སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བཞི་པ། སྐེའི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གྱ་བཞི་པ། སྐེའི་རྨ་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །ཡན་ལག་བྱང་ཁོག་མགོ་ལ་མ་གཏོགས་པའི། །སྐེ་ཡི་རྨ་ལ་བཅོས་ཐབས་ཇི་ལྟར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང༌། 

དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྐེ་ནི་ཡར་གྱི་མགོ་ལ་མི་གཏོགས་ཏེ། །མར་ལ་བྱང་ཁོག་སྟོད་སྨད་ལ་མི་གཏོགས།  །ཡན་ལག་རྣམ་པ་བཞི་ལའང་གཏོགས་མ་ཡིན། །སྐེ་ནི་རུས་པའི་མཁར་ལ་རྩ་ཡི་འཕྲང༌། །ཤ་དང་ཆུ་རྒྱུས་ཀུན་གྱི་འདྲིལ་ས་ཡིན། །རུས་གཉན་ལྷ་བ་འབྱེར་བས་མགོ་དང་འདྲ། །རྩ་གཉན་རྩ་ཐིགས་གསོག་པས་བྱང་ཁོག་འདྲ། །ཤ་དང་ཆུ་རྒྱུས་གཉན་པས་ཡན་ལག་འདྲ། །དེ་ཕྱིར་མགོ་དང་བྱང་ཁོག་ཡན་ལག་གསུམ་ག་འདུས་སར་འགྱུར་བ་སྐེ་ཡི་བཅོས་ཐབས་བསྟན། །སྐེ་ལ་རུས་པའི་འཕང་ལོ་(ལོང)རྩིག་པ་རྣམ་པ་ལྔ། །ལྟག་པ་མཁར་རུས་ཚིགས་དངོས་དང་རུས་ཚིགས་མཁར་བར་པ་རྣམས་མཚམས་དང་དེའི་གཡས་གཡོན་གཤོག་པ་ལྟར་བཏགས་པ་ནི་བྱ་འདབས་བཞི། །ལྟག་པ་ངོས་ཀྱི་མཁར་མཚམས་ནི་རྒྱུངས་པའི་གནད་ཡིན་ཏེ། །རྒྱུངས་པའི་གནད་ལ་ཟིན་ན་ལྟག་པ་དགྱེ་བོར་འགྲོ། །མགོ་ལྕི་ཁ་ལྕེ་སྐམ་ལ་དྲི་ཆུ་སྡོམ། །མིག་འགྲིབ་སྟོད་གཟེར་སྒྱིད་འཁྲིལ་ཡན་ལག་ཕྲ། །གསོ་བའི་ཐབས་མེད་བདུན་དགུའི་དུས་ན་འཆི།   །རུས་ཚིགས་དང་པོ་མཁར་དང་བྱ་འདབས་རྩར་ཟིན་ན་གསོ་དཀའ་སྟེ། །རྒྱ་ཚྭ་བྱང་པ་རུ་རྟའི་རེང་བུ་གཞུག །རྣག་ཞུགས་རུས་པ་བྲུད་ལ་ལྷ་ཁྲག་སྤྲད། །ཕྱིང་པ་ལ་བག་ཕྱེའི་འདག་སྦྱར་བས་རྨ་འི་ཤ་ལྟེམ། །མར་ཚིལ་སྒོ་ང་སྦྱར་བའི་ཁ་ཞུན་བྱ། །ཧོང་ལེན་གླ་སྒང་སེང་ལྡེང་བགྲུངས་ཐང་ངམ། །ཡང་ན་སྟབ་སེང་ཤིང་མངར་བསྡུས་ཐང་བཏང༌། །སྐེ་ཡི་རྩ་ལ་ཕྱི་རྩ་ནང་རྩ་གཉིས། །ཕྱི་ཡི་རྩ་ལ་ཁྲག་རྩ་ཆུ་རྩ་གཉིས། །རླུང་ཁྲག་གཉིས་འདོམ་འཕར་རྩ་དག་དང་གསུམ། །འཕར་རྩ་ནི་ཨོལ་གོང་ནས་མིད་པའི་བར་ན་ཡར། །གློ་བུར་དང་སྙིང་རྩ་གསེར་གྱི་སྐུད་པ་བྱ་བ་ཡོད། །དེ་ཆོད་རྩིད་བུ་སོ་སྙིང་ཟིན་པ་འདྲ། །ཞག་གྲངས་བཅུ་གཅིག་ཚུན་ཆད་ནང་དུ་འཆི། །ཨོལ་གོང་པ་ཡི་གཡས་གཡོན་འདབས་ན་ཡར། །སྙིང་རྩ་གཉིད་ལོག་རྦ་རླབས་ཟེར་རྩེ་འདྲ་རྣམ་གཉིས་ཡོད། །རྩ་དེ་རྦད་ཀྱིས་ཆོད་ན་ཨ་ཅང་ཆེ་སྟེ། །དེ་གཉིས་བརྡབས་ཀྱང་ཕོག་སྔ་འགྱེལ་སྔར་ཤི་འགྲོ་བ་ཡིན། །དེ་ནས་ཕྱིར་རྒྱབ་ངོས་ལ་ཕུན་རེ་བཅལ་བ་ན། །སྙིང་རྩ་རྩེ་ནག་རྣམ་པ་གཉིས་ཡོད་དེ། །རྩ་དེ་ཆོད་པར་མ་གྱུར་ན་བཅོས་གླགས་ཡོད། །དེ་ནས་ཕྱིར་རྒྱབ་ངོས་ལ་ཕུན་རེ་བཅལ་བ་ན། །གློ་སྙིང་བསྡོངས་པའི་ཁྲག་རྩ་རྩེ་ཆུང་ཆེ་ཆུང་དེང་སང་རྩེ་ཆེན་ཞེས་ཁྲག་གཏར་བ་འདི་ཡོད། །དེ་ཆོད་ཁྲག་མི་ཆོད་དེ་ཁྲག་མ་བཅད་པར་བཞག་ན་འབོག་ནས་འཆི། །དེ་དག་བཙན་བརྡུངས་འཐེམས་ཆོད་གསོ་བའི་ཐབས། །མོད་དུ་བསྣད་པ་དེའི་གོང་འོག་ཏུ་མེ་རྒྱས་གདབ་པར་བྱ། །ཁྲག་མ་ཐུབ་ན་རྨ་ཁ་ལ་རྒྱ་ཁྱིམ་བཅའ་ཡན་ལག་གི་རྨ་གསོ་བའི་སྐབས་ལྟར། །མི་དང་གླང་དང་ཁྱི་ནག་ཉ་རྩ་མོ་ཉའི་བྱེ་བྲག། །དོམ་མཁྲིས་ཀ་ར་དཀར་པོ་སྦྱར་ལ་བཏང༌། །མི་དེ་ནད་གཞི་རླུང་ཆེ་བ་དང་ནམ་ཟླ་གྲང་དུས་ཡིན་ན་སྦང་གླུམ་གར་པོ་དང༌། །ཞུན་མར་སྤོད་སྒ་པི་སོགས་ནན་དང་ཡང་ན་བག་ཕྱེའམ་སྐྱོ་མ་ལ་རི་བོང་སྤུས་མནན། །རྨ་བུག་ཁོལ་བུར་བཏོན་ལ་མཁྲིས་སྣ་ཞོ་སྦྱར་བཏང༌། །མི་དེའི་ཚ་བ་རྒྱས་དང་ནམ་ཟླ་དྲོ་དུས་བསྐོལ་ཞོ་དང༌། །བག་ཕྱེ་ཤིང་མངར་སྦྱར་བ་གོང་བཞིན་ནོ། །ལྟག་པ་སྡུད་སྒོ་ནས་དོན་ཞིང་ཆུ་བའི་གཡས་གཡོན་གཉིས་ན་མར། །ཆུ་རྩ་སྦུ་གུ་ཅན་ཞེས་བྱ་བ་ཡོད། །དེའི་ཕྱིར་མཚོན་གང་ཆུ་རྩ་སྒྲིལ་མ་ཡོད། །དེ་གཉིས་ཆོད་ན་གཡས་གཡོན་སྣེ་བསྣོལ་གཡས་ཆོད་ན་གཡོན་དང་གཡོན་ཆོད་ན་གཡས་པ་བྱེད་དེ། །གཉའ་བ་རེངས་རོ་སྨད་བཙས་པ་འཕྱེས་དྲི་ཆུ་འགགས་ནས་འཆི། །རྣ་ཤལ་འོག་ན་ཆུ་རྩ་རཏྣ་ཡོད།  །དེ་ཆོད་ལག་པ་བཤལ་སྦྲིད་བྱ་བ་ཉམས། །དེ་དག་བཅོས་ཐབས་གང་བསྣད་པའི་གོང་འོག་གཉིས་སུ་མེ་རྒྱས་གདབ། །རྨ་ལ་ཨ་ས་ཟན་དྲོན་སྣུམ་ནན་ཚན་དོས་བདུག །སྨད་འཕྱེས་གླ་རིལ་བཙོས་པའི་ལུམས་སུ་གཞུག །གཉའ་རེངས་ལག་པ་ཞ་ན་བདུད་རྩིའི་ལྔའིལུམས། །དྲི་ཆུ་འགགས་ན་ཆུ་སྨན་རྒྱ་སྡིག་གསེར་ལྩམ་སྦྱར་ལ་ནི་རུས་དྲང༌། །ནང་རྩ་བཅུ་གསུམ་ཆོད་ན་དྲི་ཆུ་སྡོམ། །ཡན་ལག་གཅུད་ལ་བོར་ཆམ་ལ་བསྐྱུར་བ་སྟེ་རང་དབང་མེད་པའི་དོན་སྙམ་ལོག་པར་འཛིན། །ཁ་ཁ་ལྕེ་སྐམ་གདོང་སྣུམ་མིག་སྤྲིན་སེར། །མགོ་འཁོར་ཟས་སྐྱུག་སྨན་པ་མཁས་ཀྱང་བཅོས་སུ་མེད་དེ་འཆིའོ། །མདུན་གྱི་རྒྱངས་ཤ་ལས་བྱེད་ཆོད་པ་ན། །ཨ་ས་ཟན་དྲོན་འོལ་སྐོམ་རྩམ་པ་མར་ལ་བཙོས་པ་མར་ཚིལ་དྲོད་བབ་མནན། །ཧྲེམ་ན་རེངས་པ་ཨ་ས་ཟན་དྲོན་བ་དང་རྒྱ་ཚོས་ལུམས་བྱ། །ཧྲེམ་མེད་སྐྲངས་ན་གོང་གི་ཆ་ས་དང་འདྲ། །ཨོལ་གོང་དང་མིད་པ་རྐེད་དུ་ཆད་ན་འཆི། །གཤགས་ན་མཁྲིས་པ་བཏབ་ལ་རྒྱུས་པས་བཙེམ། །སྐྱི་དཀར་སྤྱིན་ཆུ་བག་འདག་ཕྱིང་པ་ལྟེམ། །ཟས་སྐོམ་བསིལ་ལ་འཇམ་པའི་ནུར་ཐུག་བཏང༌། །ཨོལ་གོང་ནི་རླུང་ཤོ་བའི་ཐད་སྐྲངས་ན་དཀར་ནག་མཚམས། །མེ་ལོང་འོག་གི་རྩ་སྔོན་བུ་དང་སྤྱི་གཙུག་གསེར་གྱིས་བསྲེག་པར་བྱ། །ལྟག་པའི་ཆུ་བ་ལེབ་མོར་ཆོད་ན་འཆི་བ་ཨ་ཅང་ཆེ། །གཤགས་ཀྱང་ཕོག་སྔ་འགྱེལ་སྔར་འགྲོ་བ་ཡིན། །ལུས་པོ་ཐག་པས་བསྡོམས་པ་ལྟར་གཅུད་ལ་བོར་བ་སྟེ་རོ་ཚོར་དྲོད་མེད་པ་འདྲ། །མཁྲིས་སྣ་རྡོ་རྒྱུས་ཤུ་དག་ཨ་རུའི་ཐལ། །ཁུར་ཞོ་སྔོ་ཁུར་མོང་གི་འོ་མ་ཁྱེའུས་འཐུང་བའི་ནུ་ཞོའི་ལྡེ་གུ་ཡིས། །ཆུ་བའི་ཉྭ་གཡོག་འདོད་འཇོར་གཞན་དུ་ཆུ་བའི་ཉ་གཡོག་ཅེས་ཀྱང་འབྱུང་སྟེ་དོན་ལྡེ་གུས་ཆུ་བའི་གོང་འོག་གཉའ་བའི་ཤ་ཐམས་ཅད་གཡོག་ནས་ཆུ་ལེབ་རང་ལུགས་སུ་བཞག་པ་ཞེས་འབྱུང་ངོ་སྐྱི་དཀར་ལ་སྤྱིན་ཆུས་བསྐུས་པས་ལྟེམ་མོ། །རྨ་ཡི་འཇིབ་རྩིར་ཕྲུམ་སར་ཤང་མ་བཏབ་པར་བྱ། །ཉལ་འདྲེས་མི་བྱ་ཙོག་གེ་བསྡད་ལ་གསོ། །མདོར་ན་རུས་པ་གང་བསྣད་པ་རྣམས་མགོ་ཡི་ཚུལ་དུ་བཅོས། །རྩ་གཉན་གང་བསྣད་པ་བྱང་ཁོག་གི་ཚུལ་དུ་བཅོས་པར་བྱ། །ཤ་དང་ཆུ་རྒྱུས་གང་བསྣད་པ་ཡན་ལག་གི་ཚུལ་དུ་བཅོས། །རླུང་རྩ་སོགས་བསིལ་འཇིབ་དྲགས་ན་དྲི་ཆུ་སྡོམ་པར་བྱེད། །དྲོད་ལུམས་ཁྲག་རྩ་སོགས་ལ་དྲགས་ན་རྩ་ཁ་འབུ་བར་བྱེད། །མེ་བཙའ་དྲགས་ན་ཆུ་རྒྱུས་འཁུམས་པས་ན། །དེ་ཕྱིར་འཇིབས་ལུམས་བསྲེག་པ་གསུམ་ག་འཛོམ་པ་ལ་བསིལ་དྲོད་སྙོམས་པར་བཅོས་སོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐེའི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།