས་ལ་ལུག་ཞོ་ཙམ། །སྦྲང་རྩི་ཆུ་བཅད་བསྲེས་ཏེ་འདྲེས་པ་ལ། །མུ་ཟི་ཁྱོར་ཕྱེད་བསེ་རུ་རྒྱ་རུ་དང་། །ཤ་བའི་གྭ་དོར་མི་དོམ་ཉ་ཕག་བྱ་རྒོད་དང་།  །འཕྱི་སྤྲེ་ཁྱི་མཁྲིས་ཙན་དན་དཀར་པོ་ཨ་ག་རུ། །བ་ལེ་ཀ་དང་ཆུ་སེར་སྨན་སྤོས་ཐལ་སོ་གསུམ་དང་། །པདྨ་དང་ནཱ་ག་གེ་སར་གཉིས་དང་གུར་ཀུམ་རྣམས་ཐུན་བཟང་རེ་རེ་སྦྱར་ལ་བཏང༌། །དེ་དག་ཀུན་གྱིས་སྐེམས་པར་མ་གྱུར་པའི། །གསུམ་པ་རྣག་ཏུ་གྱུར་ནས་སྨན་མར་དག་གིས་སྐམ། །སྦྱོར་བ་འོག་གི་རྣག་གི་སྐབས་སུ་ཤེས་པར་བྱ། །ཁྱད་པར་བྱིས་པ་བད་ཀན་རང་བཞིན་ལ། །རུས་ཐལ་སིག་སྣེའི་སྦྱོར་བས་སྐམ་པ་ནི། །གྲི་རུས་དུར་ཐོད་ཤ་རུ་འགྲོན་བུ་དང༌། །ཚ་བ་སྒ་པི་ཕོ་གསུམ་དང་ཕུར་མོང་ཡོག་མོ་གོས་ཆེན་ཟ་འོག་རྣམས། །ཐལ་བར་བྱས་ཏེ་ཆུ་སེར་སྨན་གསུམ་སྤོས་སོ་ཐལ་དང༌། །ཀ་ར་སྦྱར་བ་ཆུ་སྐོལ་དབུལ་བར་བྱ། །དར་མ་མཁྲིས་པའི་རང་བཞིན་ཅན་དག་ལ། །རིན་ཆེན་རྩི་སྦྱོར་དག་གིས་སྐེམ་པ་ནི། །ཟངས་ཐལ་བྱུ་རུ་མུ་ཏིག་མཚལ་དཀར་བཞི། །ག་བུར་བསིལ་ཅུ་གུར་ལི་གསུམ་ཙན་དན་དཀར་དམར་དང་། །མཁྲིས་སྣ་ཀ་ར་སྦྱར་བ་གངས་ཆུས་དབུལ། །རྒས་དང་རླུང་ཤས་ཆེ་བའི་མི་རིགས་ལ། །རྭ་སྣའི་སྦྱོར་བ་དག་གིས་སྐེམ་པ་ནི། །བསེ་རུ་དཀར་ནག་རྒྱ་རུ་ཤ་བ་དང་ཁ་ཤའི་གྭ་དོར་གཉིས། །གནའ་དགོ་གཙོད་དང་རྒོད་བྱང་འབྲོང་གཡུང་ཡུལ་འབྲོག་བ་མེན་རྭ། །གླང་རུ་ར་ལུག་ཐུག་པོའི་རྭ་ལ་སོགས། །རྭ་ཅོའི་རིགས་ཐམས་ཅད་ཐལ་ཚན་མེ་ལ་སེར་ཙམ་བསྲེགས་པ་དང་། །བཟང་དྲུག་ཅུ་གུར་ལི་ཛཱ་སུག་ཀ་དྲུག་མི་དོམ་ཉ་མཁྲིས་ཀ་ར་སྦྱར། །བཞི་བ་དཔྱད་ཀྱིས་བཅོས་པ་གཏར་དང་སྦྱང་བ་གཉིས། །གཏར་ཉུང་ཆུ་སེར་ཚ་བ་རྩད་མི་ཆོད། །གཏར་དྲགས་ཟུངས་འཛད་དེ་ཕྱིར་རིགས་ལ་དྲིས། །སྨན་གཏར་བཅོས་གྱིས་ཚ་བ་མ་བྲི་ན། །དུར་བྱིད་ཚ་ལ་པུ་རྩེ་ཤེལ་ཧོང་ལེན་གྱིས་སྦྱང༌། །དེ་ལྟར་བཅོས་པས་ཚ་བ་ནད་སྟོབས་བྲི། །ཆུ་སེར་བསགས་རྟགས་ནུབ་ན་ཐུབ་པ་ཡིན། །དེ་ལ་སྐྱེད་མེད་བཅུ་བཞི་ཕར་འདས་པ། །གསུམ་པ་ཐ་མ་སྨིན་པ་རྣག་གི་དུས་ཞེས་བྱ། །དེ་ལ་བརྟག་པའི་ཐབས་དང་བཅོས་ཐབས་གཉིས། །དང་པོ་བརྟག་པའི་ཐབས་ལ་རྣམ་པ་གསུམ་ཡོད་དེ། །ཕྱི་ཡི་རྟགས་ཀྱིས་ཡོད་མེད་ལ་ཤན་དབྱེ། །ནང་གི་རྟགས་ཀྱིས་རྣག་གནས་དམིགས་གསུམ་བཟུང༌། །གསང་བའི་རྟགས་ཀྱིས་འདྲ་མིན་ནོར་ས་བསལ། །རྣག་དང་དང་པོ་ཡོད་མེད་ལ་ཤན་དབྱེ་བ་ནི། །རོ་སྟོད་དགུ་ལ་གཉའ་ཆག་མགོ་གུག་མིག་སྤྲིན་སེར། །ལུས་གཅུ་གར་ཡོད་ངོས་ཀྱི་དཔུང་པ་བཤལ། །རྩ་དང་ཆུ་ཡི་ཚ་བ་སངས་མི་སྲིད། །མགོ་ན་གདོང་པ་རྔུལ་ལ་ལུས་སྤྱིར་ལྕི། །གློ་ཆུང་མང་དུ་ཡོང་ཞིང་གློ་སྙིང་འདེག །སྐད་ཀྱི་གདངས་ཆག་སྐབས་སུ་བག་རེ་འཁྲུ། །ཤ་མདོག་སྔོ་ལ་ལྕེ་རྙིལ་སེན་མོ་དཀར། །དེ་རྟགས་བཅུ་བཞི་ཚང་ན་རྣག་ཡོད་ངེས། །གཉིས་པ་རྣག་གི་གནས་གསུམ་གར་ཡོད་དམིགས་བཟུང་བ། །ངམ་ནག་རོ་སྟོད་བརྒྱངས་ཤིང་སྐབས་སུ་གཟེར། །གཉིད་ཆེ་ཟ་ཟི་མང་ལ་མིག་ལྩིབས་དང་རྐང་བོལ་སྐྲངས། །ཁ་དྲི་ང་བ་རང་གཞན་གཉིས་ཀས་ཚོར། །སྐབས་སུ་ལུད་པའི་གསེབ་ཏུ་རྣག་འབྲུམ་འབྱུང༌། །དེ་རྣམས་ནི་གློ་སྦུབས་ནང་ན་རྣག་ཡོད་ངེས་པ་ཡིན། །གློ་རྩ་གང་ཡོད་སྐབས་སུ་གཟེར་བ་དང༌། །སྐབས་སུ་ཕྲུམ་སེར་འོང་ཞིང་ཞེ་འཁུན་བྱེད། །གང་ཡོད་ངོས་ལ་བྱ་འབྲུམ་ཡུངས་དཀར་གཏོར་བ་འདྲ་བའི་འབྲུམ་ཆུང་ཏམ་གྱིས་འོང༌། །སྟེང་དུ་བཏོན་ན་ཁྱད་པར་ཟུག་གཟེར་ཆེ་ཞིང་། །གློ་སྦུབས་གསང་དུ་བབས་པའི་རྟགས་གཞན་རྣམས་མེད་ན་ནི་། །གློ་བའི་ཚང་ཚིང་གི་བར་དུ་སྐྱི་རྣག་སྐྱེ་དཀར་གྱིས་འཐུམ་བུར་བྱས་ཏེ་བསྟུམས་པ་ཕུར་རྣག་ཡོད་ངེས་པ་ཡིན།། །བེམ་ཏོལ་བ་སྤུའི་ཐིག་དང་སྤྲུགས་པའི་སྐད། །མེ་ཏོག་སད་མདའ་མི་འགྱུར་རྟགས་དྲུག་ཚང༌། །ཕྱིར་བབས་རྣག་ནི་དབྱེ་གསང་རྣག་ཡོད་ངེས་པ་ཡིན། །དང་པོ་བེམ་ཏོལ་ལོངས་ཐག་དོགས་པ་ཡོད་ས་ཀུན་ལ་སྙོམས་པར་བརྡེག །གཡས་གཡོན་མདུན་རྒྱབ་སྟོད་སྨད་འདྲར་སྣང་བསྟུན། །སྟོང་སྐད་རྣག་མེད་གཅོར་སྐད་ཆུ་སེར་ཡོད། །འདར་སྐད་བྱུང་ན་རྣག་ཏུ་སྨིན་པ་ཡིན། །དེ་ནས་གཉིས་པ་བ་སྤུའི་བརྟག་པ་ནི། །སྐར་ཆུ་གྲང་མོས་ཉི་མ་ཁ་དྲོས་ལ། །ཁ་ཕྲུ་བྲན་རྗེས་ཆང་གིས་ཁ་ཕྲུ་བཏབ། །གོས་མི་བསྐོན་པར་ཉི་མའི་ཟེར་ལ་བལྟ། །བ་སྤུ་གཟིངས་ན་རྣག་མེད་ཆུ་སེར་འཚུབ། །བའི་ལྕེས་ལྡགས་པའི་རྗེས་ལྟར་བ་སྤུའི་ཉལ་ན་རྣག་ཡོད་པའོ། །དེ་ནས་གསུམ་པ་གཞལ་བ་ཐིག་ལ་བརྟག །ལུས་སྐྱིལ་ཀྲུངས་དྲང་པོར་བསྲངས་མདུན་རྒྱབ་གཉིས་ཚངས་ཐིག་དང་དཔུང་འཛུམ་གཉིས་དང་སྐེ་སྟོང་དུ་འཕྲེད་ལ་གནམ་ཐིག་འདྲུས་མེད་དྲང་པོར་གདབ། །མཆན་ཟུར་ནས་རྩིབས་ཐུང་བར་དུ་ཟུར་ཐིག་གཉིས་དེ་བཞི་པོར་བར་གདབ་ཕྱེད་མར་ལན་གཉིས་གདབ་པས་བཅུ་དྲུག་འབྱུང་། །དེ་ནས་ཚིགས་པ་བཅུ་གསུམ་པ་ནས་ལྟེ་བར་འཐེན་པའི་འཕྲེད་ཐིག་གདབ། །དེ་སྟེང་འཕྲེད་ལ་ཐིག་ལན་གཉིས་གདབ་སླར་ཡང་དེ་གསུམ་པོ་ཕྱེད་མར་བཅལ་བའི་ཐིག་རེ་རེ་བཏབ་པས། །འདྲེན་བགྲེང་ཐིག་བཅུ་དྲུག་འཕྲེད་ཐིག་རྣམ་བདུན་གྱི། །བྱ་རྗེས་བསྣོལ་མཚམས་ཐིག་བར་གར་ཉམས་གཞན་ལས་ཆེ་བ་རྣག་ཡོད་རྟགས།  །གསང་ས་གང་གཙང་ངོས་དེ་ཚད་དང་དཔེ་རུ་མཚོན་པར་བྱ་སྟེ་གང་ཉམས་པ་དེར་རྣག་ཡོད་པར་བཟུང་། །དེ་ནས་བཞི་པ་སྤྲུགས་པའི་སྐད་ཀྱིས་བརྟག །མི་ཁྱི་ཆུ་སོགས་སྒྲ་སྐད་མེད་པའི་སར། །ཁད་མཉམ་སྟན་ལ་སྐྱིལ་མོ་ཀྲུངས་སུ་འདུག །རྒྱན་ཕོག་སྐྲ་རྫེས་ལག་པ་སྤྱི་བོར་བསྣོལ། །དཔུང་མགོ་གཉིས་ནས་དལ་བུས་ཇེ་དྲག་དཀྲོག །མཇུག་ཏུ་ལན་གསུམ་དྲག་ཏུ་སྤྲུགས་ལ་ཉན། །འཁྲོག་ཁྲོག་ཁྲོག་གི་སྐད་བྱུང་ན་རླུང་ཡིན་ཤང་ཤང་ཟེར་ན་ཆུ་སེར་ཡོད། །རྙོག་རྙོག་ཟེར་ན་རྒྱ་ཤལ་ཅུག་ཅུག་ཟེར་ན་རྣག་ཏུ་ངེས། །སྟོད་དུ་སྒྲ་བྱུང་ན་རྣག་མང་ལ་སྨད་སུ་བྱུང་ན་རྣག་ཉུང༌། །དེས་མ་རྟོགས་ན་ལོགས་ལ་བསྙལ་བྱས་ཏེ། །ལག་པ་འོག་མ་སྔས་ལ་གོང་མ་དཔྱི་སྟེང་བཀབ། །དཔྱི་དང་དཔུང་པ་ནས་བཟུང་གོང་ལྟར་སྤྲུག །སྤྲུགས་པས་སྐད་ཀྱིས་ཀྱང་རྣག་ཡོད་མེད་ངེས་པ་སྟེར་བས་གསང་དུ་ལག་མཐིལ་བཏང༌ཅིང་བཀག་པས། །ཐོལ་ཐོལ་ཁྱིལ་ཁྱིལ་བེའུ་འགུལ་བ་འདྲ་ན་རྣག་ཡོད། །དེ་ནས་ལྔ་པ་གསང་སར་མེ་ཏོག་བརྟག །དུས་མེད་རྒྱུན་དུ་གསང་དུ་གཟེར་བ་དང༌། །ཤ་ཡི་མདངས་ནི་གཞན་པས་རྣག་ཡོད་པའི་ས་དེ་ན་བཟང༌། །རྩིབ་བར་ཡངས་ལ་བརྩེ་ཞིང་སྦོས་ལ་གསོབ། །རྫི་བར་མི་བཟོད་སེར་ག་གས་པ་དང་དྲེག་ཆུང་ཆགས། །གསང་སར་རྣག་གི་མེ་ཏོག་ཤར་བ་ཡིན། །དྲུག་པ་ཐེ་ཚོམ་ཟ་ན་སད་མདའ་བཏང༌། །བྱི་བའི་བྲུན་བརྔོས་ནས་ཕྱེ་ནུ་ཞོ་སྦྱར་ལ་བསྐུ། །བྱི་བའི་པགས་པ་རློན་པ་གླན་པས་གསང་སར་བ་སྤུ་ཉལ་ལམ་འཁྱིལ་ལམ་ཟུག་ཆེའམ་སྐྱ་ལོག་པའམ་བྱ་རྗེས་སམ་དབྲེ་མིག་གམ་གྲང་འོང་བ་སོགས་རྣག་གིས་ང་འདིར་ཡོད་ཅེས་ཚུར་ལ་སྨྲ། །ཡང་ན་ཤ་ཁྲག་ཚྭ་(ནི་ཤ་བ་བོང་བུའི་ཕོ་མདུད་བྱ་མ་བྱི་དང་སོ་བྱའི་ཤ་བྱ་མཚའ་ལུའི་ཟེ་ཁྲག་མངལ་ཁྲག་རྒྱ་ཚྭ་)དང་ཤུག་ཚེར་རྣམས། །བ་ཆུ་ཕུལ་ཕྱེད་བ་ལུའི་མེ་ལ་བསྡུ། །ཁྱོར་གང་ཁྱེའུ་སུས་བསྡུས་བཏང་སྲོ་ལོས་བདུག །ཞག་གསུམ་ནང་པར་གསང་དུ་རྣག་གིས་གོང་ལྟར་འདིར་ཡོད་ཅེས་སྨྲ། །ཁྱད་པར་མཆིན་དྲི་དར་ཡོལ་གྱི་རྣག་དངསྐྱི་པར་ཞག་གསུམ་ཕུར་ཚད་སར་རྟོགས་པར་ངེས། །དེ་ལྟར་མི་འགྱུར་ངེས་པའི་རྣག་ཡོད་པའི་རྟགས་དྲུག་ཚང་ན། །ཐེ་ཚོམ་མི་དགོས་གཙགས་ཐུར་རྒྱབ་པས་ཆོག །མདོག་དམར་ཕྱི་སྐྲངས་པ་སྤུ་འབྱི་བ་དང༌། །སེ་བ་རྒན་པོའི་པགས་པ་ལྟ་བུར་འགས། །རྣག་འབྱུང་བའི་དུས་སམ་ཡོལ་ན་ནང་ཁྲོལ་རྣམས་རྣག་གི་ནང་དུ་ནུབ་ནས་རུལ་མྱགས་སུ་འགྱུར་ཞིང་གསང་དབྱེ་བ་མཆིས་ན་དེའི་སྲོག་འདོར་བར་འགྱུར་རོ། །གསུམ་པ་གསང་རྟགས་འདྲ་མིན་ནོར་ས་བསལ་བ་ནི། །ཡོད་པ་འདྲ་ཡང་མེད་པ་དང་མེད་པ་འདྲ་ཡང་ཡོད་པ་གཉིས་ལས། །དེ་ལ་ཡོད་ཡོད་འདྲ་ལ་མེད་པ་ནི། །རྩིབ་ལོགས་ཁྲག་ཤ་དྲེག་པར་ཆགས་པ་ཡིས། །རྩིབ་མའི་བར་ཡང་གཟེར་སྦྲིད་དྲོད་ཚ་ཞིང༌། །འདར་སྐད་འབྱུང་བས་ཡོད་པ་འདྲར་གྱུར་ཀྱང༌། །རྣག་རྟགས་གཞན་མེད་གཏར་ཕྲན་རྩ་ཕྲན་ལྟར་ཆུ་ཆགས་གཅུན།  །དེ་ཡིས་འཆུན་ནས་གོང་རྟགས་ནུབ་ན་རྣག་མེད། །གློ་སྙིང་མེད་པའི་སར་འཁྱམས་སུ་རླུང་ཤོར་བཀྲོལ་ན་ཀྲོག་ཀྲོག་ཟེར།  །ཡོད་ཡོད་འདྲ་ཡང་རྩ་སྟོང་ཆུ་མདོག་སྔོ། །གློ་སྙིང་འདར་ལ་མིག་དཀར་རྣ་བ་འུར། །གདོང་སྐྱ་འཁྲོག་པའི་སྐད་ལ་འཕེལ་འབྲི་འོང༌། །དེ་ལ་ཤ་ཆང་སྤྲུགས་པས་ཆད་ན་མེད། །གཉིས་པ་མེད་མེད་འདྲ་ལ་ཡོད་པ་ནི། །གྲང་རྣག་རྐུན་བུ་ཉུང་ཞིང་ཡུན་ལོན་པས། །ཤ་སྐམ་ཡོད་ངོས་ཕྲ་བས་མེད་པ་འདྲ། །ཡོལ་བས་བཅད་པ་ལྟ་བུར་སྐྱི་དཀར་གྱི་སྟུམ་ཕུར་རྣག་དཀྲོགས་ཀྱང་སྐད་མི་སྟེར། །མེད་པ་འདྲ་ཡང་རྟགས་གཞན་ཚང་ན་ངེས། །དེ་ཕྱིར་འདྲ་མིན་གོལ་ས་བཅད་པ་གཅེས། །གཉིས་པ་ངོས་ཟིན་ནས་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །དང་པོ་གློ་རྣག་དྲང་ཞིང་སྐྱི་ཕུར་རྣག་རྒྱ་དབྲལ། །གསང་དུ་བབས་པ་བསུས་ལ་ཕྱིར་ལ་དབྱུང༌། །དང་པོ་གློ་ཡི་སྦུགས་སུ་རྣག་ཞུགས་ན། །དང་པོ་རྣག་གི་སྐྱུགས་ཀྱིས་གྱེན་དུ་དྲང་། །དེ་རྗེས་གློ་བ་སྨན་དང་ཟས་ཀྱིས་གསོ། །དང་པོ་སྟར་བུ་རུ་རྟ་སྐྱུ་རུ་ར།  །ཤིང་མངར་པ་ཡག་བུལ་ཏོག་པི་པི་ལིང༌། །སྦྲང་རྩི་སྦྱར་ནས་ལྟོ་སྟོང་བཏང་བས་འདྲེན་རྣག་འདྲེན་འདི་དམར་ཁྲིད་དུ་སྟར་བུ་རུ་རྟ་ཤིང་མངར་པི་པི་ལིང་སྐྱུ་རུ་ར་དང་ལྔ་རྩ་བའི་སྨན་ཡིན། ལ་ཆ་མཁར་པོ་བུལ་ཏོག་སྤ་ཡག་རྩ་བ་གསུམ་ཁྱད་པར་གྱི་སྨན་ཡིན། སྦྲང་སྨྱོན་ལ་བཏབ་ལྟོ་སྟོང་ལ་ཁྱིམ་བུ་གསུམ་གསུམ་བཏང་བས་ལུད་པ་ཇེ་མང་ལ་རྣག་ལུར་འོང་གསུངས། །ཡང་ན་ག་དུར་རྒུན་འབྲུམ་ཨ་རུ་ར། །སྲོ་ལོ་ཤིང་མངར་ནུས་ལྡན་བསྲེགས་ཐལ་ལ། །སྟར་བུ་རུ་རྟ་དྲོད་སྨན་ཀ་ར་དང༌། །བོང་བུའི་འོ་མ་སྦྱར་བ་འཇམ་པོར་འདྲེན། །དེ་ཡིས་འདྲོངས་དཀའ་རྒྱ་ཚྭ་རྒྱམ་ཚྭ་དང་། །བུལ་ཏོག་སོ་ཆ་ཆུ་བྱ་སོ་ཏོ་རོག་པའི་གྲེ་བ་དང༌། །གོ་བོའི་ཀླད་པ་རྨིགས་པའི་ཁྲག་དང་བདུན། །ཁྱེའུའི་ཆུ་ལ་སྦྱར་བཏང་རྣག་རྣམས་འདྲེན། །ཡང་ན་ཟངས་ཐལ་སྦྱར་བས་རྩ་ཁ་དབྱེ། །བོང་བུའི་འོ་མ་སྟར་བུ་ཨ་རུ་ར། །ཝ་ཡི་གློ་བ་སྦྱར་བ་ཞག་གསུམ་མནན།  །གཞུག་སྒྲ་ཁྲ་ཕོ་མོ་སྲིན་བྱ་གསུམ་གྱི་ཐལ་བ་ཀླད་པ་ཁྲ་དང་ཆུ་བྱ་གཉིས། །ཡ་བཀྵ་ར་སྦྱར་བ་དྲག་པོར་འདྲེན། །ཡང་ན་སྦྲང་རྒོད་རྒྱ་ཚྭ་ག་བུར་དང༌། །ཅུ་གང་འབྲི་ཏ་ས་འཛིན་ཆང་སྐྱུར་སྦྱར། །མདུན་རྒྱབ་བདུད་རྩི་ཤུག་པ་བ་ལུ་མཚེ་མཁན་སྐྱ་འོམ་བུ་ལྔ་པོ་བཙོས་པས་བདུག །དེས་མ་འདྲོངས་ན་ཡུངས་ཀར་མུ་ཟི་དང༌། །གུ་གུལ་མར་ནག་རས་ལ་བསྟིམ་བྱས་ནས། །བུམ་ནང་མེས་བསྲེགས་དུ་བ་ཁ་སྣར་བདུག །ཡང་ན་ལྡོང་རོས་གུ་གུལ་སོ་ཆ་དང༌། །རྡོ་དྲེག་རུ་རྟ་ལ་ཆ་སྦྱར་ལ་བདུག །ཡང་ན་ཨ་རུ་མཆུ་སྙུང་ལྡོང་རོས་ཡུང་བ་དང༌། །ཤིང་ཀུན་རྒྱ་སྐྱེགས་ཟངས་རྡོ་པི་པི་ལིང༌། །ཤིང་མངར་གུ་གུལ་གླ་རྩི་པོ་སོ་ཆ། །མི་ཡི་ཚིལ་སྦྱར་དུ་བ་རྔུབས་པས་འདྲོངས། །རྣག་ཐོན་པ་ཡི་ཚད་ནི་རྣག་ཤུབས་ཏེ་རྣག་ཤུལ་ལམ་རྣག་སྐེམས་རྕི་དཀར་འབྱུང༌། །བརྐོ་བ་དྲགས་ནས་རྣག་ཟད་ཁྲག་ཤོར་ན། །རྩ་ཁ་བསྡམས་དང་རྣག་རྗེས་བཅད་པར་བྱ། །དང་པོ་རྒྱ་སྐྱེགས་བའི་འོ་མ་ཆུར་བསྡུས་ཁུར། །དོམ་མཁྲིས་གུར་ཀུམ་སྲན་པུས་སྲན་མའི་མེ་ཏོག་བཏབ་ལ་བཏང༌། །ཡང་ན་ཅུ་གང་སྲིན་བྱ་ཝ་ཡི་ཀླད། །སྲོ་ལོ་ཤིང་མངར་བ་མར་སྦྲང་སྦྱར་བཏང༌། །ཡང་ན་ཤིང་ཚ་སུག་སྨེལ་པི་པི་ལིང༌། །སྒེ་གཤེར་རྒྱ་སྐྱེགས་དོམ་མཁྲིས་མ་རུ་ཙེ། །ཀ་ར་དཀར་པོ་སྦྱར་ལ་བཏང་བར་བྱ། །རྒྱ་སྐྱེགས་ལ་ཆ་བཏོན་བའི་ཁུ་བ་དང༌། །འབྲི་མོག་ཁུ་བ་བ་མར་བཏོན་པ་དང་། །བོང་བུའི་འོ་མ་ཆ་གསུམ་ཕུལ་དོར་མཉམ། །ཤུ་མོ་ཟ་ནི་ཕོ་ཚོམས་གཅིག་བཏབ་བཙོ། །ཆུ་ཆོད་ལི་ཤི་ཀ་ར་ཁ་ཚར་གདབ། །ནང་རེ་ཁྱེམ་བུ་རེ་རེ་བསྟེན་པར་བྱ། །གློ་རྩ་ཆད་དམ་གློ་བ་འགྲམས་པའམ། །ལུད་པ་ཁྲག་བཅས་གློ་རྣག་གཅོད་པའི་མཆོག །རྣག་རྗེས་དམར་པོ་བཙོད་ཚོས་འབྲི་གསུམ་གྱི་སྨན་མར་ལ། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཟངས་ཐལ་སྦྲང་སྦྱར་ལྟོ་སྟོང་བཏང༌། །གློ་རྨ་གསོ་ཞིང་རྨ་ཡི་རྣག་རྗེས་གཅོད། །ཁ་ཟས་བ་ཡི་ཞོ་དར་སྐོམ་ཤ་བཏང༌། །རྗེས་ལ་གྲོ་ཆང་སྲོ་ལོས་ཆུས་བསིངས་པ་དང༌། །ལུག་ཤ་གསར་པས་རླུང་སྒོ་བགག་པར་བྱ། །རུལ་སྐྱུར་བཤུལ་ཤ་དྲག་ཤུལ་རྒྱུན་དུ་སྤང༌། །གཉིས་པ་བར་གྱི་སྐྱི་དཀར་གྱིས་སྟུམ་ཕུར་རྣག་རྒྱ་དབྲལ་བ་ནི། །ཕུ་ཡི་རྒྱལ་བུ་ཁྱི་གུ་མིག་མ་ཕྱེ་བའི་ཤ་གངས་སྦལ་ཡང་ཡིན་ཟེར་མདའ་ཡི་རྔ་མོ་གཙང་པོའི་ཉ་དང་། །བར་གྱི་སྡེར་ཆགས་སྦལ་པའི་ཤ་རྩངས་པ་ཡིན་ཡང་ཟེར་ཀླུ་ཡི་ཤ་སྦྲུལ་དང་འདི་རྣམས་རྫོང་འཕྲང་དུ་ནི་སྦལ་སྦྲུལ་རྩངས་པའི་ཤ་ཞེས་འབྱུང་རྣམས་བཏགས། །བསྡུས་པའི་ཚ་བ་ཐུག་པ་གསུམ་ཡར་ཞག་གསུམ་བཏང༌། །ཨ་ཀྲོང་ལ་ཕུར་མོ་ཨ་ཀྲོང་རྩྭ་ཨ་ཀྲོང་མཁན་པ་ཨ་ཀྲོང་གསུམ་ལས་འདི་ནི་མཁན་པ་ཨ་ཀྲོང་ཡིན་ནོ། །རྒོད་ཀྱི་བཙོས་ལུམས་སྟེང་ནས་བདུག །དེ་ཡིས་སྐྱི་ཕུར་ཕྱི་ནང་གང་ཉེ་རྡོལ། །མ་རྡོལ་སྲིད་ན་ཚེ་ཟད་ལས་ཡིན་སྤང༌། །གསུམ་པ་གསང་དུ་བབས་པ་ཕྱིར་ལ་དབྱུང་བ་ནི། །གསང་གི་དབྱེ་དུས་གསང་དམིགས་དབྱེ་ཐབས་དང༌། །རྣག་གི་དབྱུང་ཚད་རྣག་སྤྲ་རྨ་ཆས་དང༌། །ཐེམ་བུ་བཀྲུ་བཤལ་ཟས་སྨན་སྤྱོད་ལམ་དང༌། །རྣག་གི་འཆད་དུས་བསྟན་དང་བཅུ་གཉིས་སོ། །དང་པོ་དབྱེ་དུས་ལྔ་བདུན་དགུ་ལ་རྒྱ་བཤལ་དབྱེ། །བཅུ་གཅིག་བཅུ་གསུམ་བཅོ་ལྔ་ཆུ་སེར་དབྱེ། །བཅུ་བདུན་བཅུ་དགུ་ཉེར་གཅིག་རྣག་གསང་དབྱེ་དགོས་ལ། །བཙན་བརྡུངས་ཀྱིས་འགྲམས་པ་དང་རྩ་ཡི་བྱ་ཤོར་བ་ལ་ནི་དབྱེ་དུས་ངེས་པ་མེད་པར་ནམ་རན་དུས་སུ་བྱའོ། །གཉིས་པ་གསང་དམིགས་མི་འགྱུར་བ་གོང་གི་རྟགས་དྲུག་པོ་དེ་དག་ཚང་བ་དེ། །གསུམ་པ་དབྱེ་ཐབས་གཟའ་ཟླ་བ་ཕུར་བུ་ལྷག་པ་པ་སངས་སོགས་ཞི་གཟའ་སྐར་མ་རྒྱལ་སོགས་དགེ་བ་ཚེས་ཡར་ངོའི་གསུམ་ལྔ་སོགས་ཆ་མ་ཡིན་པར་བཟང་སྔ་སྐད་དུས། །ཁད་མཉམ་སྟན་ལ་ལུས་བསྲང་སྐྱིལ་ཀྲུང་འདུག །ནད་པ་དང་ནད་གཡོག་ལོ་ནད་པའི་སྲོག་ལུས་དབང་རླུང་ནད་གཡོག་གི་སྲོག་ལུས་དབང་རླུང་མའམ་གྲོགས་སུ་གྱུར་པ་མཐུན་པའི་གཡོག་གིས་བརྟེན་ལ་རྣ་བ་བསྡམ། །སྦུབས་ཐུར་བྱིད་པོའི་མཆུ་འདྲས་གསང་ས་ཡི།  ཐུར་གསེག་སྟ་སྒབ་སྣེ་གཡས་གཡོན་བཅུས་པ་བསྣོལ་མེད་པར་དྲང་པོར་བརྡེག །པགས་པ་ཤ་རུས་ནང་བརྡོལ་ལག་ཚོད་ཞིབ་པར་ཕྱི་རྒྱུད་ཐུར་མའི་སྐབས་ལྟར་མྱང་།  །ལག་པ་ཐུར་མ་པགས་པ་མི་འབྲལ་ལྟེམ། །དབུགས་བསྡམ་རྒྱུས་བལྡད་མྱུལ་ཞིང་རྣག་ཆུ་གདོན།  །ལག་ལེན་དམར་ཁྲིད་དུ། འདི་ལ་གདེང་ཐོབ་ན་གཞུང་བཞིན་བྱ། གདེང་མ་ཐོབ་ན་འདི་སྐད་བརྗོད་དོ། འདིར་རྣག་ཡོད་པའི་ངེས་པ་མི་འདུག་སྟེ་མེ་ཞིག་བྱས་ན་རྣག་ཡོད་ན་གསང་དུ་བབ་འོང་། མེད་ན་ཆུ་སེར་བསྐམས་ནས་ལ་འུར་དྲག་འོང་བྱས་ཏེ། ཟངས་གཞོང་དུ་སྤྲ་བ་བླུག་ཐུར་མ་སྦས་ཏེ་སྲོག་ཞིག་བརྟེན་དུ་གཞུག། གཞན་རྩ་མེད་པར་བྱས་ཏེ་སྔོན་རྣག་གསང་དེར་མཛུབ་མོ་བཙུགས་ལ་མནན། དེའི་སྟེང་དུ་སྤྲ་མེ་གཅིག་གདབ། ཡང་མཛུབ་མོས་མནན་ནོ། གནོན་པ་དེ་གཉིས་འདྲིས་སུ་འཇུག་པ་ཡིན། དེ་ནས་ཐུར་མ་ནད་པས་མ་རིག་པར་དབུལ། ད་ཅི་མཛུབ་མོས་མནན་པ་དེ་འདྲ་ཡིན་འོང་སྙམ་པའོ། །དེ་ལ་རྣག་བྱུང་ན་སྤྲ་སྣོད་ཀྱི་ཟངས་གཞོང་བཟེད་ལ་རྣག་ཡོད་པས་དབུག་གོ་བྱས་ན་ཁྱོད་ཞེད་ཀྱི་དོགས་ནས་གསང་བ་ཡིན་བྱ། རྣག་མ་བྱུང་ན་ཤུལ་དེར་སྤྲ་མེ་གཅིག་བཏབ་ལ་བཞག དེས་སྨན་པ་ཁ་མི་སྐྱེངས་པའི་ཡོན་ཏན་ཡོད་པ་ཡིན་གསུངས་སོ། །བཞི་པ་དབྱུང་བའི་བུངས་ཚད་དང་པོ་ཕུལ་སུམ་དེ་ནས་གཉིས་སོགས་ཡིན། །རྣག་ཚབ་ཆང་ཕུལ་ཕྱེད་ལ་ཐལ་བྲན་ཀ་ར་དང་བུ་རམ་བཏབ་བཏང་། །ཐ་མར་རྣག་ལྦུ་ཆིར་གྱིས་བྱུང་ན་བཞག །དང་པོ་ཞག་རེ་ལ་ཟ་མའི་གྲངས་ལྟར་ལན་གསུམ་བཞོས་དེ་ནས་ཞག་རེ་ལ་ལན་རེ་བཞོས་བྱ། །ལྔ་བ་རྣག་པྲ་དཀར་འཇམ་དྲི་མ་ངན་པ་མེད་པར་གསོ་བ་སླ། །སེར་སྐྱ་སྐ་ལ་དྲི་མ་མེད་ན་འཕྲལ་གསོ་སླ། །དམར་སྐྱ་སྔོ་སྐྱ་དྲི་མ་མེད་གསོ་རུ་རུང༌། །སྐྱེར་ཁུ་ཚོད་ཁུ་འདྲ་ན་ཡུན་དུ་སྦྱོང༌། །ཤེ་རུལ་དུད་ཀ་དྲི་ངན་ཆེ་ཁྲག་རིས་ཅན། །སྔོ་ནག་རམས་ཁུ་འདྲ་དང་དམར་ལྡུར་རེ་བ་ཤ་ཁོག་བཤལ་འདྲ་དང༌། །སྨུག་ནག་རེ་མོ་ཅན་རྐྱང་ཆུ་ཉི་མས་འཚིག་འདྲ་འཆི་བ་ཡིན། །ཐུར་ཤུལ་ཐེམ་བུ་རྨ་དང་ཆས་རིམ་པས་སྤེལ་ཏེ་བསྟེན། །ཐུར་མ་བཏོན་རྗེས་དར་དམར་པོ་ལེབ་རྒན་ལྟབ་པའི་ཐེམ་བུ་གཞུག །དེ་སྟེང་ཨ་ས་ཟན་དྲོན་བ་ཡིས་ཐེངས་ཐེམ་ཁར་ཞེས་པའང་འདུག་འགའ་བདུག །དེ་རྗེས་རྣག་མ་ཟད་པར་སྐྱ་སྦྱོར་དང་ཕྱིང་འབྱར་བྱ་སྟེ་དུས་མིན་རྒྱུན་དུ་རྣག་ཤོར་ན་འཆི་བས་སོ། །བར་དུ་རྣག་ཆུ་ཉུང་དུ་སོང་ན་དར་ལེ་བརྒན་གྱིས་གཅུས་ཐེམ་དང་ཉུང་མའི་ཐེམ་བུ་རེ་མོས་སྤེལ་ཏེ་དར་ཐེམ་གྱིས་རྣག་དུས་མིན་དུ་འཛག་པ་འགོག་ཐེ་ཚོམ་གྱིས་རྨ་ཁ་ཆེར་བྱེད། །འདི་ལ་དམར་ཁྲིད་དུ་རྣག་ཤ་བལྟས་ནས་ཁྲུས་མང་དུ་བྱེད་རྨ་ནང་དུ་ཤོང་ཚད་ཀྱི་དར་གཅུས་ལ་བསྒྲིལ་བ་ཐེམ་བུ་བཅུག་དར་སྣེ་གཉིས་བཀྲམ་པའི་སྟེང་དུ་རྨ་ཆས་བྱ། རྨ་ཁ་ཆུང་དུ་སོང་བ་དང་ཉུང་མ་ཐལ་ཚན་དུ་བསྲོས་པ་བཤགས་ལ་མགོ་བྱ་མི་འདའ་བའི་སྤེལ་འདེད་བྱས་ལ་དེ་ལ་སྲད་བུ་བཏགས་ལ་བཞུག  ནང་པར་ཉུང་མ་སྦངས་ནས་རྨ་རྒྱངས་པས་ཁ་ཆེར་འགྲོ་ཞེས་གསུགས། །ཐེམ་བུ་དེ་གཉིས་སྤེལ་བའི་སྟེང་དུ་གྲོ་ལོའམ་སྦང་རོའམ་རྩིད་པ་མར་ནག་ལ་བཙོས་པའི་རྔ་གཟེབ་གླན་དེ་སྟེང་ཧེལ་གེ་དཀྲི། །ཐ་མ་ཞ་ཉེའི་འཕྲུལ་ཐེམ་དམར་ཁྲིད་དུ་རྣག་ཤ་ཐོན་ནས་རྣག་ཆུ་ལྟར་འོང་རྩ་ན་ཞ་ཉེའི་སྦུབས་ཐུར་ཁ་ཁྱེར་ཅན་ནང་བརྡར་ཤ་བཅད་པ་རྦ་ཁད་བཅད་ཡོད་པ་ནང་སྦུབས་ཡངས་པ་ཅན་རིང་ཐུང་ཤ་འུ་དང་མ་རེག་ཙམ་གཞུག་ཐག་པས་གདགས་ཞེས་གསུངས་གཞུག་པར་བྱ། །དེ་སྟེང་སྐམ་ཆས་འབྲིའུ་བེའུ་ཁུ་སྤུ་ཞེས་པའམ་རས་བལ་སྣུམ་བཙོས་བཏང་ལ་དཀྲི། །བདུན་པ་བཀྲུ་བཤལ་ཚ་ན་ག་བུར་ཅུ་གང་རྒྱལ་བློན་ཆུས། །གྲང་རྣག་ཆང་འཇམ་རུལ་ཆགས་བུལ་ཏོག་ཆུ། །ཐུན་མོང་ཅུ་གང་དོམ་མཁྲིས་ཀ་རའི་ཆུ། །ཁྱོར་རེ་ཆ་བྱད་རྨ་དང་འཚམ་པས་རྨ་ནང་བསྐྱལ། །རྨ་ལ་ཁེབས་བཀབ་སྐྱོམས་ལ་དེ་ནས་ཕྱིར་ལ་དབྱུང༌ཁྲུས་ཆུ་ཕར་བཏང་བ་ལས་ཚུར་མང་བ་བྱུང་ན་གསང་དམས་པས་གྲང་འབྱམས་འོང་ཉེན་ཡོད་ཁྲུས་ཉུང་དུ་བྱ། ཁྲུས་ཆུ་ཕར་བཏང་བ་ལས་ཚུར་ཉུང་དུ་བྱུང་ན་གསང་མཐོས་པ་ཡིན་པས་ཁྲུས་མང་དུ་བྱ། ཁྲུས་ཆུ་ཕར་བཏང་བ་དེ་ལ་ཚུར་ལ། །ལྷག་ཆད་མེད་ན་ཞར་བྱུང་བ་དེ་ན་ཐེམ་བུ་ཇི་ཕྲར་གཞོན་གཞོམ་རན་པའི་རྟགས་ཡིན། །ཁྲུས་དྲགས་ན་གློ་ཡི་དྲོད་འཆོར་གྲང་འབྱམས་འགྱུར། །ཁྲུས་ཞན་ན་རུལ་ཆགས་རྣག་གི་གཞུག་མི་ཆོད། །དེ་ཕྱིར་དབྱར་ཡིན་ན་ཞག་གསུམ་རེ་དང་དགུན་ཡིན་ན་ཞག་བདུན་རེའི་དུས་ལ་བཀྲུ། །བརྒྱད་པ་ཁ་ཟས་དང་པོ་རྣག་ཚད་མ་བྲི་བར། །བ་རའི་ཞོ་དར་རི་དྭགས་སྐོམ་ཤ་དང༌། །ནས་ཐུག་ཡོས་ཐུག་ལ་སོགས་བསིལ་དུ་བཏང༌། །བར་དུ་རྣག་ཟད་ཚ་བ་ཆག་པ་དང་། །མར་གསར་ལུག་ཤ་གསར་པ་བུར་དཀར་དང༌། །མངར་གསུམ་ལྡེ་གུ་གསར་འཇམ་ཆང་གི་བྲོ་བ་མེད་པ་བཏང༌། །ཐ་མ་རྣག་གཞུག་ཆད་དཀའ་ཤ་ཡིབ་དང༌། །བུར་མར་ཆང་འཇམ་ཏིང་ཁྲོལ་ཞོ་ཙམ་བསྐོལ་བའི་བཅུད་ཀྱིས་གསོ། །དགུ་བ་སྨན་ནི་རྣག་ཚད་ཡོད་པའི་དུས་དག་ཏུ། །དངུལ་ཆུ་དུག་ཕྲལ་གཙོ་བཀྲུ་སྦྱང་གསུམ་བྱས་པ་མུ་ཟི་བཏུལ་བ་དང་། །ཟངས་ཐལ་འབྲས་བུ་ཨར་བར་སྐྱུར་གསུམ་དང་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག །ག་བུར་གི་ཝཾ་ཙན་དན་དཀར་དམར་དང༌། །བསེ་རུ་རྒྱ་རུ་གྭ་དོར་མཁྲིས་སྣ་ཚོགས། །ར་མཉེ་ཉེ་ཤིང་ཤིང་མངར་དཀར་སྦྲང་སྦྱར། །ཁྱེམ་བུ་གསུམ་གསུམ་ཁྱེའུ་སུས་བཏང་བས་སྐེམ། །ཡང་ན་སྔར་བཤད་པའི་མུ་ཟི་ཁྲག་ལྟར་བཏུང་བས་སྐེམ། །རྣག་ཟད་ཚད་སྟོབས་ཆག་ནས་སྨན་མར་སྦྱར། །འབྲས་བུ་ཨ་བར་སྐྱུར་གསུམ་དང་ར་མཉེ་ཉེ་ཤིང་གི །ཁུ་ཕྱུང་འོ་མ་མར་དུ་སྨན་མར་ལྟར་ཆུ་བཅད་ལ། །སྔར་བཤད་པའི་རྩལ་ཆེན་བསྡུས་པའི་ཕྱེ་མ་ཁ་ཚར་གདབ། །སྦྲང་དང་སྦྱར་བས་རྣག་རྣམས་མ་ལུས་ཀུན། །སྟོད་སྨད་ཕྱི་ནང་གང་ན་གནས་ཀྱང་རུང༌། །ཞག་གཅིག་གིས་ནི་ཐམས་ཅད་སྐེམ་པར་ནུས། །ཨ་རུ་བར་རུ་ཉི་ཤུ་བ་ཆུར་ཞག་ལྔ་སྦངས། །འོ་མ་ཞོ་གང་མར་སྲང་བཅུ་བསྡུས་ཆུ་ཆོད་དྭངས་མ་ལ། །དངུལ་ཆུ་དུག་ཕྲལ་གཙོ་བཀྲུ་སྦྱང་གསུམ་བྱས་པ་སྟར་བུ་བ་ཆུ་དང༌། །བྱིས་པའི་ཆུ་གསུམ་གྱིས་བཤིག་པའི་བཞིན་མུ་ཟི་ཁྱོར་གང་སྦྱར། །ག་བུར་བཟང་དྲུག་ཙན་དན་དཀར་པོ་གི་ཝཾ་དང་། །བསེ་རུ་དཀར་པོ་སེང་ལྡེང་སྤྱི་ཞུར་སོ་མ་ར། །སྒྲོན་ཤིང་ཟངས་ཐལ་འགྲོན་བུའི་ཐལ་བ་དང་།  །རྩ་བ་(ར་མཉེ་ཉེ་ཤིང་རེ་སྐོན་ཨ་བི་ཥ་དར་ཡ་ཀན་ལྔ་)ལོ་མ་(ཨ་བ་བྲག་ལྕམ་སྟག་ཤ་གསུམ་)སྦྲང་རྩི་སྦྱར་བྱས་ཏེ། །སུམ་ཡར་ནང་ནུབ་མཐེབ་མོ་ཙམ་རེ་བཏང་བར་བྱ། །རྣག་ཀུན་ཟིལ་པ་ཉི་མས་ཕོག་བཞིན་སྐེམ། །ཞུ་རྗེས་བ་སྤུ་རྔུལ་ཙམ་གོས་ཀྱིས་བྱིབ། །མ་ཞུ་ཆུ་སྐོལ་གོ་ཐལ་གོ་བའི་བྲུན་རྒྱ་ཚྭ་ཤིས། །མགོ་འཁོར་ཁ་གདོང་སྐྲངས་ན་ཤ་ཆང་བཏང༌། །རུས་ཚིགས་འབྲལ་སྙམ་བྱེད་ན་པི་པི་ལིང་། །རྒྱ་ཚྭ་རྒྱམ་ཚྭ་སྟར་བུའི་བསྐོལ་ཐང་བཏང༌། །ཐ་མ་རྣག་གཞུག་གྲང་བར་འབྱམས་པའི་དུས། །ལྕགས་བསྲེགས་པའི་གཉེན་པོ་ལ་དབང་ཕྱུག་ས་བོན་ཕྱི་བས་དབང་ཕྱུག་གི་ས་བོན་དང་ནང་པས་འཁོར་ལོ་བསྡོམས་པའི་ས་བོན་དུ་འདོད་པས་དངུལ་ཆུ་ཨ་རུ་ར། །ཟངས་བསྲེགས་པའི་གཉེན་པོ་ལ་དར་མཚུར་ཚ་ལ་མུ་ཟིའི་ཐལ་བས་ཞིབ་ཆ་ཕྱི་རྒྱུད་ལྟར་བཞུ། །བསེ་རུ་དཀར་པོ་གྭ་དོར་ཤ་བ་དང་ཁ་ཤ་གཉིས་དང་རྒྱ་རུ་དང༌། །གུར་ཀུམ་ཅུ་གང་ཛཱ་ཏི་ཙན་དན་གཉིས། །ཤིང་ཚ་ཚ་བ་སྒ་པོ་ཕོ་གསུམ་དང་དབྱི་མོང་དང༌། །དངུལ་ཆུ་སྟར་བུ་བ་ཆུས་བཤིག་པ་དང༌། །ལ་ཆ་འཁར་པོ་དེ་རྣམས་རྩི་བཞིན་བཏགས། །ཨ་རུ་གསེར་མདོག་ཆང་དུ་ཞག་ལྔ་སྦངས། །ཁུ་ཕྱུངས་འོ་མ་འབྲི་མར་བསྡུས་པའི་མར། །སྦྲང་སྦྱར་ནས་གསེབ་བཞག་ལ་སུམ་ཡར་བསྟེན། །གྲང་རྣག་སྐེམ་པའི་མཆོག་ཏུ་ཤིས་པ་ཡིན། །བཅུ་བ་སྤྱོད་ལམ་དྲག་ཤུལ་ཉལ་པོ་བཞོན་པ་དང༌། །གཞུ་འགེངས་ལྗིད་འདེགས་རྡོ་བརྡེག་པ་སོགས་ལག་གི་འདུ་བྱེད་སྤང༌། །བཅུ་གཅིག་པ་དེ་ལྟར་བཅོས་རྗེས་རྩ་ཆུ་ཕྱི་ཚད་ཆག །ལུས་ཡང་དང་ག་བདེ་ལ་ཉམ་ཤེད་སྐྱེས། །རྣག་གཞུག་ཆད་པའི་དུས་ཡིན་ཆད་དུས་བཞི། །དཔྱིད་ཤིང་རྩི་ཁ་འབུས་དབྱར་ཆར་ཀླུང་གཅིག་ཕེབས་དང༌། །སྟོན་སྐམ་ཐག་ཆད་དང་དགུན་འཁྱག་པ་ཨར་རམ་སྒང་ལ་ཐེབས་པའི། །དུས་དེར་རྣག་ཐག་མ་ཆད་ན་རྣག་འབྱམས་པ་ཞེས་བྱ་སྟེ། །དེའི་ལོག་གནོན་ནི་འོག་ཏུ་རྗེས་གཅོད་ནད་དུ་ཤེས་པར་བྱ་དགོས་སོ། །ད་ནི་བྱང་ཁོག་སྨད་ཀྱི་བཅོས་ཐབས་ལ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་འདོད།།

།སྤྱི་ལ་དང་པོ་སྤྱི་ལ་བཅོས་དོན་རྣམ་པ་དགུ་ཡིན་ཏེ། །ཟས་ཀྱིས་གཞི་བཟུང་དུགས་ཀྱིས་གཟེར་བ་བཅག །ཆས་ཀྱིས་དྲོད་བསྐྱེད་འདྲེན་གྱིས་འགགས་པ་བསལ། །སྨན་གྱིས་དོན་སྣོད་ཚ་བ་བསད་པ་དང་། །གཏར་གྱིས་ངན་ཁྲག་རྩ་རུ་དབྱུང་བ་དང༌། །བཤལ་གྱིས་མཁྲིས་ཚད་འོར་དུ་བསྐྱུར་བ་དང་། །མེ་ཡིས་རྩ་འཕྲང་བསྡམ་ཞིང་སྦོས་པ་གཞིལ། །རྣག་ཁྲག་བབས་པ་གསང་དུ་གདོན་པར་བྱ། །དེའི་དང་པོ་ཟས་ཀྱིས་གཞི་མ་བཟུང་བ་ནི། །སྨད་ནི་གཙོ་བོར་སྣོད་ཀྱི་ཡུལ་ཡིན་པས། །ཟས་དང་སྐོམ་གྱི་སྦྱོར་བ་ཤིན་ཏུ་གཅེས། །འབྲས་དང་ཡོས་ཐུག་ཚིག་མ་མེད་པ་ཉག་གིས་འཚོས་པ་ལ། །མར་གསར་འོ་མ་སྒ་སྐྱ་བཏབ་པ་དང༌། །སྐོམ་ཤ་གསར་པ་གྲི་ཚགས་ཞིབ་མོར་བྱས་པ་སྒ་སྐྱ་བྲན། །བུངས་ཆུང་མི་མང་ཡང་དང་ཡང་དུ་བསྟུད། །བསྐོལ་གྲང་ཆུ་གྲོག་མི་མང་སྐོམ་དུ་བཏང༌། །འོ་ཟན་ལྡུམ་རེ་བ་ལྟོ་ལུ་དང་གོང་མོའི་སྒོང་ངའི་ཚོད་ཙམ་རེ་བྱིན། །ཟས་སྐོམ་མང་ན་ཟུག་ཆེ་སྐྱུག་པ་དང་། །རྨ་མི་འབྱོར་ཕྱིར་བཤལ་རྗེས་ལྟ་བུར་གཟབ། །དོན་ལ་ཟས་སྐོམ་གནོད་པས་སྤང་བ་མཆོག །སྐོམ་ཤ་ཞོ་ཕྲུམ་ཆུ་གྲོག་ཚོད་སྦྱར་བཏང༌། །བསིལ་ཆེས་དྲོད་ཆེས་ཟས་སྐོམ་ཐམས་ཅད་སྤང༌། །གཉིས་པ་དུགས་ཀྱིས་གཟེར་བ་བཅག་པ་ནི། །མཆིན་པ་གཟེར་ན་རྟ་སྦང་མཆེར་པ་བྱི་ཁུང་ཁ་ཤར་ལྟའི་སའི་དུགས། །མཁལ་མ་ལ་སྦང་སྐམ་ཕོ་བ་ལ་ཚྭ་ཡིས་དུགས། །ལོང་ལ་ཆུ་རྡེ་རྒྱུ་མ་ལ་རྫ་བསྲེགས་དུགས། །དྲོ་ལ་རྒྱ་ཆེ་ལན་མང་བཏང་བ་ཡིས། །ཟུག་ཆོག་བདེ་བ་མྱུར་དུ་སྟེར་བར་བྱེད། །གསུམ་པ་ཆས་ཀྱིས་དྲོད་ལ་བཙའ་བ་ནི། །རྨ་གསར་དུས་སུ་ཨ་ས་ཟན་དྲོན་བ་ཡིས་བདུག །དེ་ནས་མར་ཁུ་སྤོད་བྲན་རྔ་མཐིང་ངེ་བ་ཐེང་ངེ་བ་རྫིང་བཙོས། །རྨའི་ཁར་རྒྱ་ཆེར་བཏང་ལ་ཐེར་སྲབ་སྟེང་དུ་བཅིང༌། །རྨ་ཁ་ཆེ་ན་སྦང་རོ་ཚོམ་རེ་གླན། །སྐམ་ཆས་རླན་དང་མི་འབྲལ་གཅེས་པ་ཡིན། །སྦང་མ་ལ་སོགས་དྲོད་འཇམ་སྤང་བར་བྱ། །བཞི་པ་འདྲེན་གྱིས་འགགས་པ་བསལ་བ་ནི། །ན་འགྱུར་སྦོ་ལྡེང་(མ)དྲི་ཆུ་སྲི་བ་ལ། །དུར་བྱིད་ལྕུམ་རྩ་མཁྲིས་སྣ་བུལ་ཏོག་ཕབས། །དུད་པ་ཚྭ་དང་བ་ཆུའི་མས་འདྲེན་བཏང༌། །སྨད་ཚད་དྲི་མ་ཁྲག་རོ་འདོན་པར་བྱེད། །འཕྲལ་དུ་བདེ་ནུས་ཡང་ཡང་བསྟུད་ཀྱིན་བཏང༌། །ལྔ་པ་སྨན་གྱིས་ཚ་བ་བསད་པ་ནི། །སྨད་ཀྱི་དོན་ལ་ཚ་བ་བཅག་པ་དང་། །རྩ་ཁ་བསྡམ་དང་ཆུ་སེར་སྐེམ་པ་གཅེས། །གཙོ་བོ་དང་པོ་ཙན་དན་དཀར་པོ་གི་ཝཾ་བསིལ་ཅུ་གུར་ལི་གསུམ་དང༌། །ཨུཏྤལ་དྲུག་གིས་དོན་གྱི་ཚ་བ་གཅོག །ཡང་ན་གཙོ་བོ་དོམ་མཁྲིས་ཤིང་མངར་ཨ་བས་རྩ་ཁ་སྡོམ། །ཡང་ན་གཙོ་བོ་བསེ་རུ་དཀར་པོ་གྭ་དོར་ཁ་ཤའི་རྭ་འགྲོན་ཐལ་ཕུར་ཐལ་བཞི། །ཆུ་སེར་རྣག་ཁྲག་སྐེམ་པར་བྱེད་པ་ཡིན། །གཙོ་བོ་དེ་གསུམ་ཆ་ལ་ནད་དང་སྦྱར་བ་ལ་ཁ་སྒྱུར་སྣ་ཁྲིད་པ། །མཆིན་པ་ལ་ནི་བྲག་ཞུན་པྲི་ཡངྐུ། །ཏིག་ཏ་མཚལ་དཀར་གོང་ལ་བསྣན་ལ་བཏང༌། །མཆེར་པ་ལ་ནི་གསེར་གྱི་མེ་ཏོག་དང༌། །ཨ་རུ་ར་དང་པི་པི་ལིང་གསུམ་བསྣན། །མཁལ་མ་ལ་ནི་སུག་སྨེལ་གླ་རྩི་དང་།  །སྡིག་སྲིན་ལྕམ་པ་བསྣན་ལ་ཀ་ར་སྦྱར། །དེ་བཞིན་སྣོད་ལ་ཚ་བ་སེལ་བ་དང༌། །ཉམས་པ་གསོ་དང་དྲོད་སྐྱེད་ཁ་སྒྱུར་གཅེས་ཏེ། །འདི་ལྟར་གི་ཝཾ་བསིལ་ཅུ་གུར་ལི་གསུམ་ཨུཏྤལ་སྣོད་ཚད་སེལ། །དོམ་མཁྲིས་རྒུ་དྲུས་བཙོད་ཀྱིས་ཉམས་པ་གསོ། །སེ་འབྲུ་པི་པི་ལིང་གིས་མེ་དྲོད་སྐྱེད། །ཕོ་བ་ལ་ནི་མ་ནུ་རུ་རྟ་བསྣན། །རྒྱུ་མར་དུག་མོ་ཉུང་དང་སྙ་ལོ་བསྣན། །ལོང་ལ་ཁ་རུ་ཚྭ་དང་རུ་རྟ་བསྣན།  རྫོང་འཕྲང་དུ་མཉེ་མ་ལ་ནི་བྱི་ཏང་ཀ་མ་རུ་རྩི་འབུ་སྐྱོགས་བསྣན་ཞེས་འབྱུང་། མཁྲིས་པར་གསེར་གྱི་མེ་ཏོག་དུག་ཉུང་བསྣན། །ལྒང་པར་སྡིག་པ་ཀ་ཀ་རུ་སྟེ་གློ་ཡུལ་ནས་འབྱུང་བའི་སྡིག་སྲིན་སྲིན་བུ་དཀར་པོ་བསྣན་བྱ་སྟེ། །ཀ་ར་སྦྱར་བ་འཇུ་དཀའ་ཆུ་བསྐོལ་དབུལ། །ཐུན་གྲངས་ཐུན་ཚད་ཚ་བའི་སྟོབས་དང་སྦྱར། །ཕོ་བས་མ་འཆུན་ཚ་བ་སྒ་པི་ཕོ་གསུམ་ཐལ་བ། །ཨ་རུ་ཀ་ར་སྦྱར་ལ་ལྟག་པ་སྤྲད། །དྲུག་པ་གཏར་གྱིས་ཁྲག་ངན་རྩར་དྲང་བ། །ཚ་བ་སྐྱེ་ཞིང་གཟེར་འབྱུང་ཚ་འབྲབ་བྱེད། །ལྟེ་བ་ཡན་ཆད་སྣོད་ཀ་རུ་ཐུང་གཏར། །མན་ཆད་རྩ་བོ་ཆེ་དང་ལོང་རྩ་གཏར། །མཁལ་མ་བྱིན་གཞུག་ཕན་སྐྱེད་ཁྲག་མདོག་སྦྱར། །སྣོད་ལ་གཏར་བ་དྲགས་ན་མེ་དྲོད་འཆོར། །བདུན་པ་བཤལ་གྱིས་མཁྲིས་ཚད་འོར་སྒྱུར་བ། །སྨན་གཏར་ཚ་བ་མི་ཆག་ཆུ་མདོག་སེར། །ལྡང་དུབ་མང་ལ་ཁ་ཁ་དང་ག་འགག །ལྕུམ་རྩ་དུར་བྱིད་ཨ་རུ་མཆུ་སྙུང་སྦྱར་རྨ་ལ་ཐང༌བཤལ་བསྔགས་སོ། །འཇམ་པོས་སྣོད་ཚད་སྦྱང་བ་གཅེས་པ་ཡིན། །བརྒྱད་པ་མེ་ཡིས་སྦོས་གཞིལ་འཕྲང་བསྡམ་པ། །རྩ་ཆད་སྣོད་ཕུག་རྩ་ཁྲིད་གཟེར་སྦོས་ན། །དཔྱད་མཆོག་མེ་དང་འདྲ་བ་གང་ཡང་མེད། །ཕྱིའི་རྩ་ཆད་པ་ལ་རྩའི་རྨ་ཁར་ལྔ་བདུན་གདབ།  །སྣོད་ཕུགས་ན་འཚེབས་པ་མེད་ན་རྨ་ཁ་དེ་ཉིད་བསྲེག །འཚེབས་ན་མདེའུ་སླེབ་མཚམས་ཀྱི་་ཕུགས་ཐད་རྨ་ཡི་སྟེང་དུ་བསྲེག །རྩ་ཁྲིད་གང་ཁྲིད་གང་གཟེར་སྟེང་དུ་བསྲེག །སྦོ་ལྡེང་ཟེར་ན་མདུན་རྒྱབ་རང་གསང་བསྲེག །དགུ་པ་རྣག་ཁྲག་གསང་དུ་གདོན་པ་ནི། །གྱེན་ཐུར་དབྱེ་བའི་གསང་སར་འདོན་པ་གསུམ། །དང་པོ་མགོ་ན་ཁ་ཁ་དང་ག་མི་བདེ་ཞིང༌། །ཕོ་སྟོད་འཚིང་སྒྲེག་སྐྱུག་པ་སྙམ་དུ་སེམས། །མ་ཞུའི་གནས་ན་གནས་ཏེ་སྐྱུགས་ཀྱིས་དྲངས། །གསེར་གྱི་ཕུད་བུ་དོང་ག་པི་པི་ལིང༌། །སོ་ཆ་སྤྱང་ཚེར་དུས་གསུམ་ཁྲག་དུས་སུ་ཆང་དང་ཆུ་སེར་དུས་སུ་བའི་ཆུ་དང་རྣག་གི་དུས་སུ་སྦྲང་རྟས་བསྒྱུར་དྲང༌། །ཡང་ན་བསིལ་ཅུ་གུར་ལི་གསུམ་ནིམ་པ་ཡུངས་ཀར་དང༌། །འབྲི་ཏ་ས་འཛིན་ཕུར་མོ་ལོ་བཙན་གྱི། །ཁུ་བར་བཏབ་བཏང་རྣག་ཁྲག་ལྷུང་བ་སྐྱུག །གཉིས་པ་དྲི་ཆུ་བསྡམས་དང་རྒྱུ་ལོང་གཟེར་བ་དང༌། །ཚ་རུམ་ལྡང་དུབ་བྱེད་དང་རོ་སྨད་ལྕི། །ཞུ་བའི་གནས་སུ་བབས་པ་བཤལ་གྱིས་སྦྱང༌། །དནྡ་དོང་ག་སྔོན་བུ་ཨ་རུ་ར། །ཐར་ནུ་ལྕུམ་རྩ་བུལ་ཏོག་པི་པི་ལིང་། །ཁྲག་དུས་ཆུ་སེར་དུས་དང་བ་ཆུ་དང་རྣག་ཆུ་ཆང་བསིངས་རྟ་ཡིས་བསྒྱུར། །སྨད་དུ་རྣག་ཁྲག་ལྷུང་བ་སྦྱོང་བར་བྱེད། །གསུམ་པ་རྩ་ཆུ་ཚ་ལ་ཁ་སྐམ་དང་ག་འགག །ལྡང་དུབ་བྱེད་ཅིང་དྲི་ཆུ་སྡོམ་པ་དང༌། །ཚ་འབྲབ་ཆེ་ལ་བརྩེ་ཞིང་རེག་མི་བཟོད། །རྣག་ཡུལ་མཐོང་ལ་མེར་མེར་ལྟོང་ལྟོང་བྱེད། །གསང་དུ་གང་བབས་ས་དེར་ཕྱིན་ནས་དབྱེ། །དབྱེ་དུས་རྣག་པྲ་ཁྲུས་ཆས་རྗེས་གཅོད་སོགས། །བྱང་ཁོག་སྟོད་དང་ཁྱད་པར་མེད་པར་བཅོས། །སྣོད་ཀྱི་ཕྱིར་བབས་འཕོངས་སུ་མཛུ་གུས་བརྟག །འཕྲུལ་གསང་འཕོངས་རྩེ་སོར་བཞིའི་སར་ཕུག དེ་ལས་རིང་ན་གཞང་ནག་པོར་འགྲམས་ཏེ་ན་ཞིང་མི་བཟོད་མེར་སར་དབུག།

སྤྱི་དོན་གཉིས་པ་སྨད་ཀྱི་དོན་སྣོད་བྱེ་བྲག་བཅོས་པ་ནི། །མཆིན་དྲི་དཀར་ནག་ཁྲ་ལ་མཚོན་ཕོག་ན། །དང་པོ་དོམ་མཁྲིས་ར་འོ་སྦྱར་བ་བཏང༌། །གཏར་སྤང་ཚིགས་པ་བརྒྱད་དང་ལྷེན་སྣ་བསྲེག །ཕག་ཤ་སོལ་བ་བྱ་ཕོའི་མགོ་ཚོད་བླུད། །རྔ་བྲན་ཤ་དང་མཛོ་ཡི་ཞོ་དར་བཏང༌། །སྒོང་སྤྲིས་རྟ་ཁྲག་གོ་སྙོད་སྐམ་ནན་སྦང་འཇིབ་སོགས་མི་བྱ་བར་སྨན་གྱི་སྐྱོ་མར་བྱུག་པ་བྱ། །གཡེར་མ་གོ་སྙོད་སྤོད་སྣ་དམར་པོ་བརྩོད་ཚོས་འབྲི་མོག་གསུམ། །སྐམ་ནན་བྱ་ཞིང་བུད་མེད་ནད་གཡོག་སྤང༌། །མཆིན་དྲི་ནག་པོ་ལ་མཁྲིས་སྣའི་སྦྱོར་བ་ཁོང་དུ་བཏང༌། །རྩེ་ཆུང་ངར་གདོང་རྟ་ཐུར་ལྟེ་འོག་རྩ་ལ་གཏར། །སྒྱིད་ཁུང་སྒབ་ཁུང་འཕར་རྩ་མེས་བསྲེག་འབྲས་ཐུག་ཡོས་ཐུག་བཏང༌། །སྤྱི་གཙུག་རྐང་མཐིལ་སྣུམ་གྱི་བྱུག་པ་བྱ། །ཁ་ཟས་བསིལ་བསྟེན་དྲོད་ཀྱང་ཅུང་ཟད་བསྟེན། །མཆིན་པ་རུ་ཐུང་གཉིས་དང་ལོང་རྩ་གཉིས་ཏེ་བཞི་ལ་གཏར། །ཚིགས་པ་བརྒྱད་དགུ་མཚོགས་མའི་གནམ་ཐེར་ཟེར་དཀྱིལ་རྐང་ལག་བཞིའི་མཐེ་བོང་སྤུ་སྐྱེ་བསྲེག །གུར་ཀུམ་ཅུ་གང་བ་ལེ་བ་ཤ་ཀ །བྲག་ཞུན་སེ་འབྲུ་མཚལ་དང་ཨ་རུ་ར། །ཀ་ར་སྦྱར་བཏང་མེ་ཏོག་བ་ལུ་སྨྱག་ཤད་ཀྱི་ལྕེ་པྲི་ཡང་ཀུ་སོགས་ལ་དོམ་མཁྲིས་བཏབ་པའི་ཁཎྜ་སྦྱར། །ཁ་ཟས་སྤྱོད་ལམ་གྲང་དྲོ་སྙོམས་པར་བཅོས། །མཆེར་པ་ངར་གདོང་རྟ་ཐུར་གཉིས་རུ་ཐུང་གཉིས་དང་བཞི་ལ་གཏར། །གོ་སྙོད་སླེ་ཏྲེས་དུག་ཉུང་བསྡུས་ཐང་བཏང༌། །ཚིགས་པ་དགུ་པ་བཅུ་གཅིག་བསྲེག་པར་བྱ། །འཕོངས་སུ་ལ་ཕུག་ཚྭ་སྦྱར་རེང་བུ་གཞུག །སྒོག་སྐྱ་མར་དཀར་བསྡུས་ཁུ་ཙི་ཏྲ་ཀ །གོ་སྙོད་ལྡུམ་བུ་རྣམ་གསུམ་ནི་བེ་སྐྱེས་རེ་རེལ་བྲག་སྐྱེས་རེ་རེལ་ཐང་སྐྱེས་རེ་རེལ་ཏེ་རེ་རེལ་གསུམ་མམ་སེ་རྒོད་འོམ་བུ་སྐྱེར་པ་གསུམ་ལ་འདོད་པ་དང་ལུགས་གཉིས་སོ་བཏབ་ལ་བཏང༌། །ཁ་ཟས་དྲོད་བྱ་སྐབས་སུ་ལོ་ལོན་པའི་མར་བྱུག །དེ་ལ་བཅོས་སྐྱེད་མེད་ན་འཇམ་བཤལ་གོང་གི་དན་རོག་དོང་ག་ཞེས་པ་ནས་རྟ་ཡིས་བསྒྱུར་ཞེས་པའི་བར་དེ་བཏང༌། །མཁལ་མ་བཅུ་བཞི་པའི་གཡས་གཡོན་མཚོན་རེ་དང་ཕུན་རེ་དང་རྩ་ནག་བསྲེག །ཡོབ་གོང་རྩ་གཉིས་དང་བྱིན་གཞུག་གཉིས་ཏེ་བཞི་ལ་གཏར། །ཁ་ཟས་དྲོད་ལ་ཁོང་སྨན་བསིལ་དུ་བཏང༌། །ཆུ་བསྡམས་རྒྱ་ཚྭ་གླ་རྩི་སྡིག་སྲིན་དང།༌།  ཉི་དགའ་འོ་མ་སྦྱར་ལ་བཏང་བར་བྱ། །མཁལ་ཚིལ་ཞུ་ན་ཕྱི་རྒྱུད་ལྟར་གུར་ཀུམ་བདུན་པ་སྦྱར། །ག་བུར་རྨར་གཞུག་བསིལ་བའི་ནན་གྱིས་མནན། །རྣག་ཞུགས་ཞོ་ཤ་སྙིང་མཁལ་གླ་གསུམ་གྱི་སྨན་མར་སྦྱར། །ཕོ་བ་བཅུ་གཉིས་ཕོ་གསང་དབུས་མ་བསྲེག །སྐྱུག་ན་འབྲས་བཀྲུས་པའི་ཁུར་བ་དང་འབྲས་སེར་ཙམ་བསྔོས་པའི་ཡོས་པུ་ཤེལ་རྩེ། །སྦྲང་རྩི་སྦྱར་བཏང་སེ་འབྲུ་ཨ་རུ་ར། །མར་དཀར་ཀ་ར་སྦྲང་སྦྱར་ཏིང་ཁྲོལ་དང༌། །ཚ་བ་སྐྱེས་ན་རུ་ཐུང་གཡས་གཡོན་གཏར། །གསོ་བ་དཀའ་ན་དོང་གའི་འཇམ་བཤལ་བཏང༌། །ཕོ་ཐེར་རལ་ན་རྟ་རྐྱང་རྒྱུས་པས་གཡས་ལེན་གཡོན་ལེན་དུ་སྦལ་འགྲོས་སུ་བཙེམ། །ཤའུ་སྐྱེད་སྨན་གུར་གུམ་དོམ་མཁྲིས་ཅུ་གང་ཚ་ལ་བཏུལ་མ་བཏབ་ལ་དར་དམར་གྱིས་དགབ། །དེ་སྟེང་ཕྱིང་པ་མར་བཙོས་གླན་ལ་དཀྲི། །ལྟོ་ཚིལ་ལུག་ན་ལུག་གི་ལྟོ་ཚིལ་དྲོན་མོས་དྲོད་ཕབ་ནང་དུ་གཞུག །མ་ཚུད་ན་མཚམས་སུ་རྟ་རྔ་དར་སྐུད་བཅིང༌། །རྒྱ་ཚྭ་ཤིང་ཚ་བཏབ་པས་ཚིལ་བུ་བཞུ། །ཚུད་ནས་རྨ་ཆས་གོང་མ་བཞིན་དུ་བྱ། །ཚ་བ་རྒྱུ་རྩ་ལ་སོང་ན་མིག་དམར་དང་སྦྲུལ་མིག་ལ་སོང་ན་སྐབས་སུ་སྦོ་ཀྱང་མཚོགས་མ་ལ་སོང་ན་རྒྱུ་སྨད་སྦོ་སྟེ་གསུམ་གྱིས་འཆིའོ་སྐྱེས་ན་ཐང་ཕྱེ་གཏར་ཕྲན་དཔྱད། །མཁྲིས་པ་དོམ་མཁྲིས་འོ་མར་སྦྱངས་ལ་བཏང༌། །ཚིགས་པ་དགུ་བསྲེག་གཤའ་རིངས་རུ་ཐུང་གཏར། །ཏིག་ཏ་དོམ་མཁྲིས་གསེར་གྱི་མེ་ཏོག་དང༌། །རུ་རྟ་ཧོང་ལེན་རྩ་མཁྲིས་བོང་ང་དཀར། །སྐྱེར་ཞུན་ཀ་ར་སྦྱར་བའི་ཕྱེ་མ་བཏང༌། །ལོང་ལ་ཚིགས་པ་བཅུ་དྲུག་བསྲེག་པར་བྱ། །སྲིན་ལ་ཤིང་ཀུན་གླ་རྩི་བྱི་ཏང་ག  །ལང་ཐང་ཙེ་དང་འབུ་སྐྱོགས་མ་རུ་ཙེ། །སྒོག་སྐྱ་འོ་མ་བུ་རམ་བཏབ་པ་བླུད། །ཚ་བ་སྐྱེས་ན་ལོང་རྩ་གཉིས་ལ་གཏར། །དོང་ག་སྔོན་བུ་ཁྲོན་བུ་ལྕུམ་རྩ་དང་། །སྒྲོན་ཤིང་སྐྱེར་ཤུན་ཨ་རུ་བ་རུ་སྒ། །བུ་རམ་བསྡུས་པའི་འཇམ་བཤལ་བཏང་བར་བྱ། །རྒྱུ་མར་དོམ་མཁྲིས་འོ་མ་སྦྱངས་ལ་བཏང༌། །ཚ་བ་སྐྱེས་ན་རྒྱུ་མའི་རྩ་ལོང་རྩ་གཉིས་ལས་བྱུང་བ་རྒྱུ་མ་ཁུག་གི་རྩ་གཉིས་ལ་གཏར། །རྒྱུ་མ་ལུག་ན་དང་པོ་ཆུ་དང་བར་དུ་ཆང་གིས་བཀྲུ། །དེ་ནས་ཚ་བ་སྒ་པི་ཕོ་གསུམ་གྱི་ཁུ་བཙགས་པས་བཀྲུ། །ལུག་བསད་འཕྲལ་གྱི་ལྟོ་ཚིལ་དྲོད་ཕབ་ཕྱི་དུ་ལས་ནང་དུ་འཇུག་ཚུལ་བསྟན། །གདོང་པ་ལ་ཆུ་གདབ་དངངས་པས་ནང་དུ་འདྲོངས། །ཡང་ན་གྲེ་བར་སྒྲོ་བཅུག་སྐྱུགས་པས་ཚུད། །ཤ་ལྤགས་རྟ་རྐྱང་རྒྱུས་པས་སྦལ་འགྲོས་གཡས་ལེན་གཡོན་ལེན་དུ་བཙེམ། །དོམ་མཁྲིས་ཅུ་གང་སྟག་ཤ་གུར་གུམ་མཚལ་སོགས་རྨ་སྨན་གདབ་དར་དང་མར་ཕྱིང་འཇག་གིས་དཀྲི༌།  དེ་རྟིང་གོས་ཕུད་བཅུག་ལ་དལ་པུས་སྐྱོམ། །དེ་ཡི་རྒྱུ་མ་རང་སར་འདྲོངས་པར་འགྱུར། །འཆུས་སམ་འཁྲིལ་ན་མི་འཚོ་འཆི་བ་ཡིན། །དེ་ནས་ཞག་བདུན་བར་དུ་གན་རྐྱལ་སྙལ། །དྲི་ཆུ་འོང་སར་དོང་ཁུང་བྱས་ལ་བཏང༌། །ཟས་སྐོམ་ནུར་ཐུག་ཐུག་པ་འདུར་པོ་ཉུང་ཤས་འཇམ་པས་བཅོས། །གཉེ་མའི་བཅོས་ཐབས་ལོང་དང་ཁྱད་པར་མེད། །ལྒང་པ་ཚིགས་པ་བཅོ་བརྒྱད་བསྲེག་པར་བྱ། །ཆུ་སྲི་རྒྱ་ཚྭ་ཉི་དགའ་སྡིག་སྲིན་ལ་སོགས་ཆུ་སྨན་སྦྱར། །ཚ་བ་སྐྱེས་ན་ལོང་རྩ་གཏར་བར་བྱ། །གཞང་ལ་ཕོག་ན་ཚིགས་པ་བཅུ་དགུ་བསྲེག །སྦོས་ན་ལན་ཚ་སོགས་ཀྱིས་དུགས་བྱ་ཚ་འབྲབ་ཆེ་ན་གཏར། །དྲི་མ་འབྱུང་དཀའ་རེང་བུ་ནི་རུས་བསུ། །བསམ་སེ་ལོང་རྩ་དང་བྱིན་གཞུག་རྩ་རྣམས་སྒོ་ཕྱེ་ཙམ་དུ་གཏར། །ཕོངས་དང་རྐང་མཐིལ་སྤྱི་གཙུག་དྲོད་དུགས་དང༌། །ཚིགས་པ་བཅུ་གསུམ་པ་ལ་མེ་བཙའ་བྱ། །དང་པོ་བསིལ་ལ་ཐ་མ་དྲོད་དུ་བཅོས།།

སྤྱི་དོན་བཞི་བ་ད་ནི་ཐ་མ་ལོག་གནོན་རྗེས་བཅད་པ། །འབྱམས་རྒྱུ་འབྱམས་རྟགས་འབྱམས་པ་བཅད་པ་གསུམ། །དང་པོ་དེ་རྒྱུ་ཚ་འབྱམས་བཞི་དང་གྲང་འབྱམས་གཉིས། །དང་པོ་དོན་གྱི་རྨ་རྣག་གིས་རིམ་གྱིས་ཟོས་པའི་ཟ་རྐོང་དུ་སོང་བ་དང༌། །རྩ་ཁ་ཤོར་ཤིང་འབུས་པ་དང་རུལ་བའི་དྲི་ཆགས་པ་དང་དབྱེ་བའི་ཐེམ་ཁ་མཐོས་པའོ། །གཉིས་པ་གྲང་འབྱམས་ནི་བསིལ་སྦྱོར་ཐལ་དང་ཁ་ཟས་དམན། །རྒྱུ་དེ་དྲུག་གིས་ཚ་གྲང་གི་རྣག་འབྱམས་ཆད་མི་འགྱུར། །གཉིས་པ་འབྱམས་རྟགས་དོན་རྨ་ཟ་རྐོང་སོང་བ་ལ། །དང་ག་མི་བདེ་ཤ་མདོག་སྔོ་ལ་སྐམ། །སྟོད་གཟེར་རྩ་ཆུའི་ཚ་བ་ཤིན་ཏུ་ཆེ། །རྣག་མདོག་དམར་ཙ་སྐབས་སུ་ཤེ་རུལ་ཅན། །དེ་ནི་དོན་གྱི་རྨ་ལ་འཛག་པ་ཡིན། །རྩ་ཁ་འབུས་པ་རྣག་གསེབ་ཁྲག་གི་ཐོར་འབྲུམ་འབྱུང༌། །ཤེད་ཆུང་རྣག་ལ་སྐྱེ་འབྲི་བྱེད་པ་ཡིན། །རུལ་ཆགས་དྲི་ཆེ་ཁུ་རྩིགས་ཅན་དུ་འཛག །མིག་སྤྲིན་སེར་ལ་དང་ག་སྐྱེ་འབྲི་བྱེད།  །གསང་དབྱེ་བ་འཕྱིས་པ་དང་རྣག་ཁྲུས་ཞན་པ་དང་རྣག་ཤ་མ་ཐོན་པའོ། །ཐེམ་ཁ་མཐོས་པས་ཁྲུས་ཆུ་ལྷག་མ་ལས། །བསིལ་སྦྱོར་ཐལ་བ་རྩ་དལ་ཆུ་མདོག་སྔོ། །ཤེད་ཆུང་ཕོ་མཆིན་མི་བདེ་སྦོ་འཁྲོག་བྱེད། །རྣག་མདོག་སྔོ་ལ་དྲི་དང་རླངས་པ་ཆུང༌། །ཁ་ཟས་དམན་པ་རྩ་སྟོང་དང་ག་བདེ། །རྣག་མདོག་སླ་ལ་ལུས་ཤེད་ཆུང་བའོ། །གསུམ་པ་བཅད་ཐབས་དོན་རྨ་ཟ་རྐོང་སོང་བ་ལ། །ཁ་ཟས་དྲོད་སྤང་བསིལ་ལ་ཡང་བ་རི་དྭགས་དང་སྐོམ་ཤ་བསྟེན། །ལི་གྲི་ཨ་བ་རྒུ་དྲུས་ཕུག་རོན་རྐང༌རེ་སྐོན་གྱི་རྩ་བ། །དོམ་མཁྲིས་རྨ་ནང་གདབ་ལ་ཞག་ཅིག་བཞག་ནང་པར་ཆུ་ཡིས་བཀྲུ་བར་བྱ། །རྩ་ཕྲན་གཏར་ཞིང་གློ་བ་རྟ་བོང་གི་འོ་མས་རྒྱངས་ལ་བཏང་ཡང་ཟེར་གསོ་དམར་པོ་གསུམ་སྨན་མར་སྦྱར། །རྩ་ཁ་འབུས་ན་འབྲས་བུའི་རྒྱུན་སྦྱོངས་རྒྱུད་ཕྱི་མའི་ཐོར་བུ་ནད་ཀྱི་སྒོས་བཤལ་གྱི་སྐབས་སུ། ཨ་རུ་མཆུ་རིང་བ་རུ་སྐྱུ་རུ་དང་། །ལྕུམ་རྩ་དུར་བྱིད་སྤོས་དཀར་བ་ཆུར་འདུས། རྒྱུན་སྦྱོང་ཞེས་གསུངས་པ་དེ་ཡིན་བྱ། །མཁྲིས་སྣ་ཆུར་སྦྱངས་རྨ་བཀྲུ་ཁོང་དུ་བཏང༌། །གང་ཉེའི་རྩ་གཏར་རྩ་འཕྲང་མེ་ཡིས་བསྡམ། །ཁ་ཟས་བསིལ་རི་དྭགས་སྐོམ་ཤ་རྔ་བ་ཞོ་སོགས་བསྟེན་སྤྱོད་ལམ་དྲག་ཤུལ་སྤང༌། །རུལ་ཆགས་བུལ་ཏོག་ཚ་ལ་རུ་རྟ་དང༌། །ཨ་རུ་སྦྱར་བའི་ཆུ་ཡིས་རྨ་ནང་བཀྲུ། །ཕག་པའི་ཟེ་བའི་ཡེ་འུས་རུལ་ཆགས་བྲུད། །དེ་རྟིང་ག་བུར་ཙན་དན་ཆུ་ཡིས་བཀྲུ། །མུ་ཟིའི་སྨན་མར་རྭ་སྣའི་ཕྱེ་མ་སྦྱར། །ཐེམ་ཁ་མཐོས་ན་ཞག་གསུམ་རྣག་ཁ་བསྐྱིལ། །རྩིབ་མའི་གོ་བར་ཚིགས་བར་ཕུག་ལ་བཅོས། །བསིལ་སྦྱོར་ཐལ་བ་སེ་འབྲུས་མེ་དྲོད་གསོ། །ལུག་ཤ་གོང་སྲེག་ཤ་དང་གསར་འཇམ་བཏང༌། །ཚྭ་སྣ་ཚོགས་ཚད་བསྡུས་པའི་ཁཎྜ་ལ། །མར་གསར་མངར་གསུམ་སྦྱར་བའི་ཏིང་ཁྲོལ་བཏང༌། །ཁ་ཟས་སྨན་ལ་རྟ་བོང་འཕྱི་བའི་ཤ །མི་ཤ་མར་དང་བུ་རམ་གར་ཆང་བཏང༌། །རྩ་བ་ལྔ་ཡི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བ་མཆོག་ཏུ་ཕན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བྱང་ཁོག་སྟོད་སྨད་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།