སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་གཅིག་པ། གདུག་པ་ཀླུའི་གདོན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གྱ་གཅིག་པ། གདུག་པ་ཀླུའི་གདོན་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ལན་ཅིག་ལྔ་བརྒྱ་ཐ་མའི་དུས་ཚོད་དུ་དེང་སང་ལྔ་བརྒྱ་ཐ་མ་རང་ལ་ཅུང་མ་སླེབ་ཀྱང་ལུང་གི་དུས་ཀྱི་མཇུག་ལྔ་བརྒྱ་ཐ་མ་དང་ཁད་ཉེ་བའོ། །སངས་རྒྱས་བྱོན་པ་སྒྲོན་མའི་བསྐལ་པའི་ཆ་ཉམས་འབྱུང་བ་ས་ཆུ་མེ་རླུང་འབྱུང་བ་བཞིའི་བཅུད་ཤོར་བས། །མི་རྣམས་རྩོད་ལྡན་འདིར་ཟ་ཐང་བྲི་ནས་དབུལ་པོར་འགྱུར་ནས། །ས་གཉན་པོ་རྣམས་དོན་མེད་པར་རློག་ནས་སྤང་གི་ཐ་ཐམས་ཅད་ཞིང་དུ་འདྲུ། །ཆུ་གཉན་པོ་ཐམས་ཅད་དཀྲུགས་ནས་ནེའུ་གསིང་རྫིང་དུ་བསྐྱིལ། །ཤིང་གཉན་པོ་རྣམས་གཅོད་ཅིང་རྡོ་གཉན་རྩ་བ་འདེགས། །གྲིབ་མི་གཙང་བ་དང་དཀར་དམར་སོགས་ཀྱི་འཐབ་གཞོབ་ཤ་ཁྲག་བརྗེན་པ་བཤན་དམར་བག་མེད་འཇོལ་ཉོག་བག་མེད་པར་སྤྱོད། །བན་དེ་དང་བོན་པོ་དང་སྔགས་པ་རྣམས་ཀྱང་ཡི་དམ་གྱི་ནུས་པ་སྒྲུབ་པའི་ལོང་མེད་ནས། །སྡེ་བརྒྱད་གནས་པའི་ས་ཆུ་ཤིང་ཪི་བྲག་སོགས་གཉན་ས་དཀྲུགས་པས་དགྲ་རྣམས་ཐུལ་ལ་རེ། །དེ་ཚེ་ཀླུ་རིགས་ལྔ་དང་འབྱུང་བ་ལྔའི་གཉན་དང་ས་བདག་ཁྲ་བོ་སྒུར་པོ་དང་ཞ་བོ་དང་འཐེང་པོ་དང་དལ་སྒལ་དང་སྦ་བ་ཅན་ལ་སོགས་པ་དང་གཞན་ཡང་ལྷ་སྲིན་སྡེ་བརྒྱད་པོ་ཐམས་ཅད་འཁྲུགས་། །རེག་པ་དང་མཐོང་བ་དང་ཁ་རླངས་དང་བསམ་པའི་དུག་རྣམས་འཕྲོས་པས།  །ཙི་ཏི་ཛྭ་ལ་འབར་བའི་བསྐལ་པ་དར། །མཐོང་བས་སྐྱུག་བྲོ་བསམས་པས་སྐྱི་འཇིགས་ཤིང་། །ཐོས་ན་ཡ་ང་རང་རོ་རང་གིས་མཐོང༌། །ཚེ་འདིའི་གཉེན་འདུན་ཀུན་དང་གསོན་འབྲལ་བྱེད་ཅིང་མི་རབས་རིགས་བརྒྱུད་ལའང་འབྱུང་སྟེ།  ཡན་ལག་བརྒྱད་པར། ཁུ་བར་གནས། བུ་དང་ཆུང་མར་བཅས་ལ་འབྱུང་ཞེས་སོ  །དེ་འདྲའི་ནད་ཀྱི་གསོ་ཐབས་ངས་བསྟན་གྱིས། །དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན།  །འདི་ལ་རྒྱུ་རྐྱེན་མཚན་ཉིད་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་ལྔ་རུ་ཤེས་པར་བྱ།།

སྤྱི་དོན་དང་པོ་རྒྱུ་ནི་ལུས་ལ་གནས་པའི་ཆུ་སེར་གོང་དུ་ལེའུ་དགུ་པར་བཤད་པ་ལྟར་ལ། །དེ་རྐྱེན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མྱོང་འགྱུར་ལ་། །འཕྲལ་དུ་གདོན་དང་ཕོག་ཐུག་བྱུང་བ་འམ། །ཟས་དང་སྤྱོད་ལམ་གྱི་དབང་གིས་འདུ་བ་ཉེས་གསུམ་འཁྲུགས་གྱུར་པས། །ཆུ་སེར་དེ་ཉིད་ཁྲག་མཁྲིས་དང་བསྡོངས་པས་ནག་པོར་འགྱུར་ནས་ལུས་ལ་རྒྱས་པ་ཡིན།།

སྤྱི་དོན་གཉིས་པ་དེའི་མཚན་ཉིད་ཤ་ལྤགས་རུས་ཚིགས་རྩ་ཁྲག་དོན། །ཆུ་སེར་བསྲུལ་རུལ་བས་ཡན་ལག་བརྒྱད་པར། ཁ་ཟས་སྤྱོད་ལམ་ལོག་པ་དང་། ཞེས་པ་ནས། རུས་པ་སྙི་བ་རིམ་བཞིན་ཟ། ཞེས་པའི་བར་གསུངས་ལ་ལུས་ཀུན་མ་རུངས་བྱེད། །མི་བཟོད་གསོ་དཀའ་མཛེ་ཡི་ནད་དུ་བཤད་དེ་ཉིད་ལསདེ་བས་ཤ་བཀྲ་ཕྱི་རོལ་ཏེ། །མཛེ་ལས་གཞན་ནི་མིན་པར་བཤད། །ཅེས་ཤ་བཀྲ་ཡང་ཕྱིའི་མཛེ་ཡིན་གྱི་ནད་གཞན་མིན་པར་གསུངས་པས་དེང་སང་མཛེ་སྐྱ་ཞེས་གླེང་བ་འདི་ཉིད་ཡིན་པར་སེམས་སོ།

སྤྱི་དོན་གསུམ་པ་དབྱེ་བ་གནས་དང་རིགས་ཀྱིས་བཅོ་བརྒྱད་འགྱུར། །ཞུགས་ཚུལ་དང་པོ་གནས་ཀྱིས་དབྱེ་ན་སྐྱི་ལྤགས་རྩི། །མདོག་སྟོབས་ཤ་ཚིལ་ཆུ་བ་རྩ་དང་ཁྲག །ཆུ་སེར་རུས་ཚིགས་ལྷ་བ་ཀླད་རྐང་ཁུ། །དོན་ལ་ཞུགས་པས་དབྱེ་བ་བཅུ་དང་བརྒྱད། །གཉིས་པ་རིགས་ཀྱིས་དབྱེ་བ་རྐྱང་པ་གསུམ་ལྡན་པ་གསུམ་འདུས་པ་གཅིག་སྟེ་བདུན་ལས་གྱེས་པ་ནི། །ཐོད་འདྲ་ཟླུམ་པོ་གླང་ཤུ་ཨུ་དུམ་ཝར། །རི་ཤའི་ལྕེ་དང་ལྤགས་མཛེ་གཅིག་པུ་དང༌། །འབྲུམ་ཕྲན་ཤ་བཀྲ་འབྲས་བྱེར་སེར་ག་དང༌། །ཤུ་བ་ཁ་བརྒྱ་པདྨ་དཀར་པོ་དང༌། །འབྲུམ་བུ་གཡན་པ་པགས་པ་མྱགས་པ་དང༌། །འོལ་སེ་འདྲ་དང་དེ་ལྟར་གནས་ཀྱི་བཅོ་བརྒྱད་དང་རིགས་བཅོ་བརྒྱད་དང་བསྡོམས་པས་སུམ་ཅུ་རྩ་དྲུག་གོ།

སྤྱི་དོན་བཞི་བ་བརྟག་ཐབས་དང་པོ་ནད་ངོས་བཟུང་བ་དང༌། །གསོ་ཚེ་སྤང་བླང་མུ་བཞིར་བརྟག་པ་དང་གཉིས་འོ། །ངོས་བཟུང་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་ཕྱི་ནང་གསང་བ་གསུམ་གྱིས་བརྟག །དང་པོ་ཕྱི་ལ་མངོན་ཚུལ་རྨི་ལམ་བརྟག་པ་དང༌། །ཞུགས་པའི་མཚན་ཉིད་ལུས་ངག་ཡིད་ལ་བརྟག་པའོ། །དང་པོ་རྨི་ལམ་ཡན་ལག་བརྒྱད་པར། ནད་ནི་སྟོབས་དང་ལྡན་པ་ཡིས། །ཡིད་འཇུག་བུ་ག་བཀག་པའི་ཕྱིར། །མི་བཟད་རྨི་ལམ་མཐོང་བར་འགྱུར་ཞེས་སོ། ཆུ་དང་ཤིང་དང་ནིའུ་གསིང་རྣམས་ནི་གཏད་དུ་ཚུད་པའི་རྟགས་དང་། །སྦལ་ལྕོང་ཉ་སྦྲུལ་འབུ་སྦྲང་སྡིག་སྡོམ་སོགས། །ལུས་ལ་འབྱར་དང་གསེབ་ན་འདུག་པ་དང༌།  །གཡག་མཛོ་གཅན་གཟན་རྣམས་ཀྱིས་དེད་པ་རྣམས་གདོན་གྱི་རྟགས་དང༌། །མི་ཤོང་སྒོ་འཕྲང་འཛུལ་དང་གཡང་ལ་ལྷུང༌མནན་པར་ཚུད་རྟགས། །ཉི་ནུབ་ས་སྲོས་སེར་བ་བབས་པ་དང༌། །མདའ་དང་སྒོ་ང་ལྷ་ཁང་ལྡེར་བཟོ་འགུལ་ཕོ་གདོན་ཕྱི་རྟགས། །བུད་མེད་དག་གིས་ལུས་ཟུངས་འབྱིན་པ་རྨི་མོ་གདོན་གྱི་རྟགས། །ལྷས་ཚོར་དུས་ཏེ་གདོན་གྱིས་འདེབས་པའི་རྟགས། །གཉིས་པ་ལུས་ལ་བརྟག་པ་བཞིན་ལ་འགྱུར་ལྡོག་བྱེད། །གདངས་བཀྲག་ཕྲོགས་ནས་མེད་པ་འམ་ཡང་ན་བཀྲག་ཆེར་སྐྱེས་པ་དང༌། །དོན་མེད་ཁྲག་གཞི་སྐྱེ་སྣ་ཁྲག་འཛག་པ་དང༌། །པགས་པ་རེས་འགས་རེས་རྩུབ་ཚ་འམ་གྲང༌། །གཡའ་ཞིང་ཕྲུག་འདོད་ཤུ་ཐོར་ཆུ་བུར་འོང༌། །འགུལ་འཕྲིག་ཕོ་མཆིན་མི་བདེ་རུས་རྐང་ན། །ལྤགས་པ་མེས་ཚིགས་བསྣད་པའི་རྨ་རྣམས་མི་སོས་པ་དང་ཡུན་རིང་གནས། །གསུམ་པ་ངག་ལ་བརྟག་པ་རེས་ཆེ་རེས་ཆུང་རེས་ཕྲ་རེས་སྦོམ་རེས་འགག་རེས་གསང་བ་སོགས་འགྱུར་ལྡོག་མང་བ་སྟེ། །བཞི་བ་ཡིད་ལ་བརྟག་པ་སྙིང་བཅུས་པ་ལྟར་འཆུ་ཞིང་སེམས་མི་དགའ་བར་འཕྱོ། །ཁྲོ་བ་དང་ཚིག་པ་ཟ་བ་དང་འགྲོ་འདོད་གོང་གི་རྟགས་དེ་རྣམས་གཞན་ལ་འཆད་མི་འདོད་པར་གསང་བར་ཐུབ། །རང་ཚོར་དུས་ཡིན་གདོན་གྱིས་ཐེབས་པར་ངེས། གཉིས་པ་ནང་གི་བརྟག་པ་རྣམ་རྟོག་ཅི་འདྲ་ཡང༌། །བཞིན་ཉིད་མེ་ལོང་འདྲ་སྟེ་གསལ་བར་འོང་བས་ཆུས་བཀྲུས་ལ་བརྟག །དེ་ཡང་མེ་ཏོག་ཡོད་སར་ཆུ་མི་འཆགས་པར་སྐམ། །སྐྱ་སྨུག་དམར་སོགས་ཤ་མདོག་འགྱུར་བ་ལ། །ཤ་ལྤགས་བཏེག་ནས་མཐེ་བོས་མནན་རྗེས་དང་སྐྱ་སྨུག་སོགས་ཀྱི་ཐིག་ལེ་འོང༌། །མེ་ཏོག་དེ་སྣ་གོང་མཁུར་ཚོས་སྨིན་དབྲག་རྣམས་སུ་མང༌བ་འོང་། །མེ་ཏོག་མེད་པར་ཤ་རུས་སོགས་སྐམས་ན་དུས་ལས་འདས་ཞེས་བྱ།  །གསལ་བར་སྟོན་པ་དབང་པོ་མིག་ཡིན་ཏེ། །མི་གནོད་པ་ཡི་རྩ་རིས་དང་བཀྲག་མདངས་ལེགས་ཤིང་མིག་རྩ་རྣམས་རང་ས་ན་དམར་སིང་ངེ་བ་སྟེང་དུ་དོན་པའོ་དང་གནོད་པའི་རྩ་མིག་མདངས་ཉམས་མཆི་མ་འཛག་མེ་ཉེའི་འོད་མི་ཐུབ་མིག་རྩ་རྣམས་དམར་ནག་གཏིང་དུ་བྱིང་རྩེ་མོ་གུག་རྒྱལ་མོ་ཡང་ཁ་ལྟ་ནག་ནོག་ཆག་པའོ། །ཡན་ལག་ལྔ་གང་ལ་བཟུང་བའི་གདོན་རིགས་བརྟག་འཇུག་ཚུལ་རྩ་འདྲ་བ་བརྟག་ལུས་ཀྱི་ཞུགས་ས་མིག་གི་ཡས་མས་ནས་བརྟག་པ་དང༌། །ཐུབ་དང་མི་ཐུབ་གཡས་གཡོན་གྱི་མིག་རྩ་ལ་བརྟག་ལོ་གྲངས་དཀར་ནག་མཚམས་ཀྱི་རི་མོའི་གྲངས་ལས་བརྟག་པར་བྱ། །གསུམ་པ་གསང་བ་སྨན་གྱི་སྒོ་ནས་བརྟག་པ་སྟེ། །མུ་ཟི་གུ་གུལ་ཤུ་དག་གླ་རྩི་བཞི། །སྲུབ་ཀ་ལོ་མར་མཉམ་ལ་རས་སུ་བླུགས་ཏེ་ཕུར། །དྲི་ཆུར་སྦངས་ལ་ཞག་གསུམ་སྐོམ་དུ་བཏང༌། །དྲི་ཆུ་ཁྲག་དང་ཆུ་སེར་སྣ་ཚོགས་དང༌། །དྲི་ཆུ་རང་གི་མདོག་ལས་གནོད་དང་མི་གནོད་བརྟག་ཅེས་པ་ལ། རྫོང་འཕྲང་དུ། མུ་ཟི་སེར་པོ་གུ་གུལ་གླ་རྩི་ཤུ་དག་བཞི་དང་སོ་གའི་དུས་སྤྲུན་མ་མགོ་འབུར་བཏུས་པ་ཆ་སྙམ་ཞིབ་བཏགས་རས་ཀྱིས་བསྟུམས། རྒྱ་ཚ་དུམ་ཞིག་ཀྱང་བཅུག  ནད་པའི་དྲི་ཆུས་སྦངས་པ་ཞག་གསུམ་སྐོམ་དུ་བཏང་། ཐ་མ་བཙིར་གྱིན་ཁུ་བ་ཐོན་པར་བྱས་ལ་བཏུང་། སྐོམ་གཞན་སྤངས། དེའི་དྲི་ཆུ་མདོག་མ་འགྱུར་ན་གདོན་གྱིས་མ་གནོད་པ་ཡིན། ཆུ་སེར་སྣ་ཚོགས་བྱུང་ན་གནོད་པ་ཡིན། ཁྲག་ཏུ་བྱུང་ན་མི་ཐོན་པ་ཡིན་ཞེས་བཤད་དོ།  །གཉིས་པ་བྱེ་བྲག་བརྟག་པ་དུག་དང་གདོན་རིགས་དང༌། །ཞུགས་ཚུལ་བབས་ས་ཉེས་པའི་རིགས་ཀྱིས་བརྟག །དང་པོ་དུག་གི་སྒོ་ནས་བརྟག་པ་ནི། །ལུས་དང་ཤེས་པ་ལྕི་འཐིབས་ས་དུག་ཡང་ཞིང་གཡོ་བ་འདར་འཕྲིག་དང་བྲིད་པ་བེར་བར་རླུང༌། །ཚ་སྲེག་མེ་དུག་གྲང་ཞིང་བསིལ་བ་ཆུ། །གཉིས་པ་གདོན་རིགས་དབྱེ་བ་རྩ་བ་ཡན་ལག་གཉིས། །དང་པོ་ཡན་ལག་ཐེ་བྲང་འགོང་པོ་སྐྱི་ལ་འབབ་བ་སྤུ་རྩི་གཡའ་གྲང་སིང་བྱེད། །དམ་སྲི་པགས་པ་ལ་འབབ་ཐོར་ཕྲན་འོང་གདོང་པ་བ་དམར་བྲི་བྱེད་ས་བདག་ཤ་ལ་འཛིན་སྐོར་ལེར་ན་ཤ་རོ་འགུལ་ཕྲིག་འོང་། །གཉན་རྩ་བ་རྩ་ལ་འབབ་ཟ་འཕྲུག་བྱེད་ཁྲག་རྒྱས་སུ་རིགས་དྲུག་ཆུ་རྒྱུས་འཛིན་རྐང་ལག་ཞ་འཁུམས་ལུས་གྱོང་སེན་མོའི་བཀྲག་ཉམས། །གཉིས་པ་རྩ་བའི་གདོན་རྒྱལ་རིགས་ཡིད་དུག་འབྱུང་བཞི་འདུས་པའི་དུག་ཡིན་པས་གཙུག་ནས་འཇུག་སྤྱི་གཙུག་ཏུ་ཤ་རོ་འོང་རྨི་ལམ་གང་རྨི་བ་ཕལ་ཆེར་མདོག་དཀར་པོ་རྨི། །རྗེ་རིགས་མཐོང་བའི་དུག་མེ་ཡིན་པས་སྟེ་རྩ་ནས་འཇུག་མཆིན་པར་འབབ་དམར་པོ་རྨི། །བྲམ་ཟེ་ཁ་རླངས་དུག་ཆུ་ཡིན་སྟེ་ལག་པ་གཡོན་ནས་འཇུག་མཁལ་མ་གཡོན་པར་འབབ་སེར་པོ་རྨི། །དམངས་རིགས་རེག་དུག་རླུང་ཡིན་རྐང་པ་གཡས་ནས་འཇུག་ཡན་ལག་དང་སོར་མོ་རྣམས་བྱི་གཞུག་འདྲ་སྐད་འཛེར་སྔོན་པོ་རྨི། །གདོལ་པ་མཆེ་བའི་ས་ཡིན་དུག་ཅན་རྐང་པ་གཡོན་ནས་འཇུག་མཆེར་པར་འབབ་ནག་པོ་རྨི། །མཇུག་ཏུ་ཀླུ་གང་ཡིན་དེ་ཡི་རྒྱལ་པོ་དོན་ལ་འབབ་རྗེ་རིགས་མེ་ཁམས་སྙིང་ལ་འབབ།བྲམ་ཟེ་ཆུ་ཁམས་མཁལ་མར་འབབ། །དམངས་རིགས་རླུང་ཁམས་མཆིན་པར་འབབ། །གདོལ་པ་ས་ཁམས་མཆེར་པར་འབབ། །རྒྱལ་རིགས་འདུས་པ་ནམ་མཁའི་ཁམས་གློ་བར་འབབ་སྟེ་དོན་ལྔ་སོགས་དེ་དང་འབྲེལ་བའི་དབང་པོ་གང་ཡིན་དེ་ཡང་ཉམས་པར་བྱེད་དོ། གསུམ་པ་འཇུག་ཚུལ་རྣམ་པ་ལྔ་ཡི་སྒོ་ནས་འཇུག །ཀུ་རེ་ཀྱལ་ཀའི་ཚུལ་དུ་རྟགས་རེས་འོང་རེས་མི་འོང་ཟས་སྦྱོར་བ་གཟབ་ཞུགས་པ་དང༌། །ལོངས་སྤྱོད་རེ་འདོད་ཚུལ་གྱིས་ཞུགས་པ་བློ་བུར་དུ་འོང་རྨི་ལམ་ཟ་ཟི་མང་ཚོགས་གསོག་བྱ་བ་དང༌། །མི་གཙང་མནོལ་གྱི་སྒོ་ནས་ཞུགས་པ་ཤེས་པ་བྱིང་ཅིང་འཐིབ་ཁྲུས་བསངས་བྱ་བ་དང༌། །དོ་སྡོ་བསད་པའི་རྟེན་དག་འབྱམས་སེམས་ཀྱིས་ཞུགས་པ་གནད་མ་ཟིན་པས་གཉེན་བསྒྲུབ་དང་སྨན་ལྷག་སྤྲོད་དང༌། །ལས་ཀྱི་རྣམ་སྨིན་ཚུལ་དུ་ཞུགས་པར་གོང་དུ་སྤང་བའི་རྟགས་ཤར་བ་སྟེ་དགེ་བ་ལ་བསྐུལ་བརྟག །བཞི་བ་བབས་ས་གནས་ཀྱི་སྒོ་ནས་བརྟག་པ་ནི། །སྤུ་བྱི་སྐྱི་དང་པགས་པ་གྱོང་མདོག་འགྱུར་རྩི་དང་མདངས་ཉམས་མདོག་ལ་ཞུགས་གདོང་མདོག་འགྱུར། །སྟོབས་ཤེད་ཉམས་པ་དང་ཤ་འགུལ་ཕྲིག་བྱེད་ཚིལ་ཚོར་བ་ཆུང་ཆུ་བ་གྱོང་ཞིང་ན་སྦྲིད་བཤལ་འཁྱུག་ཟ་འཕྲུག་ཆུ་བུར་གང་རྩ་དང་ཁྲག་གདོང་དམར་སྣ་ཁྲག་འཛག། །ཆུ་སེར་རུས་ཚིགས་ཤ་སྐམས་གཟེར་ཚིགས་འཁོར་སྐྲངས་ལྷ་བ་སྒྱིད་བསྒུར་གྲང་བསིལ་བྱེད་ཀླད་པར་ཞུགས་མགོ་འཐོམ་སྐྲ་བྱི  སྦྲཧྭད་འགས་རྐང་དང་ཁུ་བ་སྐམ་པོ་འབྱམས་དོན་ལ་ཞུགས་པར་བརྟག །དོན་ནི་སྙིང་སེམས་གཡེང་ལྕེ་དམར་དང་གློ་བ་སྐད་འཛེར་སྣ་ཆུ་འོང་མཆིན་པ་འཐིབས་གཉིད་ཆེ་མཆིལ་མང་མིག་དམར་དང༌། །མཆེར་པ་མཆུ་སྐྱ་ལྕེ་ཁྲ་གདོང་སྐྱ་བོར་འགྲོ་མཁལ་མར་ཞུགས་པ་རྣ་བ་འོན་རྐང་པ་བཤལ་རླིག་པ་སྐྲངས་བརྟག་པར་བྱ། །དེ་དག་གཉིས་པ་མདོར་བསྡུས་བཅུ་གསུམ་གནད་ལ་ངོ་ཡིས་བཟུང༌།  །ཉེས་པའི་སྒོ་ནས་མཛེ་རིགས་བཅོ་བརྒྱད་བརྟག །རླུང་མཛེ་ཐོད་འདྲ་ནག་ཅིག་མཁྲིས་མཛེ་ཨུ་དུ་ཝར་ཚིགས་ལྟར་དཀར་གླེག  །བད་ཀན་ལས་གྱུར་ཟླུམ་པོ་གཡའ་ཞིང་རྣག་ཆེ་གླང་ཤུ་གཡའ་ཤིང་ཆུ་ཟེར་མང་གཉིས། །རླུང་དང་མཁྲིས་པར་ལྡན་པ་རི་ཤའི་ལྕེ་ཟུག་ཆེ་ཚ་ལ་རྣག་མང་འབྲུམ་བུ་མང་ཞིང་རྩུབ་པ། །བད་རླུང་ལས་གྱུར་ལྤགས་མཛེ་གླང་པོའི་ལྤགས་པ་ལྟར་རེག་བྱ་རྩུབ་གཅིག་པུ་དང༌། །འབྲུམ་ཕྲན་འབྲུམ་པ་མང་བས་ཉ་ལྤགས་འདྲ་ཤ་བཀྲ་ནག་རྩུབ་དམར་དཀར་ཟ་འཕྲུག་བྱེད་འབྲས་རྨེན་བུ་དཀར་བྱེར་དམར་སེར་ག་དྲུག །བད་མཁྲིས་ལས་གྱུར་ཐོར་པ་དམར་པོ་ཅན་ཤུ་བ་རྨ་ཁ་རྨ་ཁ་མང་ཞིང་རྣག་མང་བ་བརྒྱ། །པད་དཀར་དབུས་དཀར་མཐའ་དམར་འབྲུམ་བུ་པགས་སྲབ་འབྲུམ་པ་དཀར་ནག་གཡན་པ་ལྤགས་མྱགས་དྲུག །འདུས་པ་ལས་གྱུར་འོལ་མོ་སེ་འབྲུམ་པའི་སྟོད་དམར་ནག་འདྲའོ། །ནད་འདི་འོག་ནས་རྐུན་བུར་འཇུག་པའི་ཕྱིར། །མི་གསལ་འཁྲུལ་སོ་མང་བས་བརྟག་པ་གཅེས། །ཕྱི་ནང་གསང་རྟགས་གསུམ་གྱིས་གཏན་ལ་ཕོབ། །ནོར་བའི་འཕྲང་ནི་ཉྭ་རྩ་རླུང་གདོན་འཕྲིག་པར་ནོ་ར་རེ་ཉྭ་ཕྲིག་ནི་ཉ་སུལ་གང་ཡོད་དུ་འོང་། རྩ་ཕྲིག་ནི་སྙིང་རྩ་གར་ཡོད་སར་འོང་རླུང་འཕྲིག་ནི་ལུས་ཀུན་ཁྱབ་སར་འོང་། འདི་གསུམ་ནི་ནད་གཞན་ལའང་འབྱུང་། གདོན་ཕྲིག་ནི་ཞུགས་ས་དང་གཉན་སར་འོང་བའོ། །ཤ་འབུར་ཤུ་བ་རུལ་འགྲོ་སྲིན་འབུར་རང་ཞིའམ་རྣག་ཏུ་འགྲོ་གཏིང་འབུར་རུས་ལས་ཐོན་ཇེ་ཆེར་འགྲོ་ནོ་ར་རེ། །ཤ་སྒང་ཁ་རླངས་ཡིན་ཉལ་ཉིལ་འོང་ཉྭ་སྒང་མདོག་དམར་ན་ཚ་མེད་ཆུ་སྒང་ཆུ་བུར་འོང་མེ་ཏོག་ཡིན་ནོ་ར་རེ། །ཤ་རོ་བ་སྤུ་འབྱུང་ལྤགས་ལོ་བསམ་ཡོན་པ་དང་སྐྱི་རོ་ཕྱི་རུ་འབྱུང་ལོ་གཉིས་ལོན་རོ་རུས་གཏིང་ནས་འབྱུང་ལོ་བཞི་ལོན་རོ་ཞེས་པ་ཚོར་བ་མེད་པའི་དོན་ནོ་ནོ་ར་རེ། །ཁ་ཡོ་བ་དང་མིག་ཡོ་བ་སླེ་བ་གཉིས་ཁད་ཀྱི་བྱུང་ན་གསོད་སྐམ་བློ་བུར་དུ་འབྱུང་རློན་ནག་པོ་སླ་བ་ནོ་ར་རེ། །ནད་ནི་ཟུག་རྟག་པར་འབྱུང་བ་དང་ཁམས་འདུས་བ་ནི་ཡེངས་ཚེ་མི་འབྱུང་མི་འབྱུང་གདོན་གཡོས་པ་ནི་ཁྲོ་ཚིག་སྙིང་མི་དགའ་གསུམ་ནོ་ར་རེ། །སྙིང་མི་དགའ་བའི་རྟགས་རེས་འོང་རེས་མི་འོང་ཀྱལ་ཀ་རེ་འདོད་ཡས་འདོད་པ་སྟེ་ཁ་མིག་གློ་བུར་དུ་ཡོ་རྣམ་སྨིན་ནི་ལས་འབྲས་ཡིན་པས་དེ་བསྐུལ་བྱ་དོ་སྡོ་བ་ཁོང་འབྲས་ཡོད་པས་གསོད་པར་བརྩོན་ལ་སྔགས་སྨན་གཉིས་ཀས་བྱ  །འདི་དག་འཕྲང་ལ་མ་ཤོར་ངོས་བཟུང་གཅེས། །ཟས་ཟ་འཕྲོ་དང་སྐོམ་འཐུང་འཕྲོ་དང་སྤྱོད་ལམ་འདྲེས་པ་གནས་འདྲེས་པ་མལ་འདྲེས་པ་ལ་གོས་འདྲེས་པ་ལ་སོགས།  མདོར་ན་ནད་པ་དེའི་དྲི་དང་རེག་པས་འགོས་ཕྱིར་བསྲུང་བ་གཅེས་ཡན་ལག་བརྒྱད་པར། ནད་རྣམས་ཕལ་ཆེར་ཟས་དང་ནི། །མལ་གཅིན་རེག་སོགས་ལ་བརྟེན་ནས། །ཐམས་ཅད་འགོ་སྟེ་མིག་ནད་དང་། །མཛེ་ནི་ལྷག་པར་འགོ་བ་ཡིན་ཞེས་སོ། །གཉིས་པ་སྤང་བླང་མུ་བཞིར་བརྟག་པ་ནི།  །མཁར་བརྒྱད་རྩེ་ནས་བཅོམ་པ་སྤྱི་གཙུག་སྨིན་དབྲག་སྣ་རྩེ་ཡ་ཀན་སྙིང་ག་ལྟེ་བ་ཆུ་སོ་རྐང་མཐིལ་རྣམས་སུ་རོ་བྱུང་བ་དང༌། །སྙིང་པོ་བཞི་ལ་ཞུགས་པ་རྐང་ལག་གི་མཐེ་བོང་བཞི་ལ་ཤ་རོ་བྱུང་བ་དང༌། །རྩེ་མོ་གསུམ་ལ་ཟིན་པ་དང༌། །ཚིགས་ཆེན་ཐམས་ཅད་ལ་སྐྱོན་ཞུགས་ཏེ་འཁྲུལ་བ་མཁར་ནས་ཕབ་པ་དང༌། །དུག་རིགས་བརྟག་པའི་སྐབས་བཤད་པ་ས་ཆུ་མེ་རླུང་གི་དུག་བཞི་ལུས་ལ་རྒྱས་པ་དང༌། །མདངས་གསུམ་མིག་མདངས་ཡལ་ཏེ་གཟི་འདྲ། བྱད་མདངས་ཡལ་ཏེ་གློ་བ་འདྲ། སོ་མདངས་ཡལ་ཏེ་དུང་འདྲ་བ་ཡལ་བ་དང་དང་སྤུ་སྐྲ་དང་སྨིན་མ་སྨ་ར་གསུམ་བྱི། །ཆུ་གསུམ་ཁ་ཆུ་མིག་ཆུ་སྣ་ཆུ་བོ་དང་དྲི་ཆུའི་རྒྱ་མཚོ་རླབས་མིག་གི་ཡས་ལྕེབས་རྒྱུན་དུ་འགྲིབ་པའང། །གློ་བའམ་སྙིང་རྩེ་ཟུར་ནག་མཆིན་མིག་སྔོ་མཆེར་མཆུ་འཕྱང་མཁལ་མར་རྣ་གཡས་གཡོན་ལུད་རྒྱས་སྔར་བཤད་པ་ལྟར་ཀླུའི་རྒྱལ་པོ་དོན་ལ་འབབ་པ་ཤ་རོ་རུས་ལ་སླེབས་པས་རྨ་ཁ་ཆུང་གཏིང་རིང་ཁྲོན་པ་ལྟ་བུའམ་ཡང་ན་རུས་པའི་གཏིང་ནས་ཐོར་མྱོན་ལྕགས་གཟེར་བཏབ་པ་ལྟ་བུ་དང་ཤ་རོ་ཁྲག་མེད་པར་འབྱུང་། །རྐང་ལག་གི་མཐིལ་བཞིའི་ལ་ཤ་རོ་ཡོད་པས་རྔུལ་དང་རླངས་པ་ཡལ་བ་དང༌། །ས་བདག་རྨེ་བ་ཆགས་པ་རྣམས་ཚང་བ་འདི  །གསོ་རུ་མི་རུང་སྤང་བར་བྱ། །དེ་གཉིས་ཙམ་འདྲེས་པ་ནི་གསོ་བ་ཙམ། །རྒྱལ་པོའི་ཕོ་བྲང་བཏབ་པ་སྟོད་སྨད་ཀུན་ལ་ཁྱབ་པ་ལ༌།  །ནད་གཞི་ཚེ་སྔོན་ལས་ཀྱི་འབྲས་བུ་སྨིན་པའི་རྟགས་མེད་ན། །དེ་ནི་གསོ་བ་དཀའ་བ་ཙམ་ཡིན། །དམངས་ནི་གྲོང་ཁ་ཡན་པ་མང་ཡང་སྤོ་སླ་བ་ལྟར་ལ། །ན་ལུགས་རྟོག་པ་སྣ་ཚོགས་མགུལ་འཕྲིག་སོགས་གྲངས་མང་ཡང༌། །གོང་གི་སྤང་བའི་སྐབས་དེ་རྣམས་ལས་བཟློག་པ་གསོ་བ་སླ་ཡན་ལག་བརྒྱད་པར། ཀུན་ལ་ནད་རྒྱས་ལས་འབྱུང་དང་།གང་ཡང་འཆི་ལྟས་ཤར་བ་དང་། །རུས་རྐང་ཁུ་ཆུ་ཟུངས་ཤོར་སྤང་། །ཐོིག་མ་ཁོ་ནར་ནད་བརྟགས་ལ། །དེ་ནས་གསོ་བ་བརྩམས་པར་བྱ། །གཞན་དུ་རང་དོན་ཉམས་པ་དང་། །གྲགས་པ་ཉམས་པ་ཉིད་ཐོབ་འགྱུར། །ཞེས་གསུངས་པ་ལྟར་རོ།།  

སྤྱི་དོན་ལྔ་པ་བཅོས་པའི་ཐབས་ལ་རྣམ་པ་གསུམ། །གནོད་པ་བསྲུང་ཞིང་ཞུགས་པ་དབྱུང་བ་དང༌། །ཐ་མ་ལུམས་པའི་དུས་སུ་ཚེ་བསྲིང་བའོ། །དང་པོ་གནོད་པའི་དུས་སུ་བསྲུང་བ་ནི། །མ་རུངས་གདུག་པ་འདུལ་བར་མཛད་པའི་འགྲོ་བའི་མགོན། །མཐུ་སྟོབས་བདག་པོ་ཕྱག་ན་རྡོ་རྗེ་ཡི། །སྙིང་པོ་བཟླས་པས་ཀླུ་ཡི་དུག་རྣམས་སེལ། །ས་མུ་ཟི་སེར་པོ་རྡོ་ཅོང་ཞི་མཱུ་ལ་ར་མཉེ་བདུད་རྩིའི་དྲི་ཡིན་བཅུད་ལེན་བྱེད་ཐབས་རྒྱུད་འདིི་ཉིད་ཀྱི་སྟོབས་གསོ་བའི་སྐབས་ལྟར་གྱིས། །ཆུ་སེར་མི་སྐྱེ་གདོན་རྣམས་ཐུབ་པར་འགྱུར། །གཉིས་པ་བར་དུ་ཞུགས་པའི་དུས་སུ་དབྱུང་བ་ནི། །སྔོན་འགྲོ་རྒྱུ་རྐྱེན་ཆུ་སེར་སྦྱང་བ་དང༌། །དངོས་གཞི་གདུག་པའི་དུག་ནད་གཞོམ་པ་དང༌། །རྗེས་གཅོད་ཀོ་ལེ་ནད་ཀྱི་གདོན་ཐབས་དང༌། །གང་དགོས་རྟེན་འབྲེལ་མདངས་སྟོབས་གདབ་པ་དང༌། །ནད་ཐོན་མ་ཐོན་བཏང་རན་བཟུང་ཚད་བསྟན། །དང་པོ་ནད་ཀྱི་རྒྱུ་དང་གདོན་གྱི་རྐྱེན། །ཆུ་སེར་ལྟོ་དང་རྩ་ནས་སྦྱང་པ་ནི། །ཁྲུས་དང་སྐུ་མཉེ་སྦྱོངས་ཀྱི་སྔོན་འགྲོ་སྤྱི་དང་འདྲ། །བ་ཆུར་དུར་བྱིད་ལྕུམ་རྩ་འབྲས་བུ་ཨ་བར་སྐྱུར་གསུམ། །སྔོན་བུ་བསྡུས་ཁུར་ཆུ་སེར་སྨན་སྤོས་སོ་ཐལ་གསུམ་དང༌། །གུ་གུལ་བྱི་ཏང་ག་བཏབ་རྒྱུན་སྦྱོངས་བྱ། །ཡང་ན་ལྟོ་དྲའི་བཀྲུ་སྨན་ནི་འབྲས་བུ་ཨ་བར་སྐྱུར་གསུམ་དང་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ། །དུར་བྱིད་དནྡ་དོང་ག་བྱ་ཀྲྀ་ཀཎྚ་ཀ་རཱི་དང༌། །ཧོང་ལེན་ཤུ་དག་བོང་ང་ནག་པོ་ཙི་ཏྲ་ཀ །པ་ཏྲ་གུ་ཡུ་རྣམས་ཞོ་གཉིས་དང་ཤྲཱི་ཁཎྜ་ཞོ་བརྒྱད་རྣམས་ཕྱེ་མ་བཏགས་པའི་ལྡེ་གུའམ། །མར་དུ་སྨན་མར་སྤྱི་ལྟར་བསྐོལ་ལ་ལྟོ་སྲའི་ཡན་ལག་བརྒྱད་པར། མཛེ་ཅན་ཀུན་ལ་ཐོག་མར་ནི། །སྣུམ་བླུགས་ལས་ནི་གསོ་བར་བྱ། །ཞེས་པ་དང་མཐུན་ནོ། །བཀྲུ་སྨན་ཞེས་བྱ་བ་འདི་ཉིད་སྦྱར། །དེ་རྗེས་རྩ་ནས་སྦྱང་བ་སྤྱི་སྨན་ལ་ནི་ཕྱི་རྒྱུད་ཀྱི་རྩ་སྦྱོངས་ལྟར་ལ་བྱང་པ་ནི་རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས། མན་ངག་དུ་མའི་གསང་གཏམ་དུ། །བྱང་ནག་སྨན་གྱི་མཆོག་ཏུ་གསུངས། །ཞེས་གསུངས་པ་ལྟར་མཛེ་ནད་ལ་བྱང་ནག་མཆོག་ཏུ་ཕན་པ་དབང་གི་མྱོང་བས་ཀྱང་ལན་མང་དུ་གྲུབ་པ་ཡིན་ནོ། ཆུ་སེར་ལ་ཆུ་སེར་སྨན་སྤོས་སོ་ཐལ་གསུམ་གདོན་ལ་གུ་གུལ་གླ་རྩི་ལྔ་པོ་། །གདོན་དང་ཆུ་སེར་སྦྱང་ཕྱིར་མདེ་ཁ་བསྒྱུར། །གློ་སྦལ་རྒྱབ་ཅུ་གང་སྙིང་ཛཱ་ཏི་གངས་ཐིག་མཆིན་གུར་གུམ་ཨ་བྷི་ར་མཆེར་ཀ་ཀོ་ལ་པ་ཏོ་ལ་མཁལ་མ་སུག་སྨེལ་གསེར་ཕྱེ་ཤ་འབྲི་ཏ་ས་འཛིན་རུས་སེང་ལྡེང་དང་རྩ་ལྕམ་པ་སྟེ་སྨན་མར་སྤྱི་ལྟར། །གང་བབས་ནད་སྟེང་ཁྲིད་པའི་ནང་ཡན་སྦྱར། །བཏང་ཐབས་ལྕག་དང་ལོག་གནོན་རྗེས་གཅོད་རྣམས།  ཕྱི་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་མདོ་རུ་ཤེས་པར་བྱ། །སྟོན་དཔྱིད་དབྱར་དང་དགུན་ར་བ་བཞི་ལ་རྩ་ལྟོ་ལན་རེ་སྦྱང་བ་གཅེས། །མཛེ་ནད་ཀྱི་རྒྱུ་རྐྱེན་ཆུ་སེར་མེད་པར་བྱས་ན་འབྲས་བུ་མཛེ་སོས་པའི་མཐུ་ག་ལ་འབྱིན། །གཉིས་པ་གདུག་པའི་དུག་ནད་གཞོམ་པ་ལ། །ཟས་དང་སྤྱོད་ལམ་སྨན་དཔྱད་རྣམ་པ་བཞི།  །དང་པོ་ཁ་ཟས་དཀར་གསུམ་དང་མངར་གསུམ་གྱི་རྣམ་པ་དང༌། །རུལ་བ་མི་འཇུ་ཞིང་སྐྱུར་ཆུ་སེར་སྐྱེད་ཚྭ་ཁྲག་སྐྱེད་དང་སྔོ་ཚོད་རྩ་སྒོ་འགེགས་འཇིག་ཉ་ཕག་གི་ཤ་དང་བྲ་འོ་རྣམས་ཡིན་ཟས་ཡུལ་སྤང༌། །འབྲུ་རྙིང་ཤ་གསར་པ་དང་ཤ་སྐམ་མ་རུལ་བར་ཡིབ་པ་དང་ཕྱེ་ཐུག་དང༌། །ཆབ་ཚ་ཕྱེ་ཐུག་ཚ་རྡོར་མེད་པ་ཆང་དྲི་དྲོ་ཙམ་གྱི་སིངས་པོ་བརྡ་བྲོ་ཡོད་ཙམ་ཆུ་གྲང་བསྟེན། །གཉིས་པ་སྤྱོད་ལམ་ཆགས་པ་དྲག་ཤུལ་ཉིན་མོའི་གཉིད། །མི་གཙང་བའི་བཙོག་གྲིབ་གཉན་པའི་ས་ཕྱོགས་སུ་ཐུབ་ཆོད་སྤྱོད་པ་རྩིང་པོ་ཀུན་ལ་འཛེམ། །གསུམ་པ་སྨན་སྦྱོར་ཐང་ཕྱེ་རིལ་བུ་ལྡེ་གུ་དང༌། །སྨན་མར་ལྔ་ལས་དང་པོ་ཐང་སྦྱོར་ནི། །སེང་ལྡེང་ནིམ་པ་སླེ་ཏྲེས་པ་ཏོ་ལ་སྤོས་སོ་ཆ། །བྱི་ཚེར་ལྔ་ཡིས་ཆུ་སེར་རང་སར་སྐེམ། །སེང་ལྡེང་ཆིག་ཐང་མཛེ་ནད་འཇོམས་པའི་མཆོག །གཉིས་པ་ཕྱེ་མ་ཅོང་ཞི་སྦལ་རྒྱབ་ཆིག་ཐུབ་སྦལ་འབྲུམ་མེད་པའི་དཀར་སྨུག་གཉིས། །རྡོ་བེ་སྣབས་དཀར་ལ་དམར་བ་སྣ་རིང་འཇམ་པ་ཞིག་ཡོད་དེ་ངོ་མི་ཤེས་སམ་གྲུ་བཞི་ཕ་བོང་ལོང་བུ་རྡོ་དཀར་པོ་རྒྱུས་པ་འདྲ་བ་མཉྫི་ར་མཆིན་པ་འདྲ་བ་དེ་མཆོག་སྲན་མ་གང་ཟླུལམ་འདྲ་བ་ཐ་མའོ། །གསེར་རྡོ་དངུལ་རྡོ་ཟངས་རྡོ་ལྕགས་རྡོ་དང་ཚ་ལ་མཚལ། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཆུ་སེར་སྨན་སྤོས་སོ་ཐལ་གསུམ་འབྲས་བུ་ཨ་བར་སྐྱུར་གསུམ། །གུ་གུལ་གླ་རྩི་མུ་ཟི་སེར་པོ་ཙི་ཏྲ་ཀ །གསེར་གྱི་མེ་ཏོག་མ་ནུ་རུ་རྟ་དང༌། །སེང་ལྡེང་ཀ་ར་སྦྱར་བས་ཆུ་སེར་སྐེམ། །ཀྱི་ལྕེ་མིང་ཅན་ལྷོག་དུག་པ་སེར་ནག་ཟུར་ལུགས་བྲག་སྤོས་བྲི་གུ་གསེར་ཐིགས་པ། །གླ་རྩི་གུ་གུལ་རུ་རྟ་སེང་ལྡེང་དང༌། །སྤོས་དཀར་ཀ་ར་སྦྱར་བ་བྱིས་པ་དྲི་ཆུས་དབུལ། །གྲང་ཤས་ཆེ་ན་ཨ་རུ་བཞི་བཙན་དུག་ཨ་རུ་གཅིག་གི་ཕྱེད་བསྣན། །ཀླུ་གཉན་ས་བདག་དུག་ནད་འཇོམས་པའི་མཆོག །གསུམ་པ་རིལ་བུའི་སྦྱོར་སྡེ་བྱ་ཁྱུང་རིན་པོ་ཆེ། །དང་པོ་བྱ་ཁྱུང་རྣམ་ལྔ་སྦྱར་བ་ནི། །ཤ་ཨ་རུ་གསེར་མདོག་རུས་རུ་རྟ་རྒྱུས་པ་ཤུ་དག་སྙིང་བཙན་དུག་ཁྲག་གླ་རྩི་བྱ་ཁྱུང་ལྔ། །ཨ་རུ་གསེར་མདོག་གམ་ནག་ཚུར་ཞོ་བཞི་རུ་རྟ་ཞོ་གཅིག་ཤུ་དག་ནག་པོ་ཞོ་གང་གི་སུམ་གཉིས་བོང་ང་ནག་པོ་གི་ཞོ་ཕྱེད་དང་གླ་རྩི་འབྲུམ་པ་ཅན་ཞོ་གང་གི་སུམ་ཆ་གཅིག་རྣམས་སྦྱར། །ཨ་རུ་བཙན་དུག་གམ་བོང་ང་ཞེས་པ་འདི་སྤྱིར་དུག་ཡོད་མེད་གཉིས། དུག་མེད་དཀར་དམར་སེར་གསུམ་དང་། དུག་ཡོད་ལའང་དཀར་སེར་ནག་པོ་གསུམ་ལས། དཀར་པོ་ནི་མེ་ཏོག་སྔོ་སྐྱ་ཅན་རྩ་བ་དཀར་སོབ་ཡོད་པ་དེ་ལ་ར་དུག་པ་ཟེར། མེ་ཏོག་མཐིང་ནག་རྩ་བ་ནག་པོ་ཐང་ཆུ་ཡོད་པ་དེ་ལ་ཧ་ལ་ནག་པོ་ཟེར་བ་དེ་ཡིན་རིམ་པས་ཞིབ་པར་བཏགས། །དེ་ནས་བསྲེས་ལ་སྐམ་འཐགས་འཐེམས་པར་བྱ། །བྱིས་པ་ལོ་བརྒྱད་པའི་དྲི་ཆུས་ཆུ་ཐགས་ཉིན་གསུམ་བྱ། །བྱང་བའི་ཚད་ནི་གནག་ལ་འཚེར་བར་འོང་། །གླ་རྩི་རིལ་བུ་བྱེད་ཁད་ཆུར་སྦྱངས་བཏང༌། །ཚ་ན་གི་ཝཾ་གྲང་ན་ནག་པོ་ཚན་དེ་པི་པི་ལིང་ཚ་གྲང་བསྒྱུར།  ཚ་གྲང་གང་ལའང་གུ་གུལ་ནག་པོ་གདོན་གྱི་གཉེན་པོར་གཅེས། །འབྲུ་ལྔས་ཨོཾ་ཧཱུཾ་ཏྲཾ་ཧྲྀ་ཨཿ དབང་བསྐུར་ཁྱུང་ངམ་ཕྱག་རྡོར་གྱི་ཏིང་ངེ་འཛིན་དང་ལྡན་པས་སྨན་ཟ། །བདག་ཉིད་ཡི་དམ་དུ་སྒོམ་པའི་ཐུགས་ཀ་ནས་ཧཱུཾ་པདྨ་དམར་པོ་འདབ་མ་བཞི་བ་ཁ་ཐུར་དུ་སྦུབ་པའི་སྟེང་ཨཱོཾ་མ་ཧྲི་ཁ་ཧྲི་ལྔ་དབུས་ནས་གཡོན་བསྐོར་དུ་བསྐོར་བས། ཁ་དོག་དཀར་པོ་ཁ་ཐུར་དུ་བསྟན་ནས་ཧྲིལ་ལེ་གནས་པར་བསམ་ལ། འབྲུ་ལྔ་པོ་བརྒྱ་རྩ་བཟླས་པ། ཡིག་འབྲུ་ལྔ་བདུད་རྩིར་ཞུ་ནས་སྐེ་ལྕེའི་སྟེང་དུ་བབ་པ་སྨན་ལ་གཏབ་པས། བདུད་རྩི་གྱུར་པའིི་ཟ་ན་གོང་བཞིན་བསམ་ལ། རིལ་བུ་མིད་པ་བདུད་རྩི་འགྲོ་འོས་ནད་རིགས་དང་གདོན་རིགས་དག་པར་བསམ་མོ། ཚེས་གཅིག་ནས་བཅུའི་བར་དུ་རིལ་བུ་རེ་རེ་ཚེས་བཅུ་ནས་ཉི་ཤུའི་བར་དུ་རིལ་བུ་གཉིས་རེ། །ཚེས་ཉི་ཤུ་ནས་སུམ་ཅུའི་བར་དུ་རིལ་བུ་གསུམ་གསུམ་ནུབ་མོ་དུས་འདས་སྲོད་ནམ་ཐོ་རངས་སུམ་ཡར་བཏང་།  དེ་ལྟ་བུ་ནད་ཐོགས་མར་ཞུགས་པའི་དུས་ནས་བཟུངལོ་རུ་བསྟེན་པར་བྱ། །དེ་ལ་བདེ་སྐྱེད་མེད་ན་ཤ་སྟེ་ཨ་རུ་ར་ཞོ་གཉིས་ཕྲི། །གཞན་སྔར་ལྟར་སྦྱར་བ་ལོ་དུས་བསྟེན་པས་མཛེ་རིགས་བཅོ་བརྒྱད་སེལ། །ཀླུ་ཡི་དུག་ནད་མ་ལུས་གཏན་ནས་འཇོམས། །དེ་རྣམས་ཀྱིས་སྐྱེད་མེད་ན་རིན་ཆེན་སྦྱོར་བ་དངུལ་ཆུ་དུག་ཕྲལ་ཏེ་བཙོ་བཀྲུ་བྱས་པ་ཞོ་གང་གི་བཞི་ནམ་སྟར་བུ་ཞོ་ཕྱེད་ཀྱིས་བཤིག་པ་དང༌། །མུ་ཟི་བཞིའམ་སེང་ལྡེང་ཁཎྜ་བཞིའམ་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཐུན་རེ། །ཆུ་སེར་སྨན་སྤོས་སོ་ཐལ་གསུམ་དང་གུ་གུལ་རྣམས་ཐུན་རེ་རེ་བྱ་ཁྱུང་ལྔ་བ་དང་སྦྱར། །ཀླུ་ཡི་གདོན་འཇོམས་ཆུ་སེར་རྩད་ནས་སྐེམ། །ཁྱད་པར་གྱི་སྦྱོངས་དངུལ་ཆུ་སྟར་བུས་བཤིག་པ་ཞོ་གང་ཞོ་ལྔ་་མུ་མེན་ཞོ་ལྔ་གསེར་ཐལ་ཞོ་གང་། །སྒྲོན་ཤིང་དེ་བ་དཱ་རུ་ཨ་རུ་ར་ཉག་རོ་ཙན་དན། །གུ་གུལ་དཀར་ནག་གླ་རྩི་སོ་མ་ར་ཛ་དང་། །ཐལ་ཀ་རྡོ་རྗེ་གཉིས་གང་འཛོམས་དག་དང་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག་དང་། །ཙན་དན་དཀར་པོ་གི་ཝཾ་སྒྲུབ་ཐོབ་ཀྱི་དྲི་ཆེན་རྣམས་ཞོ་རེ་རེ། །རིལ་བུ་གཅིག་གཉིས་གསུམ་དུ་བསྐྱེད་ལ་བཏང༌། །འདི་ཡིས་ལས་ཀྱི་རྣམ་སྨིན་ཡིན་སྲིད་ཀྱང༌། །ཚེ་འདིའི་མཛེ་ནད་ངེས་པར་ཤོལ་ཐེབས་འགྱུར། །བཏང་ཐབས་ལོག་གནོན་རིན་ཆེན་སྦྱར་སྡེ་ལྟོས། །ལྡེ་གུའི་སྦྱོར་བ་ལྕགས་ཕྱེ་ཙི་ཏྲ་ཀ །སྐྱུ་རུ་བྱི་ཏང་ག་དང་པི་པི་ལིང༌། །སྦྲང་སྦྱར་ལྡེ་གུས་མཛེ་ནད་རྒྱས་པ་འཇོམས། །སེང་ལྡེང་ལྕ་བ་ར་མཉེ་ཆ་མཉམ་པའི། །ཁཎྜ་སྦྲང་སྦྱར་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་བྱི་ཏང་ག །ཆུ་སེར་སྨན་སྤོས་སོ་ཐལ་གསུམ་དྲོད་སྨན་པི་ལིང་ཙི་ཏྲ་ཀ །ཁ་ཚར་བཏབ་པའི་ལྡེ་གུས་མཛེ་ནད་འཛོམས། །མུ་ཟི་ཨ་རུ་སྦྲང་དང་མར་སྦྱར་ཆ་མཉམ་སྟེ། །ཞོ་ཙམ་བསྐོལ་པ་ལྕགས་བྱང་མ་བྱང་ཞག་གསུམ་ཙམ་བཞག་པ་གཡའ་བསྒོས་པའི་ལྡེ་གུས་མཛེ་ནད་འཇོམས། །སྨན་མར་ཕྱི་རྒྱུད་ཀྱི་སེང་ལྡེང་སྨན་མར་ནི། ཡན་ལག་བརྒྱད་པར། སེང་ལྡེང་ནི་ནིམ་པ་བ་ཤ་ཀ །དུག་མོ་ཉུང་དང་འབྲས་བུ་གསུམ། །བྱི་ཏང་ག་དང་སླེ་ཏྲེས་དྲང་། པ་ཊ་ལ་དང་བ་གཅིན་སྦྱར། །ཕྱི་དང་ནང་ནས་བཏང་གྱུར་ན། །སྲིན་བུ་ལས་གྱུར་མོ་ནད་འཇོམས་ཞེས་སོ། །སེང་ལྡེང་སྨན་མར་དང་ཏིག་ཏའི་སྨན་མར་ཆེ་འབྲིང་ལ་ཁ་ཚར་སྦྲང༌། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཆུ་སེར་སྨན་སྤོས་སོ་ཐལ་གསུམ་ཁ་ཚར་བཏབ། །ཆུ་སེར་སྐེམ་ཞིང་ལུས་སྟོབས་རྒྱས་པར་བྱེད། །བཞི་བ་དཔྱད་དུ་དང་པོར་ནད་གདོན་གང་དུ་ཞུགས་པའི་རྩ་ངོས་ལ་གཏར་རླངས་པ་དབྱུང༌། །ཁྱད་པར་དཔྲལ་རྩ་ཆུ་སེར་གདོང་རྩ་གཏར། །གསུམ་པ་ཀོ་ལེ་ནད་ཀྱི་གདོན་ཐབས་ནི། །གདོང་ལ་ལུད་ན་བྱང་པ་རྒྱ་ཚྭ་དང་། །དུར་བྱིད་སྲུབ་ཀ་སྤྲུ་མ་གཟེ་མ་དང༌། །ཅུ་གང་ཆང་དང་སྦྱར་བ་དྲོད་ཕབ་མནན། །ལངས་ནས་བྱུགས་པས་གདོང་བཤལ་ཆུ་སེར་འདོན། །ཆུ་སེར་འབབ་ཐག་ཆོད་ནས་ལུག་སུག་ཐལ་བ་མར་དཀར་བྱུག །ཀོ་ལེར་སྦྲིད་བེམ་བཙགས་ལ་རྔབས་རྭས་དྲང༌། །ཡང་ན་དྲི་ཆུས་བཀྲུས་ལ་བྱང་པ་དང་། །དུར་བྱིད་རྒྱ་ཚྭ་སྔོ་ཡི་ཚ་བ་ལྕེ་དབྱི་སྲུབ་གསུམ། །གོང་ལྟར་མནན་ལ་བྱུགས་ཏེ་ཉི་མས་བསྲེག །ཡང་ན་སྔགས་ཀྱིས་ཆུ་སེར་དྲང་བར་རང་བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན་དུ་བསྒོམས་ལ། ཨོཾ་ཁྲིག་ཤེལ་བུག་ཤེལ་དྲལ་དྲལ་མ་ཐིལ་ཐིལ་ཛཾ་ལ་ཐིས་ཐིས་ལོང་ལོང་ནི་ལོང་ཧབ་ལོང་ཧུབ་ལོང་མི་ལྤགས་རིམ་དགུ་བྲི་བ་མི་ཁྲག་མངར་མོ་དྲོངས་ཤིག ཅེས་སྨྲ་བ་བཅད་དེ་ཁྲི་ཚོ་ལྔ་བཟླས་ལ་ཆུ་སེར་གང་ཡོད་ས་རྣམས་འཇིབ་པར་བྱ། །ཤ་རོ་གཙགས་ཀྱིས་དྲལ་ལ་ཟ་སྨན་དངུལ་ཐལ་ཤིང་ཚེར་མ་ཅན་ཐམས་ཅད་ཀྱི་ཐལ་བ་སྨྱུག་རྩེ་དང་སོ་མའི་རྩེའི་ཐལ་བ་ལ་དུར་བྱིད་རྒྱ་ཚ་ཤུ་དག་རུ་རྟ་ཡུང་པ་རྣམས་ཀྱིས་རེངས་བུ་གཞུག །སྐྱོན་དང་བྲལ་ནས་རྨ་ལ་འཚོ་སྨན་ཚ་ལ་དོམ་མཁྲིས་གུར་གུམ་གདབ། །སྨིན་མ་བྱི་ན་ཕག་ཚིལ་ཟེར་མོའི་ཁྲག །ཚྭ་དང་ལྡོང་རོས་བ་བླ་ཕག་གི་རྐང་མར་དང༌། །ཁམ་བུའི་རྩི་དང་སྦྲང་སྦྱར་བྱུགས་པས་འཚོ། །མཚུལ་པ་འགགས་ན་ཕྱི་རྒྱུད་ལྟར་སྣ་སྦྱོངས་ཡང་ཡང་བཏང༌། །གྲེ་བ་འགགས་ན་སྒང་རྩ་སྐྱོར་གོང་ཐོང་རྩ་གཏར་དང་དེ་སྨན་ལི་དྲུག་སོགས་སྦྱར་ནང་དུ་སྨན་ནུས་མ་ཐོན་བར་དུ་ཕྱིའི་བྱུག་པ་སྤངས། །བཞི་པ་རྟེན་འབྲེལ་མདངས་སྟོབས་གདབ་པ་ནི། །(མི་ཁྱི་ར་རྟ་མངལ་)ཁྲག་ལྔ་(སྦལ་སྦྲུལ་གྱི་)ཤ་གཉིས་(མི་དང་རྒྱའི་ནི་ཁྱི་རྒྱ་བོ་ཡིན་པ་དེའི་)ཚིལ་གཉིས་(གླ་རྩི་ཤུ་དག་ཤིང་ཀུན་མུ་ཟི་སྒོག་སྐྱ་སྤྲུ་རྩ་སྟེ་)དྲི་ཅན་དྲུག །བཙན་དུག་ཙན་དན་དེ་བ་དཱ་རུའི་མར་ཁུ་སྦྱར་ལ་ནད་ཡོད་ས་དང་མི་བདེ་བ་དང་ཤ་ཀྲ་ལ་བྱུག །ཤ་གཉིས་སྦལ་སྦྲུལ་ནག་པོ་གུ་གུལ་གླ་རྩི་ཤུ་དག་གསུམ་དང་རྟ་བོན་པོ། །དྲི་གསུམ་མུ་ཟི་ལྡོང་རོས་སྤྲུ་རྩ་གཞོབ་གསུམ་གླང་རུ་རྟ་རྨིག་རྨ་བྱའི་མདོངས་དུ་བས་བདུག་པར་བྱ། །བདུད་རྩི་རིལ་བུ་གྲུབ་པ་ཐོབ་པའི་དྲི་ཆེན་རྡོ་ལེབ་སྟེང་དུ་བྱུགས་ལ་ཉིན་གཅིག་སྐེམས་ཏེ་གུ་གུལ་དང་དྲི་ཆུས་འདམ་བཏགས་བྱས་ལ་རིལ་བུ་དྲིལ་འགྲིབ་བསྐམས་བྱས་པ་བཏང་བས་གདོན་འཇོམས་ཤིང་བྱ་ཁྱུང་ལྔའི་ནུས་པ་བསྐྱེད་པར་བྱེད་དོ། །ཉིན་མོ་གསུམ་ཡར་བཏང་། །དྲི་ཆུའི་རྟེན་འབྲེལ་ཕུལ་དགུ་ཤོང་བའི་རྫ་མར་སུམ་ཆ་མཚམས་སུ་ཐེམ་བུ་གཅིག་དང་དེ་འོག་སུམ་གཉིས་མཚམས་སུ་ཐེམ་བུ་གཅིག་གཙུགས་པ་དྲི་ཆུས་བཀང་སྔ་དྲོ་གཅིག་བཞག་ལ་ཐེམ་བུ་གོང་མ་ནས་ཕྱིར་ཕོ་བར་དེ་ལ་ཨ་རུ་ར་ཐུན་གཅིག་བཏབ་པ་སྐོམ་དུ་བཏང་སྙིགས་མ་དེ་ཕོ་དེ་མ་གྲུབ་ན་རང་གི་དྲི་ཆུ་བར་པ་བཏུང་ངོ་། །སྨན་འཇུ་གདོན་ནད་སེལ། །དང་ག་འགགས་ན་ཕྱི་རྒྱུད་ལྟར་སེ་འབྲུ་བཞི་པ་དང་བདུན་པ་སྦྱར། །དེ་ཡང་ཁྱད་པར་བྱ་ཁྱུང་ཟ་དུས་བསྟེན། །ལྔ་བ་ཐ་མ་བཏང་རན་བཟུང་ཚད་བསྟན་པ་ནི། །དང་པོ་སྨན་གྱི་སྦྱོར་བ་བསྟེན་པ་ཡིས། །ཇེ་བདེ་སོང་ན་ནད་ཞེན་ཆུང་བ་ཡིན། །ནད་ཀུན་སློངས་ན་གདོན་ཞེན་འབྲིང་པོ་ཡིན། །ཕན་གནོད་མེད་ན་གཏིང་ཞེན་ཆེ་བ་ཡིན། །ཞེན་ཆུང་ལོ་གཅིག་འབྲིང་ལོ་གཉིས་ཆེ་བ་ལོ་གསུམ་གྱི་བར་དུ་སྒྲིམ། །བར་དུ་མང་བསྟེན་བདེ་དང་ཉུང་བསྟེན་བདེ། །མང་དུ་བསྟེན་པས་མ་བདེ་ན་ཉུང་དུ་བསྟེན་པས་མ་བདེ་ན་མང་དུ་བསྟེན་གང་མ་བདེ་བ་དེ་ལས་བཟློག་ལ་བསྟེན། །ནད་འགོ་ཆོགས་རྟགས་སྙིང་རྩ་སེང་བ་དང༌། །ལུས་ཡང་ཁམས་དྭངས་དང་ག་བདེ་བ་དང༌། །སྣ་ཁྲག་འཛག་དང་དྲི་ཆུ་ཁྲག་ཏུ་དོན། །ཞུགས་སར་ཆུ་སེར་འདུས་ཤིང་རྣག་ཁྲག་འཛག །ལུས་ལ་ཀློག་ཤུ་གློག་ཤུ་བུད་དང་རྟགས་རྣམས་ཁད་ཀྱིས་ནུབ། །རྨི་ལམ་ལུས་ལས་སྲོག་ཆགས་འཐོན་པ་དང༌། །ཁྲུས་བྱས་བཤལ་བྱུང་སྣ་ཁྲག་ཟགས་པ་རྨི། །སྔར་གནོད་པའི་རྨི་ལྟས་སྲོག་ཆགས་ཆུ་ཤིང་སོགས་ནུབ་པ་དང་སྐམ་ཤིང་མེར་བསྲེགས་རླུང་ལ་འཕྱར་བ་དང་། །ལུས་ལ་མེ་འབར་ཉི་མ་ཤར་བ་འབྱུང༌། །མིག་རྩ་འགྱུར་བ་རྣམས་མིག་གི་ལྷ་མི་བདུད་བཙན་རང་སར་སངས་ཤིང་ཁུགས་པ་དང་གནོད་རྟགས་ཀྱི་མིག་རྩ་རྣམས་རྩེ་མོ་ཆད་པ་དང་རྩ་བཏུལ་བ་གང་བྱུང་རྣམས། །གདུག་པ་ཀླུ་ཡི་གདོན་དང་བྲལ་བའི་རྟགས། །དེ་རྟགས་མཐོང་ན་རིལ་བུ་རེ་རེ་དབྲི། །ཕྲི་བས་མི་བདེ་ན་སྣོན་བདེ་འབྲིད་པ་ཤེས་པར་བྱ། །བསྣན་པས་བདེ་ན་མ་ཐོན་ད་དུང་བསྲིང༌། །ཕྲི་བས་བདེ་ན་ནད་ཀྱི་རྩད་ཐོན་པས། །ལོ་དུས་བར་རིལ་བུ་དུ་མ་མ་བརྗེད་པར་རྒྱུན་པར་བསྟེན། །དེ་ཡིས་མི་ལྡོག་ཕྱི་རྗེས་ཆོད་པ་ཡིན། །ནད་འདི་ལུས་ཟུངས་ཀྱང་ནད་དུ་གྱུར་བའི་ཕྱིར་ཐོན་པར་དཀའ་བས། །བརྩོན་པས་དར་དྲག་ངང་གིས་སྙུགས་བསྲིང་བ་ཤིན་ཏུ་གཅེས། །ཡན་ལག་བརྒྱད་པར། མཛེ་ཅན་ནད་ལ་ལན་མང་སྦྱངས་གྱུར་ན། །དེ་ཡི་སྲོག་བསྲུང་མན་ངག་འབད་བྱ་སྟེ། །ནད་འདི་ལྷག་པར་ཕྱུངས་པས་ཉམས་ཆུང་ལ། །རླུང་ལྡན་མྱུར་དུ་གསོད་པར་བྱེད་པར་འགྱུར། །ཟླ་བ་ཕྱེད་ཀྱིས་སྐྱུགས་སྨན་བཏང་བ་དང་། །ཟླ་བ་རེ་རེ་ནས་ནི་བཀྲུ་སྨན་བཏང་། མགོ་བོ་སྦྱང་བ་ཞག་ནི་གསུམ་གསུམ་ནས།  །ཟླ་བ་དྲུག་ནས་ནི་གཏར་ག་བྱ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་ན་ནད་འདི་སྔོན་གྱི་ལས་ངན་ཏེ། །རི་ཀླུངས་རྒྱ་དང་ལམ་འཕྲང་བསལ་བ་དང་ཆུ་བསྐམས་པའི་ཉེའུ་ཉིད་ཆུར་འདོན་པ་དང༌། །ཆབ་གཏོར་དང་ཚོགས་འཁོར་དང་དགེ་སློང་བཞི་གྲྭ་ལ་གདུགས་ཆོད་འབུལ་བ་དང༌། །རྒྱལ་བའི་བཀའ་གསུང་རབས་བཀླག་སྡིག་སྒྲིབ་སྦྱང་ཞིང་དགྲ་ལ་སེམས་བསྐྱེད་བསྒོམ། །ཇི་ལྟར་བསྒོམ་ན་ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར་བ་ཐོག་མེད་ནས་ཕ་མ་ཡིན། །ཕ་མའི་ལན་ཆགས་བུ་ཡིས་སྦྱང་བའི་དོན་དུ། །སེམས་ཅན་སྤྱི་དང་སྒོས་གནོད་བྱེད་འབྱུང་པོ་དང་ཡང་སྒོས་རྩ་བའི་ཕ་མ་ལ་སེམས་བསྐྱེད་ལ། །རང་གི་ལུས་ངག་ཡིད་དང་ལོངས་སྤྱོད་སེམས་ཅན་ཐམས་ཅད་ལ་འཕོངས་པ་མེད་པས་སྦྱིན་པའི་བློས་ལིངས་ཀྱིས་ལྷག་མེད་དུ་བཏང༌། །ངེས་དོན་དུ་རང་གི་ལུས་སེམས་དང་གཞན་ནད་གདོན་ལ་སོགས་པ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་མ་གྲུབ་པའི་ཕྱིར། །གང་ཟག་དང་ཆོས་ཀྱི་བདག་མེད་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་ལ་རྒྱུན་དུ་བལྟ། །ཐ་མ་མཛེས་ལུམས་དུས་འཕྲུལ་དུ་བདེ་བའི་ཕྱིར་སྦྱོངས་དང་ནད་གང་རྒྱས་པའི་རྩ་ལ་གཏར་བ་གཙོ་ཆེའོ། །གནོད་པ་སྤང་ཞིང་རིལ་བུ་སྨན་མར་བསྟེན། །དེ་ཡིས་ནད་ཁ་བྲི་ནས་ཚེ་རིང་འགྱུར། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གདུག་པ་ཀླུའི་གདོན་ནད་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ།  །དེ་ལྟར་ལེའུ་ལྔ་ནི་གདོན་གསོ་བའི་སྐབས་ཏེ་བཅུ་གཅིག་པའོ། །དེ་ལྟར་ལེའུ་ལྔ་སྐབས་གཅིག་གིས་ནི་གདོན་ནད་གསོ་བ་སྟེ་ཡན་ལག་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།