སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གོ་གཉིས་པ། བུ་མེད་པ་བཙལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གོ་གཉིས་པ། བུ་མེད་པ་བཙལ་བ།

          དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རོ་ཙའི་ཡན་ལག་གི་བུད་མེད་པས་བུ་བཙལ་བའི་ཐབས་ལ་སྟེ། །དེ་རྒྱུ་གདོན་དང་འདུ་བ་རོ་ལུས་དང༌། །བུ་རྩི་བུ་མི་འབྱུང་བའི་སྨན་བཏང་དང་མོ་གཤམ་རྣམ་པ་ལྔ།།

          སྤྱི་དོན་དང་པོ་མོ་རྩིས་ཕྱྭ་ལས་བརྟག་པར་བྱ། །ཞི་བ་དང་དྲག་པོའི་སྔགས་ཀྱིས་གདོན་དེ་བཅོས། །གཉིས་པ་འདུ་བ་རླུང་མཁྲིས་བད་ཀན་རྣམ་པ་གསུམ།  །རླུང་གིས་ཟླ་མཚན་སེར་ལ་དུས་མིན་འཛག །མངལ་གྱི་ཁ་ཧར་པོར་ཡོད་པར་སེམས་ཞིང་སྐབས་སུ་ཟླ་མཚན་སྡོམ་ཞིང་རྒྱུ་ཞབས་སྦོ།  །མཁྲིས་པས་རྒྱུ་ཞབས་ཚ་འབྲབ་བྱེད་ཅིང་ཟླ་མཚན་དུད་ཁུ་དང་རྣག་ཏུ་འབྱུང༌། །བད་ཀན་གྱིས་ནི་རྒྱུ་ཞབས་བསིལ་ཞིང་མངལ་ཁྲག་ཞོ་ཁ་སྟེ་ཆུ་འདྲ་བ་འཛག །དེ་བཅོས་པའི་ཐབས་ནི་རླུང་ལ་ནང་ནུབ་སྒེ་གཤེར་ཐང་བཏང་ཞིང༌། །འབའ་ཆ་འབྲུ་ཡི་དུགས་ཀྱིས་རྒྱུ་ཞབས་བདུག །དེ་རྗེས་ཕྱི་ཡི་རྩ་གཤེར་གོང་དུ་མོ་ནད་སྤྱི་བཅོས་ལྟར་རེང་བུས་བསལ། །དེ་འོག་རྒྱུ་བཅུད་གཟེ་མའི་ཐང་བཏང་ལ། །གོང་གི་མོ་ནད་སྤྱིར་གསོ་བའི་མར་བཅུད་སྦྱོར་བས་ཕྱི་རྗེས་བཅད་པར་བྱ། །མཁྲིས་པ་དང་བད་ཀན་ལ་མེ་ཏོག་སྣ་ཚོགས་དུགས་ཀྱིས་རྒྱུ་ཞབས་སུ་བདུག །དེ་ནས་ཁྲུས་གཤེར་ཆེན་མོགོང་གི་མོ་ནད་སྤྱི་བཅོས་སྐབས་ལྟར་ཁོང་སྦྱངས་ལ། །དེ་རྗེས་ཕྱི་ཡི་རྩ་གཤེར་གོང་གི་མོ་ནད་སྤྱི་བཅོས་ལྟར་མངལ་སྐྱོན་བསལ། །དེ་རྟིང་རྒྱུ་བཅུད་སྦྱོར་བས་ཕྱི་རྗེས་བཅད། །གསུམ་པ་མངལ་དུ་བུ་ལུས་བུ་རོ་ནད་རོ་ལུས། །ནད་ལུས་བུ་བཙས་རྗེས་ལ་ཁྲག་རོ་ལུས། །མངལ་ཁ་འཆུས་པས་མངལ་ནང་ཁྲག་སྐྲན་ཆགས། །བུ་རོ་དང་ནད་རོ་གང་ཡིན་གྱུར་ཀྱང་བུ་ཆགས་པ་བཞིན་དུ་འདྲིལ། །སྐབས་སུ་རྒྱུ་ཞབས་དང་མཁལ་མ་དང་ཚིགས་པ་རྣམས་ན། །མངལ་ཁྲག་དམར་རྩའམ་རེས་འགའ་ནག་པོར་འཛག། །དེ་ལ་ནང་ནུབ་སྒ་སྐྱའི་ཐང་བཏང་ལ། །བྱ་བྲ་ཕུག་རོན་གྲོག་ཞིང་ཁང་ཐོག་ཏུ་ཆགས་པའི་སྤང་གི་རྣམ་པ་སྔོ་ཙམ་གོ་བ་སྒྲུབ་ལ་ཆག་གིས་ཁ་སྤྲུ་བཏབ་ལ་བརྔོས་པ་དག་གིས་རྒྱུ་ཞབས་བདུག །དེ་ནས་ཨ་རུ་མཆུ་སྙུང་གཅིག་དྭ་ཚ་ཤིང་ཚ་མ
ཐུག་པོ་
རྩབས་ཤིང་ལྕུམ་ཙ་གསུམ། །སོ་སོར་བསྡུས་ནས་བསྲེས་པའི་ཁུ་བ་ལ། །དུར་བྱིད་ཞོ་གང་ཁྲོན་བུ་རིལ་མ་ཙམ་འོལ་མོ་ཞོ་གང་རྒྱ་ཚྭ་ཞོ་གང་དང༌། །ཤིང་ཚ་ཞོ་ཕྱེད་བཏབ་ལ་ཁྱེའུ་སུས་ཐོ་རངས་དུས་ན་བཏང༌། །མ་ཐེབས་རྒྱ་ཚྭ་ཕྲུ་བའི་དྲེག་པ་ཆ་གཉིས་འོལ་མོ་ཆ་གསུམ་དང༌། །ཤ་རུས་ཐལ་བ་ཆ་བཞི་རིམ་སྐྱེད་ཆང་སྦྱར་བཏང༌། །ཡང་ན་ཚ་བ་གསུམ་བྲེ་ཕྱེད་དང་ཨ་རུ་ར་ལྔ། །རྒྱམ་ཚྭ་ཤོ་ཙམ་དྭ་ཚ་ཞོ་གང་ལྕུམ་རྩ་ཞོ་གང་རྣམས་སོ་སོར་ཆུར་བསྡུ། །ཁུ་བ་བསྲེས་པ་དུར་བྱིད་མཛུབ་མོ་ཙམ་འོལ་མོ་ལུག་རིལ་ཙམ་དང༌། །རྒྱ་ཚྭ་ཞོ་གང་ཤིང་ཚ་ཞོ་ཕྱེད་བཏབ་ལ་ཐོ་རངས་བཏང༌། །ཟུག་གཟེར་སྐྱེད་ན་ཕོ་བར་རྡོ་དུགས་དང་རྒྱུ་ཞབས་འབྲུ་ནས་ལ་སོགས་པས་དུགས་བྱ། །གལ་ཏེ་སྦྱོངས་ཀྱི་མ་ཕིགས་པ་སྲིད་ན་རྒྱ་ཚྭ་ཆང་དང་སྦྱར་ལ་བཏང༌། །བུ་རོ་མངལ་སྐྲན༌རྣག་འཐུམས་ཁྲག་ཚབས་དང༌། །མངལ་ཁ་འཆུས་ཏེ་བུ་མེད་བུ་སྐྱེད་དོ། །དེ་རྟིང་ཕྱི་ཡི་རྩ་གཤེར་ཆེན་མོས་མོ་ནད་སྤྱི་བཅོས་ཀྱི་སྐབས་ལྟར་སྦྱང༌། །དེ་འོག་རྒྱུ་བཅུད་གཟེ་ཆང་ཕྱི་རྗེས་བཅད། །ལོ་གཅིག་བར་དུ་དྲོད་བསྟེན་ཟས་སྤྱོད་གཟབ། །བཞི་བ་བུ་རྩི་བཏང་བས་མངལ་ཁྲག་ཆད་དམ་རྟག་ཏུ་འབྱང༌བ་ལ། །ནང་དང་ཕྱི་ཡི་རྩ་གཤེར་མོ་ནད་སྤྱི་བཅོས་སྐབས་ལྟར་རིམ་པས་སྦྱར། །དེ་རྗེས་གཟེ་མའི་ཆང་དང་ཁྲག་བཅུད་མོ་ནད་སྤྱི་བཅོས་སྐབས་ལྟར་སྦྱར། །ལྔ་བ་མོ་གཤམ་མངལ་ཁྲག་མང་ལ་མདོག་མི་འགྱུར། །ཟླ་བ་རེ་རེ་བཞིན་དུས་ཚོད་ཐོག་མངལ་ཁྲག་འབྱུང་བ་སྟེ། །དེ་ལ་ནི་ཐབས་ཀྱིས་བཙལ་བར་ནུས་མ་ཡིན། །དེས་ན་མཚན་ཉིད་དང་ལྡན་པའི་གྲོགས་སུ་བཙལ་བར་བྱའོ། །ཞེས་གསུངས་ནས་དྲང་སྲོང་རིག་པའི་ཡེ་ཤེས་དེ་སྨན་པའི་རྒྱལ་པོའི་སྐུའི་ལྟེ་བར་ཐིམ་པར་གྱུར་ཏོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བུ་མེད་པའི་བུད་མེད་ལ་ཡང་བུ་བཙལ་བའི་ལེའུ་སྟེ་དགུ་ཅུ་རྩ་གཉིས་པའོ། །བུད་མེད་བཙལ་བ་འདི་ནི་རོ་ཙའི་ཡན་ལག་ཡིན་པས་སྐབས་དང་ཡན་ལག་ལ་བགྲང་བའི་ཚེ་རོ་ཙའི་ཁོངས་སུ་བསྡུའོ།། །།

 

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་གསང་བ་མན་ངག་གི་རྒྱུད་ལས་ལག་ལེན་དམར་ཁྲིད་མན་ངག་གི་རྒྱུད་ཅེས་བྱ་བ་རྫོགས་སོ།    །དེང་སང་གསོ་རིག་བྱེད་པོ་རྒྱུ་སྐར་ལྟར། །ཆེར་ཆེར་མང་ཡང་ལ་ལས་ཚིག་བཤད་ཙམ། །མཁས་ཀྱང་ལག་ལེན་གནད་ལ་རྨོངས་པར་བས། །ལ་ལས་ལག་ལེན་ཕིགས་ཀྱང་ཚིག་ལ་བླུན། །གཉིས་ཀ་འཛོམ་ཡང་ཕན་སེམས་ལྡན་པ་མེད། །དེ་ཕྱིར་དབུར་སྟོད་སྐྱུ་རའི་རིགས་སོན་ཅན། །དོན་གྱི་སྨན་པ་དགེ་སློང་གྲགས་པའི་མིང་། །ལྷག་བསམ་མ་སྨད་དྷརྨ་ཀཱིརྟི་ཡིས། །བེེཊཱུར་ཆེན་མོའི་རིགས་ལ་བཀྲུ་སྦྱངས་དག། །ཟིན་ནས་དགོས་དགུ་བསྩོལ་བ་ཇི་ལྟ་བར། །མན་ངག་ལག་ལེན་བརྒྱུད་པའི་གནད་ཀུན་ལ། །འཁྲུལ་མེད་མཆན་བུས་གོ་བདེར་བྱས་པ་འདི། །ལྷག་བསམ་ལྡན་པའི་སྨན་པ་ཡོད་སྲིད་ན། །ཕྱོགས་རེའི་མན་ངག་དམ་དུམ་གྱིས་ཚིམ་པའི། །བརྟུལ་ཞུགས་བོར་ལ་ཕྱི་མོ་འདི་འདྲ་བར། །སྦྱངས་ན་རང་གཞན་དོན་ཀུན་ཅིས་མི་འགྲུབ། །གཞུང་ལུགས་མ་སྦྱངས་སློབ་དཔོན་མ་བསྟེན་པའི། །སྨན་པས་ནད་པའི་དག་སེལ་ནུས་པ། །ལྟེས་དབང་ཡིན་གྱི་མཁས་པའི་ལག་རྗེས་མིན། །དེ་ཕྱིར་མཁས་པར་སློབས་ཤིག་ཤེས་ལྡན་རྣམས། །ཞེས་ཀྱང་དྷརྨ་ཀཱིརྟིས་སྨྲས་སོ། །དགེའོ།། །།

 

 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།