སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གྱ་དགུ་པ། རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

 ལེའུ་བརྒྱད་ཅུ་གྱ་དགུ་པ། དངོས་སམ་རང་བཞིན་དུག་གསོ་བ་ལ་གཉིས། སྤྱི་དོན་དང་གཞུང་དོན་གཉིས་སོ། །དང་པོ་ནི། སྤྱིར་གནོད་པའི་ལས་བྱེད་པ་ལ་ཉེས་པ་དང་དུག ཕན་པའི་ལས་བྱེད་པ་ལ་བདུད་རྩི་དང་སྨན་ཞེས་བཏགས་ཤིང་བཏགས་སྣང༌། གོམས་པ་ལས་དེ་ལྟར་དུ་སྣང་ཡང་རྣམ་པ་ཐམས་ཅད་དུ་མི་འགྱུར་བ་ནི་མ་ཡིན་ཏེ། དཔེར་ན། དུག་ཏུ་གྲགས་པའི་བཙན་དུག་བསྟེན་ཤེས་ན་ནད་སེལ་འཆི་མེད་ཀྱི་བདུད་རྩིར་གནས་པ་དང༌། གསོས་སུ་གྲགས་པའི་འོ་མ་སྦྲུལ་ལ་དུག་དངོས་དང༌། འགྱུར་བ་དང་གྲོགས་ཀྱི་དབང་གིས་གྱུར་དུག་ཏུ་འགྱུར་བ་ལྟར་རོ། །དེས་ན་བསྟེན་ཤེས་མ་ཤེས་དང་གོམས་མ་གོམས་ཀྱི་རྟེན་འབྲེལ་གྱིས་ལན་གནོད་ཀྱི་ནུས་པ་འབྱིན་པ་ནི་དངོས་པོ་དང་བྱ་བ་ཐམས་ཅད་ལ་ཁྱབ་པར་གནས་ཤིང་ཐམས་ཅད་དུག་དང་སྨན་གཞི་ཐུན་མོང་པ་ཡིན་པས་དེའི་ཕྱིར། མངོན་ཤེས་སྤྱན་ལྡན་རྣམས་ཀྱིས་གསོ་བ་དང༌། གསོ་བ་མ་ཡིན་པ་དང༌། འཕེལ་འགྲིབ་ཀྱིས་ཐབས་འཕྲུལ་དུ་མ་མཛད་པ་ཡིན་ནོ། །འོན་ཀྱང་དུག་ཏུ་བཞག་པ་ནི། དངོས་སམ་གྱུར་པའམ་སྦྱར་བ་འདི་དག་ལ་ནུས་པ་ལྷག་པར་ཡོད་པ་རྣམས་ཀྱིས་མི་ལུས་ལ་མཐུན་པའི་ལས་བྱེད་པའི་ཁམས་མ་རུངས་པར་བྱས་ཤིང་ལོག་པར་བསྒྱུར་ཏེ། དཔའ་བོའི་སྙིང་པོ་བསྡུས་པར། རྣོ་དྲོ་རྩུབ་ཅིང་དང་བ་དང༌། །ཁྱབ་ཅིང་མྱུར་གསོད་ཡང་བ་དང༌། །འདར་ཞིང་ཕྲ་ལ་རོ་མི་གསལ། །འཇུ་བར་མི་བྱེད་པ་ཡིན་ནོ། །རྣོ་སྩོགས་ཡོན་ཏན་དང་ལྡན་པས། །དེ་ནི་མདངས་ལས་ལོག་པ་ཡིན། །ཞེས་སོ། །མདངས་ཀྱི་ཡོན་ཏན་ནི་གང་ཞེ་ན་བཤད་རྒྱུད་དུ། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ། །སྙིང་ལ་གནས་ཤིང་ལུས་ཀུན་ཁྱབ་པ་དང༌། །ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་བྱེད། །ཅེས་པ་འདི་དང་དུག་གི་མཚན་ཉིད་རྣམ་གྲངས་ནི་རྣོ་བ་ལ་སོགས་པ་འདི་དག་དང་གོ་ལོག་ཅིང་མི་མཐུན་བས་འཇོམ་པར་ལྟར། གཞན་ཡང་སྡུག་བསྔལ་བསྐྱེད་པས་ཀྱང་དུག་ཏུ་བཞག་སྟེ། དེ་ཉིད་དུ། དེ་མཐོང་འགྲོ་བ་སྡུག་བསྔལ་འགྱུར། །དེས་ན་འདི་ནི་དུག་ཅེས་བྱ། །ཞེས་སོ། །དུག་གི་འབྱུང་ཁུངས་འོག་ཏུ་བཤད་པ་རྣམས་ཀྱང༌། དོན་དམ་པར་ནི་རང་གི་སེམས་སྤྲོས་བྲལ་གྱི་སྣང་རིག་གི་ཆ་ལ་བཟུང་འཛིན་དུ་འཁྲུལ་ནས་བདག་གཞན་དངོས་འཛིན་ཀྱི་ཀུན་རྟོགས་ལ། ལས་དང་བག་ཆགས་ཀྱི་མཐུ་ཇེ་ཆེར་འཕེལ་བའི་རྟེནའབྲེལ་སྒྱུ་མ་རྨི་ལམ་ལྟར་སྣོད་བཅུད་བེམ་རིག་སྣ་ཚོགས་སུ་འཆར་བ་ལས་བྱེད་པོ་གཞན་མེད་པར་རང་བཞིན་སྟོང་པའི་རྣམ་འགྱུར་ཡུལ་མེད་རང་གསལ་ལ་བློས་བྱས་ཀྱི་སྤྲོས་པས་དབེན་མོད། དེའི་ཕྱིར་སྟོང་ཆེན་རབ་འཇོམས་སུ་ཡང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཞེས་དང༌། འདུལ་བར་ཡང༌། ཁྱིམ་བདག་ངས་ནང་གི་དུག་བཅོམ་པས། ཕྱིའི་དུག་གི་གནོད་པར་མི་ནུས་སོ། །ཞེས་གསུངས་སོ། །འོན་ཀྱང་དེ་ལྟར་མ་གཏོགས་པའི་སེམས་ཅན་རྣམས་ལ་ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས་ཕན་བདེའི་ལམ་ལ་རིམ་གྱིས་དང་གཅིག་དང་ཅིག་ཅར་དུ་བཀྲི་བར་མཛད་པ་སྟེ། སྨན་བླའི་མདོར། སེམས་ཅན་གང་དག་བཀྲེས་པ་དང་སྐོམ་པས་ཡོངས་སུ་གདུངས་ཏེ་ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ་སྡིག་པའི་ལས་བྱེད་པ་དེ་དག་ལ་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ནས། ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག ཅེས་པ་སོགས་ཀྱིས་རིགས་སོ། །གསོ་བ་པོས་ཀྱང་ཚོགས་གཉིས་ལ་བརྟེན་ནས་རྣམ་མཁྱེན་སངས་རྒྱས་འཐོབ་པར་བྱ་དགོས་ཏེ།

        དུས་འཁོར་འགྲེལ་ཆེན་དུ། དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སེམས་ཅན་ལ་ཕན་གདགས་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱིར་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །འདི་དག་ཀྱང་མཐའ་གཅིག་ཏུ་འཛིན་པ་གསལ་བའི་ཕྱིར་ཤུགས་བསྟན་གྱི་དགོངས་པ་བརྗོད་པ་ཡིན་པས་གཞུང་ལ་བརྒལ་བ་ནི་མ་ཡིན་ཏེ། གང་ལ་གང་འདུལ་དེ་ལ་དེ་སྟོན་གྱི་ཆ་ནས་ཐམས་ཅད་རྒྱལ་བ་རྣམས་ཀྱི་ཕྲིན་ལས་སུ་ངེས་པ་དང༌། ཁྱད་པར་གནས་སྐབས་ཀྱི་བདེ་སྡུག་ཐམས་ཅད་རག་ལས་པས་རིག་བྱེད་ལས་བྱུང་བ་ལྟར་སྔོན་གྱི་དྲང་སྲོང་རྣམས་ཀྱི་བཀྲལ་བ་ཚད་མར་བྱེད་དོ། །གཉིས་པ་གཞུང་དོན་བཤད་པ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་ལ་གསུམ། སྤྱི་སྡོམ་མདོར་བསྟན་པ་དང༌། བྱུང་ཁུངས་དང་བཅས་ཏེ་དབྱེ་བ་བརྗོད་པ་དང༌། དེ་དག་རྟགས་བཅོས་རྒྱས་པར་བཤད་པ་གསུམ་མོ། །དང་པོ་ནི། རང་བཞིན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་སྦྱར་གྱུར་མི་འཕྲོད་པ་སྟེ་གློ་བུར་གྱི་དུག་མ་ཡིན་པར། ཐོག་མ་ནས་དེའི་མཚན་ཉིད་འཛིན་ཅིང་དེའི་བེམ་པོར་གྲུབ་པ་རང་བཞིན་གྱི་དུག་ལ་གཉིས། སེམས་ལྡན་འགྲོ་བ་ལས་ཡོད་པ་རྒྱུ་བ་དང༌། སེམས་མེད་བེམ་པོ་ལ་ཡོད་པ་མི་རྒྱུ་བ་གཉིས་སོ། །གཉིས་པ་ལ་གཉིས། འབྱུང་ཁུངས་སྤྱིར་བསྟན་པ། བསྡུས་དོན་གཞུང་དུ་བསྟན་པའོ། །དང་པོ་ནི། ཕྱི་རོལ་པའི་རིག་བྱེད་དུ་བྱུང་བ་སློབ་དཔོན་དཔའ་བོའི་སྙིང་པོ་བསྡུས་པར། སྔོན་ནི་ལྷ་དང་ལྷ་མ་ཡིན། །བདུད་རྩི་འདོད་པས་བསྲུབས་པ་ནི། །བདུད་རྩི་འབྱུང་བའི་སྔོན་རོལ་དུ། །སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས། །མཆེ་བ་བཞི་པ་གཟི་བརྗིད་འབར། །སྐྲ་སེར་མིག་ནི་མེ་འབར་བ། །དེ་མཐོང་འགྲོ་བ་སྡུག་བསྔལ་གྱུར། །དེས་ན་འདི་ནི་དུག་ཅེས་བྱ། །ཚངས་པས་ཧཱུཾ་ཞེས་བརྗོད་པ་དང༌། །སླུ་བའི་བདག་ཉིད་ཅན་སྤངས་ཏེ། །གཟུགས་དེ་རྒྱུ་དང་མི་རྒྱུ་བའི། །གཟུགས་ལ་དེ་ནི་ཞུགས་པར་གྱུར། །བརྟན་དུག་ནུས་པ་མི་བཟད་པ། །སྡོང་བུ་ལ་ནི་གནས་པ་གང༌། །ཀ་ལ་ཀུ་ཏྲ་དབང་པོའི་བུ། །བཙན་དུག་ཧ་ལ་ཧ་ལ་སྩོགས། །རྒྱུ་བའི་དུག་ནི་མི་བཟད་གྱུར། །ལ་དང་བ་དང་མཆེ་བ་ཅན། །རྒྱུ་བ་དང་ནི་མི་རུང་བ། །བཅོས་མ་མ་ཡིན་དུག་ཏུ་བཤད། །བཅོས་མ་སྣ་ཚོགས་སྨན་ལས་ནི། །སྦྱར་བས་སྦྱར་བའི་དུག་ཅེས་བྱ། །དེ་ཡིས་སྦྱར་བའི་དབང་ལས་ནི། །ཤིན་ཏུ་རིང་བས་བསོད་པའམ། །སྐྲངས་དང་སྐྱ་རྦབ་དམུ་རྫིངས་དང༌། །སྨྱོ་བྱེད་གཞང་འབྲུམ་ལ་སོགས་བསྐྱེད། །ཅེས་སོ།།

        གཉིས་པ་དེ་དོན་གཞུང་དུ་མདོར་བསྟན་པ་ནི། སྔོན་གྱི་ཞེས་རྐང་པ་དགུས་བསྟན་ཏེ། དེ་ཡང་སྔོན་བྱུང་བ་བཤད་པ་ལ་གནས་དང་པོ་སྔོན་གྱི་དུས་སུ། རྒྱ་མཚོ་ཆེན་པོའི་དབུས་ན་འཆི་མེད་ཀྱི་བཅུད་དམ་བདུད་རྩི་བུམ་པ་གང་ཡོད་དོ་ཞེས་གྲག་གོ །དེར་ལྷ་དང་ལྷ་མ་ཡིན་རྣམས་བདུད་རྩི་དེ་འདོད་ནས་ལེན་པར་བརྩམས་ཏེ། རི་རབ་ཀྱིས་སྲུབས་ཤིང་བྱས་དྲང་སྲོང་མུ་ཁྱུད་འཛིན་ལུས་སྦྲུལ་དུ་བྱས་ནས་སྲུབས་ཐག་བྱས་རྒྱ་མཚོ་བསྲུབས་པ་ལས། ཐོག་མར་ཟླ་བ་དོན་ཏེ་ལྷ་དབང་ཕྱུག་གིས་ལན་ཚར་བྱས། དེ་ནས་རྟ་ཐོར་མཐོས་དང་གླང་པོ་ས་སྲུང་ཐོན་པ་བརྒྱ་བྱིན་གྱི་བཞོན་པ་བྱས། ལྷ་མོ་དཔལ་མོ་ནོར་བུ་ཀོ་སྟུ་བྷི་ཐོན་པ་ལྷ་རྣམས་ཀྱིས་སྤྱི་ནོར་བྱས། དེ་ནས་ཡང་བསྲུབས་པས་བདུད་རྩིའི་སྔོན་དུ་སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས་ཅན་སྐྲ་སེར་བ་མིག་ནས་མེ་འབར་བ། མཆེ་བ་བཞི་གཙིགས་པ་ཞིག་ཐོན་པས་ལ་ལ་སྨྱོ་ལ་འབོག ལ་ལ་དུག་གིས་བཏབ་ནས་འགྲོ་བ་སྡུག་བསྔལ་བར་གྱུར་པས་དེ་ལ་དུག་ཅེས་བཏགས་སོ། །དེ་ཚེ་ཐམས་ཅད་ཀྱིས་ཚངས་པ་ལ་ཞུས་པས། ཚངས་པས་སྔོན་ཐུབ་པ་ཆེན་པོས་བདུད་རྩི་འབྱུང་བའི་སྔོན་དུ་དུག་ཧ་ལ་ཧ་ལ་ཞེས་པ་འབྱུང་བས། དེ་ལ་ཧཱུཾ་རིང་གིས་སྡིགས་ཤིག་ཅེས་གསུངས་པ་དྲན་ཏེ་ཧཱུཾ་ཞེས་ཐམས་ཅད་ཀྱིས་བརྗོད་པས། དུག་གི་གཟུགས་དེ་སྤྲ་ཡས་སུ་ཞིག་ཅིང་འཐོར་ཏེ། མི་གཡོ་མི་རྒྱུ་བ་བརྟན་པའི་དུག་རྣམས་དང༌། གཡོ་ཞིང་རྒྱུ་བ་སྲོག་ཆགས་ལ་ཞུགས་ཤིང་ཐིམ་པར་གྱུར་པ་ལས། དེ་ཡང་མི་རྒྱུ་བ་ནི་བཙན་དུག་གི་རིགས་རྣམས་དང༌། ཐང་ཕྲོམ་བསེ་ཤིང་རྟ་སྤུ་སོགས་བརྟན་པའི་དུག་མཐའ་དག་གོ །རྒྱུ་བ་ནི་ཁྱི་དང་སྦྲུལ་ལ་སོགས་མཆེ་བ་ཅན་དང༌། སྡིག་པ་སྲིན་བུ་བ་དུག་དང་སོགས་ཁོངས་སྲོག་ཆགས་ཀྱི་དུག་མཐའ་དག་གོ །ཡང་འཕྲོས་ཏེ་བཤད་ན། དེ་ནས་བདུད་རྩི་བུམ་པ་གང་ཐོན་པ་དེ་ལྷ་དང་ལྷ་མིན་རྣམས་བགོས་ཏེ་བཏུང་བར་བྱའོ། །ཞེས་བགྲོས་ནས་ཚོགས་སུ་ཁྱབ་འཇུག་བྲན་དུ་བཅུག་པ་ལས་ཁྱབ་འཇུག་གིས་བདུད་རྩི་ཁོ་རང་གིས་འཐུང་ན་མཐུ་ཆེ་བར་བསམས་ནས་བཏུང་རུང་ནམ་མཁར་བྲོས་པ་ལས། ཚངས་པས་འཁོར་ལོ་འཕངས་པས་ཁྱབ་འཇུག་གི་སྐེ་བཅད་པས་བདུད་རྩིའི་ཐིགས་པ་ས་ལ་ལྷུང་བ་ལ་ཨ་རུ་ར་བྱུང༌། བདུད་རྩིའི་ཐིགས་པ་ཁྲག་དང་འདྲེས་པ་ས་ལ་ལྷུང་བ་ལས་སྒོག་པ་བྱུང་ཞེས་གྲག་གོ །དུག་གི་སྨན་རྣམས་ཀྱི་སྔོན་བྱུང་ཀྱང་ལྕང་ལོ་ནག་པོའི་རྒྱུད་དུ། འགྲོ་བ་དུག་གིས་ཉེན་པ་གཟིགས་ནས། ལྷ་དབང་ཕྱུག་ཆེན་པོས་རི་རབ་ཀྱི་རྩེ་ལ་བྱོན་ནས་བདུད་རྩི་བུམ་པ་གང་ལ། ཧ་ལ་ཧོས་སི་ཀྲུག་ལེ་ཧྲིའཿཞེས་པའི་སྔགས་བཏབ་སྟེ། ཡོངས་འདུའི་ལོ་མས་གཏོར་བ་ས་ལ་སྨིན་ནས་སྨན་དུ་གྱུར་ཏོ། །ཞེས་འབྱུང་ལ། མྱང་འདས་ལས་ནི། རི་བོ་གངས་ཅན་ལ་སྨན་རྩ་བ་མེད་པ་ཞེས་བྱ་བ་ཞིག་ཡོད་པ་དེའི་མཐུ་ལས་རྩི་སྨན་ཐམས་ཅད་སྐྱེ་ཞིང་འཕེལ་བར་གསུངས་སོ།།

        གསུམ་པ་རྟགས་བཅོས་རྒྱས་པར་བཤད་པ་ལ། མི་རྒྱུ་བའི་རྟགས་བཅོས་དང༌། རྒྱུ་བའི་རྟགས་བཅོས་སོ། །དང་པོ་མི་རྒྱུ་བའི་རྟགས་བཅོས་ལ་གསུམ། བོང་ང་རྐྱང་པའི་རྟགས་བཅོས། ཐང་ཕྲོམ་དཀར་ནག་གི་རྟགས་བཅོས། བསེ་ཤིང་དང་རྟ་སྤུའི་རྟགས་བཅོས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། དེ་ཡང༌། མི་རྒྱུ་བའི་དུག་ལ་བོང་ངའི་རིགས་ཞེས་པ། རྗེ་ཟུར་མཁར་བས། དེ་དུག་ལྔའི་རང་གཟུགས་ཀྱིས། །བྷི་ཥ་མུ་ལ་པཉྩའི་མདོག །དཀར་སེར་དམར་སྔོ་ནག་པོ་ལྔ། །ཞེས་པས་དཀར་པོ་མེ་ཏོག་བོངས་རིང༌། རྟ་གསོད་པའམ་འཛིན་པའོ། །སེར་པོ་མེ་ཏོག་སེར་མཛོ་སྣ་བོང་དུག་པ་འབྲི་ཚིལ་མའོ། །དམར་པོ་མེ་ཏོག་དམར་དངུལ་ཆུ་འཆིང༌། སེང་ཀི་ཞེས་སོ། །སྔོན་པོ་མེ་ཏོག་སྔོ་ཕུང་པོ་ཅན་ར་དུག་པའོ། །ནག་པོ་མེ་ཏོག་སྔོན་པོ་གཅིག་འགྲེང་བོང་ནག་སྒྲོག་འགྲོལ་ཞེས་སོ། །འདི་དག་མོན་སོགས་ནས་འོང་བས་བཟང་ལ། འདིར་སྐྱེས་པ་ཅུང་ཟད་ངན་ནོ། །ཡང་ཕྱི་འཛིམ་ནང་འཛིམ་གསང་འཛིམ་གྱི་ཐ་སྙད་ཀྱང་གསུངས་སོ། །དེ་དག་གྲོགས་མེད་པ་རྐྱང་པར་སོང་རྟགས། གྱེན་ལ་རློན་པ་ནི་གྱེན་ལ་སྐྱུག་པའོ། །དུག་སྡུད་ཅིང་འཛིན་པའི་ཆུ་ནང་བཅིང་ངམ་སྟེང་ནས་རྒྱུན་དུ་བླུགས་པ་ནི། ཆུ་གྲང་ནང་དུ་ཞུག་པའམ་ལྟོ་བར་དྲོད་ཆུ་བཅིང་བསམ་སྟེང་ནས་ཆུས་རྒྱུན་བླུགས་པའོ། །དེ་རྗེས་བུལ་ཏོག་ཡུང་བ་ཨ་རུ་ར་ཞེས་སོགས་ཀྱིས་ཐུན་ཚད་ལ་བུལ་ཏོག་སྒོང་ལྐོག་གང་ངམ་དོ། ཨ་རུ་ར་གཅིག ཡུང་བ་མདོག་འགྱུར་ཙམ་ཞིབ་བཏགས་ཆང་སྦྱར་བླུད། ཡང་ན་ཨ་རུ་ར་གསེར་མདོག་བདུན། བོང་དཀར་དང་ཧ་བོའི་རྩ་བ་མེ་ཏོག་གང་རིགས་ཨ་རུ་ར་གཅིག་གི་ཚད་དྲི་ཆུས་སྦྱངས་བ་གཏང་ཞེས་རྫོང་འཕྲང་དུ་འབྱུང་ངོ༌། །སྔགས་ཀྱི་ངར་བཏགས་པ་ནི། ཨོཾ་ཀྲུག་ལེ་ཧྲིཿཁ། ཞེས་པ་ཅི་མང་བཟླས་ལ་བཏབ་བོ། །མི་མཁས་རྨོངས་པས་བོང་ང་རྐྱང་འདེད་བྱེད། །སྨན་གྱིས་དུག་དེད་སྲོག་རྩར་ཤོར་ཏེ་གསོད། །ཅེས་པས་མི་མཁས་རྨོངས་པས་བོང་ངའི་དུག་ལ། བསྡུ་འཛིན་སོགས་མི་ཤེས་པར་གཉེན་པོས་རྐྱང་འདེད་བྱེད་པ་ནི་སྨན་གྱིས་དུག་དེད་ནས་སྲོག་རྩར་དུག་ནུས་ཤོག་ཏེ་གསོད་པའོ། །དེ་བས་མན་ངག་འདི་དང་ལྡན་ན་ལས་དབང་མིན་པ་འཚོ་ངེས་སོ། །གཉིས་པ་ཐང་ཕྲོམ་དཀར་ནག་གི་རྟགས་བཅོས་པ་ནི་ཐང་ཕྲོམ་ཞེས་རྐང་པ་ལྔས་བསྟན་ཏེ། ཐང་ཕྲོམ་དཀར་པོ་ལ་ཕན་པ་ཀུན་ལྡན་ཁ་ཤོག་པ་ད་དྷུ་ར་སིད་དྷ་མཱུ་ལ་སོགས་མིང་མང༌། ནག་པོ་ལ་ཐང་ལྡུམ་པ་ཟེར་ཏེ། དེ་གཉིས་རྐྱང་པར་སོང་ན་ནད་མེད་ཀྱང་ལུས་སྟོབས་ཤོར་ནས་གོམ་པ་གཏད་སར་མི་འགྲོ་བར་འཁྱམ་ཞིང་འཁྱོལ་བའམ་འཁྱོམ་པར་བྱེད་པའོ། །གསུམ་པ་བསེ་ཤིང་རྟ་སྤུའི་རྟགས་བཅོས་ནི་བསེ་ཤིང་ཞེས་རྐང་པ་ལྔས་བསྟན་ཏེ། འདི་ལ་སྤྱི་དོན་ཚིག་དོན་གྱི་སྒོ་ནས་སྲུང་བ་དང་གསོ་བ་གཉིས་ལས། དང་པོ་ནི། རྫོང་ཕྲང་དུ། གསུང་བའི་ཐབས་ནི་འདི་ལྟར་བྱ། །གླ་རྩི་མཚེ་དང་གོང་མོའི་བྲུན། །རྟ་ཡི་རྐང་མར་ར་ཡི་ཚིལ། །ཞག་གསུམ་ལྕགས་ཀྱི་སྣོད་དུ་མནན། །སྤྱི་གཙུག་སྨིན་དབྲག་སྙིང་ཁ་དང༌། དབང་པོ་སྒོ་ལྔའི་བུ་ག་དང༌། །ཤ་གཉན་རྩ་གཉན་རྣམས་ལ་བྱུགས། །བྱུག་པ་ཐེངས་རེ་ཟླ་རེ་ཐུབ། །ཡང་ན་རང་རེ་སང་མལ་དུ། །ར་ཚིལ་རྒྱ་སྤོས་བུ་རམ་སྦྱར། །དེ་ཡིས་དགུ་བྱུགས་སྲུང་བའི་མཆོག །ཅེས་སོ། །གཉིས་པ་གསོ་བའི་བསེ་ཤིང་ནི། བསེ་ཤིང་ལ་རིགས་དཀར་ནག་གཉིས་ལས། བསེ་དཀར་ཀྱི་ཞོ་ནི་ཤྲི་ཁནྜ་ཡིན། འདིའི་བཅོས་རྒྱུ་ནི་བསེ་དམར་རམ་བསེ་ནག་ལ་བསེ་དུག་གོ །རྟ་སྤུ་ཞེས་པ་ནི་རྟ་ངང་པ་གསེབ་ཀྱི་སྤུ་དབྱར་དུས་མིའི་ཁོང་པར་སོང་སྟེང་དུ་ཆང་སྐྱུར་བཏུངས་ཤིང་ལུས་བྲེལ་བས་འཁྲུགས་པ་ན། རྟ་སྤུ་རྣམས་འབུར་གྱུར་ནས་ནང་ཁྲོལ་ཟ་བ་ཡིན་ཏེ་ཚུལ་འདི་སྤུ་དུག་གམ་རྟ་སྤུ་བ་ཞེས་པའི་དུག་གོ །དེ་གཉིས་ནི་རེག་དུག་ཅེས་ཆེ་ཞིང་རྟགས་འདྲ་ཡང་ར་ཤ་ར་ཁྲག་དྲི་ཆུ་ཡིས་བསེ་ཤིང་འཇོམས་ལ། འབྲུ་མར་ཕག་ཚིལ་གྱིས་རྟ་སྤུ་འཇོམས་སོ། །གཉིས་པ་རྒྱུ་བའི་དུག་གསོ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཁྱི་དུག་དང༌། སྦྲུལ་དུག་དང༌། སྡིག་པའི་དུག་དང༌། སྲིན་བུའི་དུག་དང༌། བ་ཡི་དུག་དང་ལྔའོ། །གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ཁྱི་དུག་ལའང་གཉིས་མདོར་རྒྱས་སོ།།

        དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཁྱིའི་དུག་གི་མཚན་ཉིད་དང་རྟགས་དང༌། གསོ་བའི་ཐབས་དང་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ནི། མཚན་ཉིད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། ཐོག་མར་ཁྱི་རང་ལ་དུག་འཇུག་ཚུལ་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་ཁྱི་དུག་བད་ཀན་ཤས་ཆེ་འཁྲུགས་སོ། །འདུ་ཤེས་རྒྱུ་བའི་རྩ་ནང་གནས། །གནོད་ཅིང་འཁྲུག་པར་བྱེད་པ་དང༌། །ལུས་ཟུངས་ལ་ནི་མི་བཟད་གནོད། །ཅེས་པ་འདིའི་དུག་ཡོད་པའི་མཚན་ཉིད་ནི། ཁྱི་དེའི་རྣ་བ་འོན། མིག་ལོང་བ་ལྟར་གྱ་ཚོམ་འགྲོ་སྟེ་སྨྱོ་བའི་དོན་ནོ། །གཉིས་པ་དེའི་སོས་ཟིན་པའི་རྟགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེའི་མཆེ་བའམ་སོ་ཡིས་ཟིན་རྟགས་ལ་གསར་པ་དང་རྙིང་པ་གཉིས་སོ། །དང་པོ་ནི། གསར་དུས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ར་རི་འོང་ཞེས་པ་སྨུག་ཐིག་དང་ནག་ཐིག་ཅན་འོང་བའོ། །རྨེན་བུ་ཆགས་ཞེས་པ་ཤ་ཏྲེབ་བུ་རོའི་རྨེན་བུ་འདྲ་བ་ཆགས་པའོ། །གཉིས་པ་ནི་རྙིངས་ནས་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་བཅོས་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་གསར་དུས་བཅོས་པ་དང་རྙིངས་དུས་བཅོས་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནི། སོས་ཟིན་ཞེས་རྐང་པ་ཉེར་གཉིས་ཀྱིས་བསྟན་ཏེ། ལྡང་ངམ་མི་ལྡང་གི་བརྟག་པ། བར་མཆན་དུ་གསུངས། འོག་གི་གཉེན་པོ་ནི། གི་ཝཾ་ཛཱ་ཏི་ཕ་ཝང་ལོང་བུ་ཞེས་པ་དེའོ། །མཆེ་བ་བྲང་ཀྲད་དང་དུད་པ་དྲི་ཆུ་སྦྱར་ཞེས་པ། ཁྱི་དེ་རང་གི་མཆེ་བ་བྱུང་ན་རབ། དེ་མིན་ཁྱི་སྨྱོན་གང་བྱུང་གི་མཆེ་བ་དང་ལྷམ་ཀྲད་རྙིང་པ་ཐེབ་ཙམ་བསྲེགས་པའི་ཐལ་བ་དང་དུད་པ་བྱ་བལ་མ་རྣམས་ལོ་བརྒྱད་དྲི་ཆུ་ལ་སྦྱར་ནས་བཏང་སྟེ་དུག་ཞེན་པ་བླང་ངོ༌། །རྒྱ་སྤོས་ནི་སྔོ་རྒྱ་སྤོས་ཏེ་ཁ་ཅིག་སྔོ་འདྲེ་ཤིག་ཟེར་བ་དེའོ། །པ་ཋ་ཞེས་གྷ་ན་ད་པ་ཏྲ་སྟེ་གུ་ཡུའོ། །གཉིས་པ་ནི། ཞག་བཅུ་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། དེ་ཡང་ཁྱི་དུག་ཕོག་ནས་མ་བཅོས་པར་ཞག་བཅུའམ་ཟླ་བའམ་ལོ་ལོན་ནས་ལངས་པའི་རྟགས་དང་ལྡན་ན། ཁྱི་དུག་སྙིང་ལ་ཟིན་པ་ཡིན་པས་སྨན་གྱིས་ཐུབ་དཀའ་བས་ཚིགས་པ་དྲུག་པ་དང་བདུན་པར་མེས་བསྡམ་མོ། །རྒྱ་སྣེ་ཞེས་པ་སྔོ་སྣེའུ་ཆེ་བ་ལོ་མའི་རྒྱབ་དམར་བ་དེའོ། །ཕ་ཝང་ལོང་བུ་གསུམ་ནི་དཀར་པོ་གྲུ་བཞི། སེར་པོ་གྲུ་བཞི། སྨུག་པོ་ནས་འདྲ་ཟུར་མང་གསུམ་མོ། །ཉ་ལྕིབས་ཞེས་པ་ཆུ་ཀོ་མོའི་ཁར་ཆགས་པའི་ཡུལ་སྐད་ཁ་ཅིག་ཆུ་བལ་ཟེར་བ་དེའོ། །སྤྱོད་ལམ་ནི་མེ་ལོང་ལ་བལྟ་བ་དང༌། ཁྱི་སྐད་ཐོས་པ་དང་ཆུ་བརྒལ་བ་དང་ཞེ་སྡང་དྲག་པོ་རྡོས་སྤང་བར་བྱའོ། །གཞན་ཡང་རྫོང་འཕྲང་དུ་ཁྱི་དུག་གིས་ཤི་ན་ངན་སོང་དུ་འགྲོ་བར་གསུངས་པས་གསོ་ཐབས་ལ་འབད་དོ། །གཉིས་པ་སྦྲུལ་དུག་གསོ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྦྲུལ་དུག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྦྲུལ་དུག་དེའི་མཚན་ཉིད་དང༌། དེས་ཟིན་པའི་རྟགས་དང་བཅོས་ཐབས་བསྟན་པ་སྟེ་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས།

        དང་པོ་ནི། མཚན་ཉིད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང༌། གདེངས་ཀ་ཅན་དང་ལུས་འཁྱིལ་བ་དང་ཁྲ་བོ་དང་གོ་དྷའི་བུ་བཞི་སྟེ་དེ་དག་གི་འདུ་བ་འཁྲུགས་པར་བྱེད་པས་མཚན་ཉིད་ཅེས་བྱ་སྟེ། དེ་ཡང་སོ་སོར་དུ། སྙིང་པོ་བསྡུས་པ་ལས། །འཁོར་ལོ་གཞོན་དང་གཡུང་དྲུང་གདུགས། །ལྕགས་ཀྱུའི་མཚན་མར་ལྡན་པ་ཡིན། །གདེངས་ཀ་ཅན་ནི་མྱུར་འགྲོ་བ། །ཐམས་ཅད་གདེངས་ཀ་ཅན་ཞེས་བྱ། །ཞེས་སོ། །ལུས་འཁྱིལ་ཞེས་པ་ལ། བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ལུས་འཁྱིལ་སྣ་ཚོགས་པ་ཡིས་ནི། །ཟླུམ་པོར་འདུག་པ་ལུས་འཁྱིལ་ཅིང༌། །རིང་ཞིང་འགྲོས་ནི་བུལ་བ་ཡིན། །ཞེས་སོ། །ཁྲ་བོ་ཞེས་པ་ལ། ཡན་ལག་བརྒྱད་པར། རི་མོ་སྣ་ཚོགས་ལྡན་པ་དང༌། སྣུམ་ཞིང་ཁ་དོག་སྣ་ཚོགས་པས། །མཆུ་ཞེང་བྲིས་གྱུར་ཁྲ་བོ་ཡིན། །ཞེས་སོ། །གོ་དྷའི་བུ་ཞེས་པ་ནི་བསྒྱུར་ན་སྐྱིན་གོར་དུ་འགྱུར་བས་ད་བྱིད་སྨུག་པོ་གངས་སྦལ་གྱི་བུ་རུ་འདོད། དེའི་མཚན་ཉིད་ནི་ཡན་ལག་བརྒྱད་པ་ལས། གོ་དྷའི་བུ་ནི་གོང་བ་ཅན། །དུག་ནི་གདེངས་ཀ་ཅན་མཉམ་ལ། །རྐང་བཞི་བོའི་སྦྲུལ་གཞན་ནི། །འདི་དག་ཉིད་ནི་འདྲེས་པ་ལས། །འདྲེན་པའི་མཚན་ཉིད་ཅན་ཏེ་དེས། །འདུས་པའི་ནད་ནི་ལྡན་པར་བྱེད། །ཅེས་བྱུང་ངོ༌། །དེ་བཞིན་འདུ་བ་འཁྲུགས་ཞེས་པར་དེ་ཉིད་དུ། མཆོག་ཏུ་ཆུས་དང་ཆ་བ་དང༌། །སྐྱར་བྲོ་མངར་བསིལ་དག་ལས་ནི། །གདེངས་ཀ་ཅན་ལ་སྩོགས་པའི་དུག །རིམས་ཀྱིས་རླུང་སྩོགས་འཁྲུགས་པར་བྱེད། །ཅེས་སོ། །དེ་དག་གི་འཛིན་པའི་རྒྱུ་རྐྱེན་ཡང༌། ཡན་ལག་བརྒྱད་པར། ཟས་ཀྱི་དོན་དང་འཇིག་པ་དང༌། །རྐང་པས་རེག་ལས་དུག་རབ་འཁྲུགས། །རྐང་གི་རྒྱུ་དང་འབྲས་པ་དང༌། །ལྷ་དང་དྲང་སྲོང་གཤིན་རྗེས་བསྐུལ། །སྦྲུལ་གྱིས་ཟིན་པར་གང་བཤད་པ། །ཕྱི་མ་བཞིས་དུ་དུག་ཤས་ཆེ། །འཇུག་པའི་རྒྱུ་ནི་ཤེས་བྱས་ནས། །གསོ་བ་ཇི་བཞིན་བྱ་བ་ཡིན། །ཞེས་གསུངས་སོ། །གཉིས་པ་རྟགས་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། རྟགས་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཟིན་པའི་ཚུལ་ལ་བརྟག་པ་དང༌། རིགས་ལ་བརྟག་པ་དང༌། དུག་གི་ཤུགས་ལ་བརྟག་པ་གསུམ་མོ། །གཉིས་པ་རྒྱས་བཤད་ལའང་གསུམ་ལས། དང་པོ་ཟིན་ཚུལ་ནི། དང་པོ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ལྟར་ཟིན་ཚུལ་དེ་ལ་ཡང་ལྕེས་ལྡག་པ་དང༌། སོས་ཟིན་པ་དང༌། བཅང་བ་དང༌། བཙིར་བ་དང་བཞི་ལས། དང་པོ་མཆུས་གནོད་པ་ལྡག་པ་ནི། ཡན་ལག་བརྒྱད་པ་ལས། ཕལ་བ་སྡིག་ཅན་ངང་ཚུལ་བས། །ལམ་བཀག་ནས་ནི་གནས་པ་ཡིན། །གང་དུ་ཁ་ཆུ་གཤེར་བ་ཙམ། །ལུས་ལ་བསྣད་པར་བྱེད་འགྱུར་གྱི། །མཆེ་བའི་རྨ་ནི་མི་མངོན་གང༌། །དེ་ནི་མཆུས་གནོད་བྱེད་ཅེས་བྱ། །ཞེས་མཆུས་གནོད་དང་ལྡག་པ་ནི་མཆེ་བ་གཅིག་ལ་རྗེས་གཉིས་མངོན། །ཁྲག་མེད་གྱུར་པ་བལྡགས་ཞེས་བྱ། །ཞེས་དང༌། སོས་ཟིན་ལ། ཤ་བཅད་ཤིན་ཏུ་ཕུག་པ་དང༌། །ཁྲག་འབྱུང་སོ་ཡིས་ཟིན་ཞེས་བྱ། །ཞེས་བཅད་པ་ལ། མཆེ་བའི་རྗེས་ནི་ཁྲག་བཅས་གཉིས། །བྱུང་ན་རྣམ་པར་བཅད་པའོ། །ཞེས་དང༌། བཙིར་བ་ལ་མཆེ་བའི་རྗེས་ནི་བཞི་སྣང་བ། །དེ་ནི་སོས་ཟིན་བཙིར་བར་བཤད། །ཅེས་བྱུང་ངོ༌། །གཉིས་པ་རིགས་ལ་བརྟག་པ་ནི། དེ་རིགས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང༌། ཟླ་ཟེར་ལས། བགྲོད་ཀར་མུན་པར་ཟུག་གྱུར་པ། །ལ་ལ་རྟོགས་པས་ཟིན་པ་དང༌། །དུག་གི་ཤུགས་དང་རློན་དང་རིམས། །རྒྱལ་བའི་ཚ་བ་རྒྱས་སྐྱེས་པའི། །ན་ཞིང་རྨོངས་བག་འཁྲུ་བར་འགྱུར། །དེ་ནི་རྟོགས་པའི་དུག་ཅེས་བྱ། །ཞེས་དང༌།

        སྐྲག་པའི་དུག་ནི། སྡར་མ་སྦྲུལ་གྱིས་རེག་པ་ལས། །འཇིགས་པས་རླུང་ནི་འཇུག་པར་བྱེད། །ལན་འགའ་སྐྲངས་པར་བྱེད་པ་སྟེ། །སྦྲུལ་གྱིས་ལུས་ནི་བཅོམས་ཞེས་བྱ། །ཞེས་དང༌། མཆེ་བའི་དུག་ནི། དུག་བཅས་ནད་ཀྱིས་ཟུག་པ་དང༌། །སྐྲངས་དང་གཡའ་དང་རིམས་བཅས་པ། །ལ་ལ་ཚ་ཞིང་རྨེན་བུར་བཅས། །ཞེས་དེ་ལྟར་རྣམ་པ་གསུམ་ཡིན་ཏེ། སྦྲུལ་དུག་ཁྲག་ལ་བརྟེན་ཏེ་ཏིལ་མཆེད་འདྲ་ཞེས་པར། ཡན་ལག་བརྒྱད་པར། སྦྲུལ་གྱི་དུག་གིས་ཁྲག་དག་ལ། །མ་བརྟེན་ལུས་ལ་གནོད་མི་བྱེད། །ཁྲག་ནི་ཅུང་ཟད་ལ་བརྟེན་ཡང༌། །ཏིལ་མར་ཐིག་པ་བཞིན་དུ་མཆེད། །ཅེས་གསུངས་སོ། །གསུམ་པ་དུག་ཤུགས་ལ་བརྟག་པ་ནི་གདེངས་ཀ་ཞེས་རྐང་པ་བཅུས་བསྟན་ཏེ། དེ་ལྟར་སྦྲུལ་དུག་གི་ཤུགས་ནི་རིམ་པ་བཞིན་དང་པོ་ནས་བདུན་གྱི་བར་ལུས་ཟུངས་ལ་ཁྱབ་པའི་རྟགས་རེ་དང་བཅས་འབྱུང་ལ། གདེངས་ཀ་ཅན་གྱི་མཆིལ་མ་ཞེས་པ་མཆིལ་མ་སྐྱུག་སྟེ་སྒུ་བར་སྐྱུག་པའོ། །བྱེ་སྙམ་ཞེས་པ་ཚིགས་རྣམས་བྱེ་བ་ལྟར་བྱེད་པའོ།༌།གསུམ་པ་གསོ་ཐབས་ནི། གསོ་ཐབས་ཞེས་རྐང་པ་བཅུ་གཉིས་ཀྱིས་བསྟན་ཏེ། རྨའི་གོང་དུ་རས་ཀྱིས་བཅིང་ཞེས་པར། སྙིང་པོ་བསྡུས་པར། མཆེ་བས་བཏབ་པའི་གོང་དུ་ནི། །སོར་བཞི་རས་ལ་རྒྱ་བྱས་པ། །སོའམ་འོད་མ་ལས་བྱས་པ། །སྔགས་ཤེས་པ་ཡིས་གྲུབ་སྔགས་བཟླས། །ཆུ་ལན་གྱེས་ནི་ཆུ་ལྟ་ན། །བཅིངས་པས་དུག་ནི་འཕྲོ་མི་འགྱུར། །ཞེས་སོ། །གསུམ་པོའི་རྨའི་བསྲེག་བྱ་ཞེས་པར་ཡན་ལག་བརྒྱད་པ། ལུས་འཁྱིལ་སོ་རྗེས་མཁྲིས་སྐྱེད་བྱེད། །ཅེས་པས། ལུས་འཁྱིལ་མ་གཏོགས་གཞན་གསུམ་པོ་རྨ་ཁ་བསྲེག འཇིབས་རྭའམ་རྔབས་རྭ་དང་ཆག་ཚང་ཀུ་བས་རྨ་ནས་ཁྲག་གཞིབ་བོ། །རྨ་དང་གང་ཉེ་གཏར་ཞེས་སྦྲུལ་དུག་གི་ཁྲག་ལ་གནས་པས་རྨ་དང་གང་ཉེ་བའི་རྩ་ལ་གཏར་ག་བྱའོ། །གུ་གུལ་བཞི་པ་དང་རྒྱ་སྤོས་ལྔ་པ་ནི། གོང་གི་ཁྱི་སྨྱོན་གསོ་སྐབས་སུ་བསྟན་པ་དེའམ་ཡང་ན། ཡན་ལག་བརྒྱད་པར། རྒྱ་སྤོས་རུ་རྟ་སྲང་དོ་དོ། །མར་དང་སྦྲང་རྩི་སྲང་བཞི་བཞི། །འདི་ཀླུ་འཇོག་པོས་ཟིན་ཀྱང་བདེ་བ་སྐྱེད་པར་བྱེད་པ་ཡིན། ཞེས་པ་འབྱུང༌། བྱེ་རུག་བཅུ་གཉིས་པའི་བྱེ་རུག་པའི་མེ་ཏོག་གཏོང་བར། ཡན་ལག་བརྒྱད་པར། བིལ་བའི་རྩ་བ་བྱི་རུག་པའི་མེ་ཏོག རྒྱ་སྤོས་ཐང་ཤིང་ཀ་རཉྩའི་འབྲས་བུ། སེར་པོ་རྣམ་གཉིས་འབྲས་བུ་གསུམ་དང་ནི། ཚ་བ་གསུམ་པོ་ར་གཅིན་ཞིབ་བཏགས་ལ། བཏུང་དང་སྣ་སྨན་མིག་སྨན་སྦྱར་བ་ཡིས། སྦྲུལ་དང་ལུ་ཏ་བྱི་བ་སྡིག་པ་སོགས། དུག་དང་དབྱིག་དུག་མ་ཞུ་གསུད་ནད། །རིམས་ནི་གདོན་གྱིས་ཟིན་པ་བདེ་བར་བྱེད། །ཅེས་འབྱུང་ངོ༌། །གཞན་ཡང༌། ཀེ་ཀེ་རུ་དང་མུ་ཏིག་མར་གད་དང༌། །བཻཌཱུརྱ་དང་རྡོ་རྗེ་མཐོན་ཀ་དང༌། །རལ་བལ་ས་བོན་དུག་གིས་གནོད་པ་སེལ། །སྦྲུལ་ལ་ཡོད་པའི་ནོར་བུ་མ་ཎི་སེ། །ནུས་པ་དང་ནི་ལྡན་པར་གྱུར་པ་ཡི། །དུག་གིས་དུག་གཞོམ་བྱ་ཕྱིར་བཅང་བར་བྱ། །ཞེས་དང༌། གླ་བ་འཁར་གསིལ་གདུགས་ཐོགས་སྦྲུལ་སོགས་བྱེར། །ཞེས་པ་ལ། ནུབ་མོའི་དུས་སུ་རྒྱུ་ཚེ་ཁྱད་པར་དུ། གདུགས་དང་འཁར་གསིལ་སྒྲ་དང་བཅས་པས་སེལ། །དྲི་ཡི་དྲི་མ་སྒྲ་ཡི་སྐད་བྱུང་ན། །སྦྲུལ་གྱི་ཚོགས་ཀྱིས་ཤེས་ནས་བྱེར་བར་འགྱུར། །ཞེས་འབྱུང་བ་ལས་ཤེས་སོ། །གསུམ་པ་སྡིག་པའི་དུག་ལ་གཉིས་རྟགས་དང་བཅོས་ཐབས་གཉིས་སོ། །དང་པོ་ནི། སྡིག་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྡིག་པའི་དུག་དགེ་བ་ནི་མེ་ལྟར་ཚ་ཞིང་ན་ལ་མདོག་དམར་སྐྱ་རི་མོ་ཅན་མཆེད་སྐྱེན་ནོ། །གཉིས་པ་ནི། དེ་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སོས་ཟིན་གསོ་བ་གོང་དུ་བསྟན་ཞིང༌། ཡན་ལག་བརྒྱད་པར། བྱི་རུག་པའི་རྩེ་མོར་བཏག །འབའ་ཆའམ་ལྕི་བ་དྲོ་འཇམ་བསྐུ། །ཞེས་དང༌། །ཕུག་རོན་སྟུག་པ་ཨ་རུ་ར། །རྒྱ་སྤོས་བཅའ་སྒ་ཁ་ལུང་གི །ཁུ་བ་དང་སྦྱར་བླུད་པ་ནི། །སྡིག་པས་ཟིན་པའི་སྨན་མཆོག་ཡིན། །ཞེས་འབྱུང་ངོ༌། །བཞི་བ་སྲིན་བུའི་དུག་གསོ་བ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། སྲིན་བུའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནད་ཀྱི་རིགས་དང་གསོ་ཐབས་གཉིས་སུ་བསྟན་པའོ།།

        དང་པོ་ནི། དང་པོ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་དག་གིས་ནད་དམིགས་ནི་སོས་འདེབས་པས་གར་བཏབ་ཏུ་བ་སྤུ་ལྡང༌། ལུས་རེངས་ཚའམ་གྲང་བའོ། །སྲིན་བུའི་རིགས་ལ་དང་པོ་སྦྲུལ་ལས་བྱུང་བ་དང་མཆུ་སྦོམ་གཉིས་སོ། །སྦྲུལ་ལས་བྱུང་བའམ་གྱུར་པ་ནི། སྦྲུལ་གྱི་ཤ་དང་བཤང་གཅི་ཁ་ཆུ་སྒོ་ང་འདྲུལ་བ་ལས་སྐྱེས་པའི་དུག་ཅན་གྱི་སྲིན་བུ་རླུང་མཁྲིས་བད་ཀན་རྐྱང་པ་གསུམ་འདུས་པ་དང་བཞི། དེ་དག་གི་དབྱིབས་མདོག་དུག་ཆེ་ཆུང་ཡང༌། ཡན་ལག་བརྒྱད་པར། ཚབས་ཆུང་དཀར་ཞིང་སེར་དང་ནག །རྩུབ་དང་ཁྲ་ཞིང་གཟི་མདོག་ཅན། །སྤུ་ཅན་ཚོགས་ནི་མང་བ་དང༌། དམར་ཞིང་མདོང་བ་དཀར་བ་ཡིན། བར་མ་ལྟེ་དུད་ཚིགས་གསུམ་པ། །སྐེད་པ་སེར་སྐྱ་དམར་བ་ཡིན། །དུག་ཆེ་སེར་སྐྱ་ཁྲ་བ་དང༌། །རི་མོ་ཅན་ལ་ཁྲག་འདྲ་ཞིང༌། །མེ་དྲོད་ཚིགས་ནི་གཉིས་སམ་གཅིག །ལྟེ་བ་དཀར་ཞིང་དམར་རམ་ནག་ཅེས་དང༌། །མཆུ་སྦོབ་ཞེས་པར་དེ་ཉིད་དུ། །མཆུ་སྦོམ་པ་ཡི་ཁ་ཡིས་ནི། །འདེབས་ཤིང་གསོ་རུང་སྡིག་པ་ལས། །ལྷག་པར་ན་བྱེད་མུས་རིང་ཤིང༌། །མཚན་མོ་སྤུ་ནི་ལྡང་བ་དང༌། །ལུས་ནི་རྔུལ་བར་བྱེད་འགྱུར་ཞིང༌། །སོས་འདེབས་ཆུ་གྲང་སྙམ་དུ་སེམས། །དེ་ཉིད་རྔ་མེད་དུད་ཁ་དང༌། །མཚན་མོ་རྒྱུ་བས་མཚན་མོ་ཅན། །ཞེས་འབྱུང་ངོ༌། །དེ་དག་གི་ཟོས་རྗེས་ཚ་གཡའ་སྐྲངས་ཤིང་འབྱུང༌། རླུང་སྲིན་ཟུགས་ཆེ་རླུང་སྐྱེ། མཁྲིས་སྲིན་ཚ་བ་སྐྱེ་ལ་མཆེད་པ་སྐྱེན་བད་སྲིན་ནི་གྲང་བ་སྐྱེ་འབྱམས། འདུས་པ་ནི་སྦྲུལ་ཤུགས་རྣམས་དང་འདྲའོ། །གཉིས་པ་གསོ་ཐབས་ནི། གསོ་ཐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། །སྲིན་བུའི་གསོ་ཐབས་བྱུག་པ་དང༌། བདུག་པ་དང༌། ཁོང་སྨན་ཐམས་ཅད་སྦྲུལ་དུག་གསོ་བ་ལྟར་གསོའོ། །རླུང་ལ་སྣུམ་བཅོས། མཁྲིས་པ་ལ་བསིལ་བཅོས། བད་ཀན་ལ་སྐྱ་ཆས་ཏེ་ནད་རིགས་དང་སྦྱར་བའི་རྨ་ཆས་བྱའོ། །ལྔ་པ་བ་དུག་ལ་གསུམ། རིགས་དང༌། རྟགས་དང་གསོ་ཐབས་གསུམ་མོ། །དང་པོ་ནི། དེ་བཞིན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡན་ལག་བརྒྱད་པར། །སྲིན་བུ་ལས་ནི་རབ་གདུག་པ། །བ་ནི་བཅུ་དྲུག་ཡིན་པར་འདོད། །གཞན་དག་ཉི་ཤུ་རྩ་བརྒྱད་བཤད། །ཁ་ཅིག་དེ་བས་མང་བར་འདོད། །ཉི་མའི་འོད་ཀྱིས་རྗེས་འགྲོ་བ། །སྟོང་ཕྲག་ཡོད་ཅེས་གཞན་དག་འཆད། །བླ་གཉན་གཟུགས་ནི་མང་གྱུར་པའི། །དུག་ཅན་བ་ནི་གཅིག་པོར་འདོད། །དེ་ཡི་གཟུགས་དང་མིང་དག་ནི། །ཤིན་ཏུ་འདྲེས་པས་ཤེས་པར་དཀའ། །གནས་ཀྱི་ངེས་པ་ཡོད་མིན་པས། །དེ་ཕྱིར་ནད་ལ་ཤེས་པར་བྱ། །ཞེས་སོ། །དེ་ཡང་སྦྲུལ་ལས་སྐྱེས་པ་ནི་སྲིན་བུ། གཞན་ལས་སྐྱེས་པ་ནི་བའོ། །སྲིན་བུ་དང་བའི་འཇུག་ཚུལ་ཁྱད་པར་ཡང༌། །བ་དང་མཆུ་རིང་ཐམས་ཅད་ཀྱང༌། །གླང་ཤུ་སྐོར་སྐོར་སོར་བྱེད་ཅིང༌། །རིམས་འདེབས་མྱུར་དུ་འགགས་ཤིང་འདྲུལ། །རྣག་ནི་གང་དུ་རེག་གྱུར་པའི། །ཕྱོགས་དེར་ཡང་ནི་རྨ་སྐྱེད་བྱེད། །ཅེས་དང༌། བ་ནི་ལྟེ་བ་ཡན་ཆད་འཛིན། །སྲིན་བུ་སྟོད་སྨད་ཀུན་ལ་གནོད། །ཅེས་གསུངས་སོ། །གཉིས་པ་རྟགས་ལ་གཉིས་སྤྱིའི་རྟགས་དང་བྱེ་བྲག་གི་རྟགས་གཉིས།

        དང་པོ་ནི། སོས་ཟིན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སོས་ཟིན་ན་ཁབ་བཙག་འདྲ་ཚ་ལ་སྐྲངས་པ་མཐའ་མཐོ་འབྲུམ་ཕྲན་འོང༌། ཆུ་སེར་འཛག་པའོ། །གཉིས་པ་བྱེ་བྲག་སོ་སོའི་རྟགས་ལ་གསུམ། རླུང་མཁྲིས་བད་ཀན་གསུམ་ལས། དང་པོ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་གོ །གཉིས་པ་ནི། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི་རླུང་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་གསོ་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་བདུན་དང་འབྲུ་གསུམ་གྱིས་བསྟན་ཏེ་དེ་ཡང་བཅོས་ཐབས་ནི། མཁྲིས་གྱུར་ལ་བ་དུག་གི་གནད་པའི་སྟེང་ངམ་རྩ་གོང་འོག་གཏར་བ་དང༌། རྨ་ལ་རྔབས་རུའམ་གཏར་ལ་ཁྲག་དབྱུང་ངོ༌། །བད་རླུང་གཉིས་པོ་ལ་རྨ་ཁ་བཏོད་པར་བསྲེག དེ་རྗེས་དུག་སྨན་སྤང་སྤོས་བཙོད་ཡུང་སྐྱེར་གེ་སར་སྦྲང་སྦྱར་བྱུག སྦྲུལ་གྱིས་གསོ་བ་ནི་འདི་ཉིད་སྦྱར་བ་དུག་འཇོམས། ཞེས་སྲིན་བུ་དང་བ་དུག་ལ་སྦྲུལ་ཟིན་གསོ་བ་སྦྱར། སྦྲུལ་ལ་ཁྱི་དུག་གི་གསོ་བ་སྦྱར། ཁྱི་དུག་ལ་དངོས་སམ་སྦྱར་དུག་པ་ལྟར་ཏེ། གོང་འོག་སྡེབ་ཤེས་དགོས་པར་བསྟན་ནོ། །བིལ་བ་རྒྱ་སྤོས་སོགས་ལ་ཡན་ལག་བརྒྱད་པར། བིལ་བ་ཙན་དན་ཨུཏྤལ། །རྒྱ་སྤོས་བཅའ་སྒ་པི་པི་ལིང༌། །ལྕང་མ་ནིམ་པ་རུ་རྟ་དང༌། །ཆུ་སྲིན་སེན་མོ་ཛི་བན་ཏི། ག་བྲའི་རྩ་བ་པ་ཏ་ལི། །འཛི་བན་ཏི་དང་པོ་སོན་ཆ། །ཤིང་ཚ་སྦྱར་བ་འདི་དག་ནི། །མིག་སྨན་སྣར་བླུག་བྱུག་པ་དང༌། །སྨན་ཆུ་བླུག་པའི་སྦྱོར་བ་ཡིས། །མཁྲིས་པ་བད་ཀན་རླུང་གྱུར་པའི། །ལུ་ཏའི་དུག་ནི་ཇི་སྙེད་པ། །ཚུལ་ཁྲིམས་ལ་གནས་ངན་འགྲོ་བཞིན། །དེ་ཡིས་དུག་ནད་ཀུན་འཇོམས་བྱེད། །ཅེས་འབྱུང་ཞིང༌། དངོས་དུག་གསོ་ཐབས་སོགས་ཕལ་ཆེར་ནི་སྙིང་པོ་བསྡུས་པ་དང་རྒྱས་བསྡུས་སུ་སྣང་ངོ༌། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བརྒྱད་ཅུ་རྩ་དགུ་པའི་ཞེས་པས་བསྟན་ནོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་བཅུ་གསུམ་པ་དུག་ནད་གསོ་སྐབས་ཀྱི་དཀའ་བའི་གནད་ཀྱི་བརྗོད་དོན་རྣམས་ལྷག་མ་ལུས་པ་སྨྲས་ཟིན་ཏོ།།

        འདིར་སྨྲས་པ། ཆགས་དུག་སྡང་དུག་རྨོང་དུག་དངོས་གྱུར་དུག །འདོད་སེལ་ཁྲོས་སེལ་མུན་སེལ་ནད་གདོན་སེལ། །སྨན་མཆོག་དོན་མཆོག་གཞུང་མཆོག་འགྲེལ་བཤད་མཆོག །བདག་བདེ་གཞན་བདེ་འདིར་བདེ་ཕྱི་མར་བདེ། །གསོ་དཔྱད་ཚངས་དབང་ཧཱུཾ་གི་ང་རོ་ཞེས། །ནད་གདོན་ཧ་ལ་ཧ་ལའི་དངོས་པོ་བཅོམས། །སྲིད་ལ་རྒྱུ་དང་མི་རྒྱུའི་རང་བཞིན་ཡང༌། །ཆོས་དབྱིངས་འབྱུང་བའི་ཁམས་ལས་འདའ་མི་ནུས། །སྣང་དང་མུན་པ་བདེ་དང་སྡུག་བསྔལ་ཡང༌། །ཉིན་མཚན་ཕན་གནོད་དུས་དང་རྟག་པར་འགྲོགས། །ནད་དང་ནད་མེད་ལུས་ཀྱི་དར་རྒུད་ཀུན། །ཤེས་དང་མི་ཤེས་མཁས་བླུན་དབང་ལས་སོ། །འབྱུང་བའི་ཚོགས་པ་གཅིག་ལས་སྨན་དང་དུག །ལུས་ཀྱི་ཚོགས་པ་གཅིག་ལས་ཚ་དང་གྲང༌། །སེམས་ཀྱི་ཚོགས་པ་གཅིག་ལས་འཁོར་དང་འདས། །རྟེན་འབྲེལ་ཚོགས་པ་གཅིག་ལས་སྣ་ཚོགས་སྣང༌། །མ་ཕྱིས་དྭངས་པའི་ཟླ་ཤེལ་མེ་ལོང་ངོས། །མ་སྐྱེས་རྫོགས་པའི་འཚོ་ཐབས་གཟུགས་བརྙན་གསལ། །མ་བསྐུལ་ལེགས་བཤད་སྒྲོག་པ་ལྷ་ཡི་རྔ། །མ་བྲིས་སེམས་ཀྱི་ཡི་གེ་གསར་དུ་བསྐྲུན། །ཞེས་ཀྱང་སྨྲས་སོ། །ཡན་ལག་བརྒྱད་ཀྱི་བདུན་པ་སྐབས་བཅོ་ལྔ་ལས་བཅུ་བཞི་པ་ལེའུ་གོ་གཉིས་ལས།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།